ཙ་ཡུས་ཕུན་ཚོགས།
རྒྱ་གཞུང་གིས་རྒྱལ་སྤྱིའི་གསར་འགོད་པར་རང་དབང་སྤྲད་མིན་ལ་མ་ལྟོས་པར་བོད་ཀྱི་མེར་བསྲེག་ལས་འགུལ་གྱི་མེ་ལྕེ་འདི་ཉིད་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་ཡོངས་དང་། སྒོས་སུ་ཆབ་སྲིད་ཆེད་མཁས་པ་རྣམས་ཀྱི་མིག་ལམ་ནས་དྲག་ཏུ་འབར་ཤིང་ཤུགས་ཀྱིས་མཆེད་ཀྱིན་པའི་མེ་ལྕེ་ཚ་བོ་ཞིག་ཏུ་གྱུར་བས། ཆབ་སྲིད་ཆེད་མཁས་པ་མང་པོ་ཞིག་གིས་རང་དབང་མེད་པར་བོད་ཀྱི་རང་ལུས་མེར་བསྲེག་ལས་འགུལ་གྱི་རྒྱབ་ལྗོངས་དང་གྲུབ་འབྲས་བཅས་ཀྱི་སྐོར་ལ་སྐད་ཆ་འདྲ་མིན་བརྗོད་དགོས་ཐུག་ཡོད།
དེ་ཡང་སྤྱི་ལོ༢༠༠༡༡ལོའི་ཟླ་༡༢ཚེས༧ཉིན་དབྱིན་ཇིའི་ཆབ་སྲིད་སློབ་སྟོན་པ་སྐུ་ཞབས་Jorman Wonthy ལགས་ཀྱིས་བོད་ཀྱིས་མེར་བསྲེག་ལས་འགུལ་འདི་ནི་བོད་དོན་འཐབ་རྩོད་ལས་འགུལ་གྱི་ཆེས་མཐའ་མ་ཡིན་སྲིད། ཅེས་སྡོམ་ཚིག་བཀོད་པའི་པའི་གནས་ཚུལ་ཏ་ཅེ་ཡོན་རྒྱ་ཡིག་དྲ་བར་བཀོད་འདུག་པ་དང་ལྷན་། པོའོ་ཞོན་རྒྱ་ཡིག་དྲ་བར་རྒྱ་ནག་གི་རྩོམ་པ་པོ་ཚོ་ཁྲང་ཆིན་གྱིས་(曹长青) སྤྱི་ལོ་༢༠༡༡ལོར་བོད་ཀྱི་མེར་སྲེག་ལས་འགུལ་ལ་རྒྱལ་སྤྱིའི་དོ་སྣང་ཤུགས་ཆེན་མ་བྱུང་བའི་རྒྱུ་རྐྱེན་ནི། བོད་ཀྱི་མེ་རྒོལ་ལས་འགུལ་སྤེལ་སྟངས་དང་། བོད་ཀྱི་མེར་བསྲེག་ལས་འགུལ་སྤེལ་མཁན་རྣམས་ཀྱི་ཆབ་སྲིད་དམིགས་དོན་གཉིས་ཀྱི་རྐྱེན་ཡིན། ཞེས་བཀོད་ཡོད། ཡང་རྒྱ་རིགས་རྩོམ་པ་བོ་ཝང་ལི་ཞོང་གིས་ཀྱང་བོད་ཀྱི་མེར་བསྲེག་ལས་འགུལ་འདི་ནི་རྣམ་པ་རླབས་ཆེ་བ་ཞིག་ཡིན་ཡང་དེར་མཐུན་གྱི་གྲུབ་འབྲས་ཐོན་རྒྱུ་ཤིན་ཏུ་དཀའ་ཚུལ་བརྗོད་ཡོད།
ཡང་ཤིན་ཐང་རིནབརྙན་འཕྲིན་ཁང་དུ་(新唐人电视台)ཐེ་པེའི་སློབ་ཆེན་གྱི་ཆབ་སྲིད་འཆད་ཁྲིད་དགེ་རྒན་ལང་ཅན་ཧ(梁建华)ལགས་ཀྱིས་གཏམ་བཤད་བགྲོ་གླེང་ཞིག་གནང་བའི་ནང་། ‘བོད་ཀྱི་མེ་རྒོལ་ལས་འགུལ་འདི་ནི་རང་དབང་འཐབ་རྩོད་ལས་འགུལ་གྱི་རྩེ་མོར་སོན་པ་ཞིག་དང་། ཁྱད་པར་བོད་ཀྱི་གནད་དོན་ཐོག་རྒྱལ་སྤྱིའོ་དོ་སྣང་འདྲེན་པ་དང་། རྒྱ་གཞུང་གི་དཔོན་རིགས་ཁག་གིས་བསམ་གཞིག་གསར་བ་བྱ་ཡུལ་རྣོ་ངར་ལྡན་པ་ཞིག་ཏུ་གྱུར་ཡོད། འདི་ནི་ང་ཚོས་རྒྱལ་སྤྱིའི་མི་རིགས་ཁག་གི་ཆབ་སྲིད་ལས་འགུལ་ཁྲོད་མཐོང་དཀོན་པའི་ལས་འགུལ་ཞིག་ཡིན། འོན་ཀྱང་ང་ཚོས་གསལ་བོ་བཟོ་དགོས་པ་ཞིག་ནི། བོད་ཀྱི་མེ་རྒོལ་བ་ཚང་མ་གྲྭ་བ་དང་བཙུན་མ། བླ་མ། གྲྭ་ཟུར་རྐྱང་རྐྱང་ཡིན་དགོས་པ་འདི་རེད། འདི་ནི་ཆབ་སྲིད་ཉམས་ཞིབ་པ་དང་ཆབ་སྲིད་པ་རྣམས་ཀྱིས་འགྲེལ་བརྗོད་བྱ་མི་ཐུབ་པའི་གནས་སྟངས་ཤིག་ཏུ་གྱུར་ཡོད། སྤྱིར་ཆབ་སྲིད་ཀྱི་ལས་འགུལ་གང་ཡིན་ཡང་ཆབ་སྲིད་གྱི་སྣེ་ཁྲིད་མཁན་དང་ཆབ་སྲིད་ཀྱི་ལས་འགུལ་སྤེལ་མཁན་མང་ཆེ་ཤོས་སྤྱི་ཚོགས་ཀྱི་མི་སེར་དཀྱུས་མ་དེ་འདྲ་དང་། སྤྱི་ཚོགས་ཀྱི་གནད་ཡོད་མི་སྣ་སོགས་ཡིན་པ་རེད། འོན་ཀྱང་བོད་ཀྱི་མེ་རྒོལ་བ་འདི་རྣམས་ནི་དགོན་སྡེ་ཁག་གི་ཆོས་ལུགས་ཉམས་ལེན་བྱེད་མཁན་དང་། ཆོས་ལ་སློབ་སྦྱོང་བྱེད་མཁན་རྐྱང་ཡིན་པ་རེད། དེ་བས་ཁོ་ཚོའི་ལས་འགུལ་གྱི་དམིགས་ཡུལ་ཀྱང་དགོན་སྡེ་དང་ཆོས་དད་རང་དབང་སོགས་ལས་མཚོན་མི་ཐུབ་ཅིང་། གལ་སྲིད་མཚོན་པའི་དབང་དུ་བཏང་ནའང་སྤྱི་ཚོགས་ཀྱི་མངོན་འདོད་འཁྲུལ་བ་མེད་པ་ཞིག་ཏུ་བརྩི་དཀའ་བ་འདི་རེད། ཅེས་བརྗོད་འདུག
ཡང་སྤྱི་ལོ༢༠༡༢ལོའི་ཟླ༣ཚེས་༡༠ཉིན་ཤིན་ཐང་རུན་ བརྙན་འཕྲིན་ ཁང་དུ། བོད་ཀྱི་སུམ་བཅུའི་དུས་དྲན་ཐེངས་ལྔ་གསུམ་དང་བོད་ཀྱི་མདུན་ལམ་གང་དུ་ཡོད།(西藏抗暴五十三载,西藏路在何方)ཅེས་པའི་རྗོད་གཞིའི་འོག་བགྲོ་གླེང་གལ་ཆེན་ཞིག་བསྡུས་པ་དང་། བགྲོ་གླེང་དེར་གདན་ཞུའི་བགྲོ་གླེང་བ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཟུང་དྲུང་དང་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་ལགས་དང་། ཕྱི་སྡོད་རྒྱ་རིགས་དམངས་གཙོ་ཚོགས་པའི་ཚོགས་གཞོན་ལྕམ་ཧྲིན་ཞེ་(盛雪)ལགས། ཤིན་ཐང་རིན་བརྙན་འཕྲིན་ཁང་གི་དཔྱད་གཞི་འཚོལ་སྒྲུབ་པ་ཧུན་ཧི(横河)ལགས་བཅས་མཉམ་བསྐོང་གིས་བོད་དོན་སྐོར་སྤྱི་དང་སྒོས་སུ་མེ་རྒོལ་གྱི་སྔ་ཕྱི་ལ་དཔྱད་ཞིབ་རགས་ཙམ་བྱས་པའི་ནང་། རྒྱ་རིགས་དམངས་གཙོ་ཚོགས་པའི་ཚོགས་གཞོན་ལྕམ་ཧྲིན་ཞེ་ལགས་ཀྱིས་གསུངས་དོན། མེ་རྒོལ་གྱི་གཙོས་པའི་བོད་ནང་གི་འཐབ་རྩོད་ཀྱི་དཀའ་སྡུག་ཁག་ནི་གུང་ཁྲན་ཏང་གི་དབང་ཆ་གཅིག་སྡུད་རིང་ལུགས་སྲིད་བྱུས་ཀྱི་གྲུབ་འབྲས་ལ་ངོས་འཛིན་རྒྱུ་ལས་གཞན་ཁག་འགེལ་ས་ཅི་ཡང་མེད། འོན་ཀྱང་བསམ་ཡུལ་ལས་འདས་པའི་ལས་འགུལ་སྤེལ་ཕྱོགས་དེར་གྲུབ་འབྲས་རྩེ་མོར་སོན་པ་ཞིག་མི་འབྱུང་བའི་རྒྱུ་རྐྱེན་ནི། ཉེ་ལམ་ཨ་རི་དང་ཡོ་རོབ་ཁག་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་དཔལ་འབྱོར་ཉམས་རྒུད་ཀྱི་དཀའ་ངལ་ཆེ་རུ་འགྲོ་བཞིན་པའི་རྐྱེན་དང་། ཨ་རབ་དྲག་སྤྱོད་ལས་འགུལ་ཤུགས་ཆེར་ཐོན་པ་བཅས་ཀྱི་རྐྱེན་གཉིས་ལས་གནས་སྐབས་བོད་ཀྱི་མེ་རྒོལ་ལས་འགུལ་ལ་གསར་ལམ་ཁག་གིས་དོ་སྣང་འདྲེན་མ་ཐུབ་པར་ལུས་པ་རེད་། ཅེས་དང་། མེ་རྒོལ་འདིས་གུང་ཁྲན་ཏང་སེམས་འགུལ་ཐེབས་པར་རེ་བ་རྒྱག་མཁན་ཡོད་ན་རྩད་ནས་ནོར་བ་ཡིན་ལ། གུང་ཁྲན་ཏང་གིས་ནམ་ཡང་མི་མང་གི་དཀའ་སྡུག་ཆེད་མིག་ཆུ་གཏོང་མི་སྲིད། ད་ལྟ་གུང་ཁྲན་ཏང་གི་གདུག་རྩུབ་མྱོང་མཁན་བོད་ཙམ་མ་
ཟད་རྒྱ་རིགས་མི་གྲངས་ས་ཡ་ཉིས་བརྒྱ་ལྷག་ཡོད། དེ་བས་བོད་ཀྱི་ཆབ་སྲིད་འཐབ་རྩོད་ཀྱི་ལམ་ཀ་གང་དུ་ཕྱོགས་ཀྱང་དང་པོ་གུང་ཁྲན་ཏང་རྩ་མེད་མ་བཏང་བར་རེ་བ་གང་ཡང་མེད། ཅེས་ཟེར།
ཤིན་ཐང་རིན་བརྙན་འཕྲིན་ཁང་གི་དཔྱད་གཞི་འཚོལ་སྒྲུབ་པ་ཧུན་ཧི་ལགས་ཀྱིས་གསུངས་དོན་ལྟར་ན། ད་ལྟ་བོད་ཀྱི་མེ་རྒོལ་གྱི་གྲུབ་འབྲས་ལ་སྡོམ་ཚིག་རྒྱག་རྒྱུ་ནི་དུས་ཚོད་སྔ་དྲག་ཡོད་པ་ཞིག་རེད། བོད་ཀྱི་མེ་རྒོལ་འདི་ལ་སྔ་ཕྱི་མ་གཏོགས་གྲུབ་འབྲས་རླབས་ཆེ་བ་ཞིག་ཐོན་རྒྱུ་ཡིན་པ་ནི་གནས་ལུགས་ཀྱིས་ཐག་གིས་བཅད་ཚར་ཡོད། འོན་ཀྱང་གྲུབ་འབྲས་དེར་རྔམ་དྲག་ལངས་པའི་བྱ་སྤྱོད་དང་། མེ་རྒོལ་གྱིས་རྐྱེན་པས་ཚོར་བ་མནོན་མ་ཐུབ་པར་ཧོལ་རྒྱུག་བྱེད་པ་ལྟ་བུའི་བྱ་སྤྱོད་སྤེལ་མི་ཉན། འདི་ནི་ཉེན་ཁ་ཞིག་རེད། མེ་རྒོལ་གྱི་ལོ་རྒྱུས་འདི་མི་སུ་གཅིག་གིས་ཀྱང་ནག་བསུབ་གཏོང་ཐུབ་པ་ཞིག་མིན། གུང་ཁྲན་ཏང་གིས་ཀྱང་ནག་བསུབ་གཏོང་མི་ཐུབ། དེ་བས་བོད་པ་རྣམས་ཀྱིས་མེ་རྒོལ་འདིའི་མེ་ལྕེ་གང་དུ་འཇོག་མིན་དེ་ཤིན་ཏུ་གལ་ཆེན་རེད། བོད་པ་ཙམ་མ་ཟད་རྒྱ་རིགས་ས་ཡ་མང་པོས་མེ་རྒོལ་འདི་ལ་གདུང་སེམས་མཉམ་བསྐྱེད་བྱེད་ཀྱིན་ཡོད། དམིགས་བསལ་རྒྱ་ནག་སྐམ་ས་ཆེན་མོ་ན་ཡོད་པའི་རྒྱ་རིགས་ཚོས་རྒྱ་གཞུང་གི་དྲིལ་བསྒྲགས་ག་འདྲ་བྱེད་མིན་ལ་མ་ལྟོས་པར་དོ་སྣང་འདྲེན་གྱི་ཡོད། རྒྱ་རིགས་ཚོས་བོད་ཀྱི་བློས་བཏང་ཆེན་པོའི་ལས་འགུལ་འདི་ལ་མིག་དཔེ་འཛིན་དགོས་ཀྱི་འདུག་ཟེར་ནས་བརྗོད་མཁན་མང་དུ་འགྲོ་བཞིན་ཡོད། གང་ལྟར་གུང་ཁྲན་ཏང་གི་དབང་སྤྱོད་མཇུག་རྫོགས་པའི་ཉིན་ནི་བོད་ཀྱི་མེ་རྒོལ་ལ་གྲུབ་འབྲས་རླབས་ཆེན་ཐོན་པའི་ཉིན་མོ་ཡིན། ཞེས་ཟེར།
ཨ་པོའོ་ལོའོ་རྒྱ་ཡིག་དྲ་བར་སྤྱི་ཚོགས་དཔྱད་བརྗོད་པ་ལུའུ་ཁུན་ལགས་ཀྱིས་རྩོམ་ཡིག་ཅིག་བྲིས་པའི་ནང་། བོད་ཀྱི་མེ་རྒོལ་འདིའི་མཇུག་འབྲས་ནི་རྒྱ་རིགས་མི་མང་གི་ལག་ཏུ་ཡོད། རྒྱ་རིགས་མི་མང་ས་ཡ་བདུན་བརྒྱ་ལྷག་གི་རྒྱབ་སྐྱོར་ཐོབ་པ་ཡིན་ན་བོད་ཀྱི་མེ་རྒོལ་ཀྱི་མེ་ལྕེ་འདིས་གུང་ཁྲན་ཏང་གི་སྒོ་ཁྱིམ་ཡོངས་སུ་བསྲེག་ངེས། བོད་ཀྱི་མེ་རྒོལ་འདི་བོད་ཙམ་མ་ཟད་རྒྱ་རིགས་མི་མང་ས་ཡ་གཅིག་སྟོང་སུམ་བརྒྱ་ལྷག་གི་ཆེད་དུ་འབར་གྱིན་པ་ཤེས་མཁན་དུ་ཡོད། རྒྱ་རིགས་མིང་རྣམས་གཉིད་ཚར་འདུག ཅེས་དང་། བོད་ཀྱི་བློས་བཏང་ཆེན་པོས་ལས་འགུལ་འདིའི་སྙིང་སྟོབས་ལ་སྔ་ཕྱི་མ་གཏོགས་གྲུབ་འབྲས་འབྱུང་ངེས། སྤྱི་ཚོགས་ཀྱི་གྲུབ་ཆ་གང་ནས་བལྟས་ཀྱང་སྙིང་སྟོབས་འདི་ལྟ་བུ་ནི་ཨུ་ཐུག་པའི་སྐབས་མ་གཏོགས་ཡོང་ཐབས་མེད། ཨུ་ཐུག་པའི་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་བཙན་པོ་ཡོད་ས་ཞིག་ལ་གྲུབ་འབྲས་མི་ཐོན་པ་ཡོང་མི་སྲིད། འདི་ནི་སྤྱི་ཚོགས་ལོ་རྒྱུས་འཕེལ་རིམ་གང་ནས་བལྟས་ཀྱང་གཏན་ཚིགས་ཀྱིས་སྒྲུབ་ཐུབ་པ་ཞིག་ཡིན། ཞེས་ཟེར།
དྲ་གྲོགས་ཙ་ཡུས་ཕུན་ཙོགས་ཀྱིས་ཡག་པོ་ཞེ་དྲག་བྲིས་འདུག་ ཐེངངས་ཤིག་བཀླགས་ཡིན
ཁྱེད་ཀྱིས་བསྡུས་བསྒྱུར་བྱས་པ་འདིས་རྒྱ་ཡིག་ན་གཅིག་མི་ཤེས་པའི་བདག་ལ་བློ་བསྐྱེད་ཆེ་ཙམ་བྱུང་ན།་་་་་་་
བཀའ་དྲིན་ཞུ།
དྲ་གྲོགས་རྣམ་པ་གཉིས་ཕེབས་ཏེ་བསམ་ཚུལ་བཏོན་པ་བཟང་། སྤྱིར་འུ་ཚོའི་ཆབ་སྲིད་ཀྱི་གོ་རྟོགས་ལ་རྒྱ་ནག་གི་ཤེས་ཡོན་པ་ཚོའི་སྐུལ་མ་རེ་ཡང་མཁོ་ངེས་པ་ཡིན་སྟབས། རྩོམ་ཡིག་འདིས་འུ་ཚོའི་ཆབ་སྲིད་ཀྱི་གོ་བབ་ལ་ཕན་ཐོག་འབྱུང་བའི་རེ་བ་བྱེད་ཀྱིན་ཡོད།
གྲོགས་པོའི་བསྒྱུར་བའི་རྩོམ་དག་ཅུང་ཙམ་འགོར་ཡོད་ན་ཡང་དངོས་ནས་ཡག་པོ་འདུག། མ་འོངས་བ་འདི་འདྲའི་སྐོར་མང་ཙམ་བསྒྱུར་སྤེལ་བྱེད་ཐུབ་ན་ལྷག་དུ་ཕན་ཐོགས་ཆེ་བར་འདོད
གྲོགས་པོ་ཕུན་ཚོགས་ལགས་ཀྱིས་དུས་ལ་བབ་པའི་རྩོམ་ཡིག་འདི་བསྒྱུར་བར་སྐོམ་པ་ཆུ་འདོད་ཀྱི་ཕན་ཐོགས་པར་ཐེ་མི་ཚོམ།
རྒྱ་རིགས་རྣམས་ཀྱིས་དཔྱད་བརྗོད་སྤེལ་སྟངས་འདི་ལ་བལྟས་རྗེས། ང་ཚོས་ཕྱོགས་གང་ལ་གཟབ་ནན་བྱེད་དགོས་ཀྱིན་ཡོད་མེད་དེ་ཤིན་ཏུ་གལ་ཆེ་གི དེ་མིན་དགོས་མཁོ་ཡོད་མེད་སོགས་ཀྱང་བཤད་ཚོད་མི་ཐུབ་པ་ཞིག་ཡིན་པ་རེད།
རྩོམ་ཡིག་འདི་འདྲ་གང་མང་མང་བསྒྱུར་རོགས་དང་འབྲི་རོགས་ཞུ།
སྐུ་ཞབས་ཙ་ཡུས་ཕུན་ཚོགས་ལགས་ཞེ་དྲག་ཡག་པོ་འདུག་བཀའ་དྲིན་ཆེ།
བརྙན་འཕྲིན་ཁང་གི་དཔྱད་གཞི་འཚོལ་སྒྲུབ་པ་ཧུན་ཧི་ལགས་ཀྱིས། དེ་བས་བོད་པ་རྣམས་ཀྱིས་མེ་རྒོལ་འདིའི་མེ་ལྕེ་གང་དུ་འཇོག་མིན་དེ་ཤིན་ཏུ་གལ་ཆེན་རེད་ཟེར་བས་ཚིག་འདི། དམར་གཞུང་གིས་བཤད་པ་ནང་བཞིན་བོད་མི་རེ་ཟུང་གིས་མེ་བསྲེགས་ཀྱི་ལས་འགུལ་འདི་འཚེ་བ་རེད་སྨྲ་མཁན་རྣམས་དང་། ཟམ་གདོང་ཐུབ་ལུང་སོགས་ཀྱིས་དཔའ་བོ་ཐུབ་བསྟན་དངོས་སྒྲུབ་ཀྱིས་རང་ལུས་མེ་བསྲེགས་བཏང་ནས་ག་རེ་ཕན་སོང་ངམ། ཞེས་བརྗོད་པ་སོགས་ལ་ཁྱེད་ཅག་གི་ཤེས་བཞིན་དུ་གསུང་གི་ཡོད་ན་གནས་ཚུལ་གཞན་ཞིག་རེད་མ་གཏོགས་བོད་མི་ས་ཡ་དྲུག་ཙམ་མ་ཟད་རྒྱ་རིགས་དུང་ཕྱུར་མང་པོ་ལ་ཕན་རླབས་ཆེན་པོ་ཡོད་པའི་ལས་འགུལ་རྩེ་སོན་ཞིག་ཡིན་པས་རྒྱ་ནག་སྐམ་ས་ཆེན་མོར་ཡོད་པའི་རྒྱ་རིགས་ཚོས་དམར་གཞུང་གི་དྲིལ་བསྒྲགས་ག་འདྲ་བྱེད་མིན་ལ་མ་ལྟོས་པར་དོ་སྣང་འདྲེན་གྱི་ཡོད། དེ་དེ་བཞིན་དུ་ཁྱེད་ཅག་གི་ཡང་གནས་སྐབས་ཀྱི་ཚོར་བ་ཙམ་མ་ཡིན་པ་ལོ་རྒྱུས་ཀྱི་རྡོ་རིང་ཞིག་ཏུ་བསམ་ན་ལེགས་སམ་སྙམ། ཞེས་འབོད་སྐུལ་བཤད་ཀྱི་ཡོད་པས་ང་ཚོ་བོད་མི་རྣམས་ཀྱིས་ངེས་པར་དུ་ཤེས་དགོས།
མིག་སྔའི་གནས་སྟངས་འོག་ནས་བལྟས་ན་མེ་རྒོལ་དཔའ་བོ་དཔའ་མོ་རྣམས་ཀྱི་བློས་བཏང་ལ་ཡི་རང་མི་བྱེད་མཁན་ཞིག་བྱུང་མེད་ཚོད་ཡིན། ཡིན་ཡང་སྐབས་འདིར་ཧུན་ཧི་ལགས་ཀྱིས་གསུང་དོན་ནི་བོད་པ་རྣམས་ཀྱིས་མེ་རྒོལ་བའི་གྲུབ་འབྲས་ལག་སོན་བྱུང་ཐབས་ཐད་འཆར་ཟིན་གང་ཞིག་འགོད་མིན་དེ་ཡིན་ཚུལ་བཤད་འདོད་པ་དེ་ཡིན།
དཔྱད་བརྗོད་བྱེད་སྟངས་དང་གྲུབ་འབྲས་ལ་སྡོམ་རྩིས་རྒྱག་སྟངས་གྱི་ཕྱོགས་ནས་གླེང་ཐུབ་ན་བཟང་གི
ཡག་པོ་བྲིས་འདུག གཞི་ཕྲའི་ཐོག་ནས་བརྗོད་འདུག དངོས་གནས་དགའ་བསུ་ཡོད། དེ་ལྟ་བུའི་རྒྱབ་ལྗོངས་ཅན་གྱི་རྩོམ་ཡིག་ཅིག་མཐོང་དགོས་ན་ང་ཚོའི་སྤྱི་ཚོགས་ཅུང་དཀའ་ཚོད་རེད།
གནད་དོན་འདིའི་ཐད་སྐད་ཆ་ཅི་ཞིག་བཤད་ཀྱང་རུང་། རྒྱ་གཞུང་གིས་འགྲེམས་སྤེལ་བྱས་པའི་བརྙན་འཕྲིན་ཐུང་ངུ་དེས་ངའི་སེམས་ཀྱི་དམིགས་གཏད་ཡོངས་སུ་འགག་པར་བྱས་སོང་བས་མི་ཚད། ད་དུང་ཆབ་སྲིད་པ་འགའ་ཞིག་གི་བྱེད་སྟངས་དང་བཤད་སྟངས་ཚང་མ་མཁས་ཉམས་སྐམ་པོ་དང་སྟོང་བཤད་ཁོ་ན་ཡིན་པའི་ཚོར་བ་ཞིག་སྐྱེ་རུ་བཅུག་བྱུང་། དོན་དངོས་ཐོག་ང་ཚོའི་འཐབ་རྩོད་པ་འདི་དག་གི་ཁྲོད་དུ་ཆབ་སྲིད་ཀྱི་གོ་རྟོགས་ཡོད་མཁན་ཅི་ཙམ་ཡོད་དམ། རྒྱ་གཞུང་གིས་བཙན་དབང་འོག་བཤད་དུ་བཅུག་པ་ཡིན་མིན་གང་ལྟར་ཡང་། བརྙན་འཕྲིན་ནང་གི་མེར་བསྲེག་མཁན་དང་དེའི་རོགས་འདེགས་པ། ད་དུང་དེ་དག་གི་ནང་མི་སོགས་ཀྱི་སྐད་ཆ་དང་རྣམ་འགྱུར་གྱིས་ང་ལ་དངོས་གནས་འདི་འདྲའི་ཚོར་བ་ཞིག་སྐྱེ་རུ་བཅུག་སོང་། ངའི་ཚོར་བ་འདི་གཞི་རྩ་མེད་པ་ཞིག་ཡིན་པར་ཤོག ངའི་ཚོར་བ་འདི་ན་ཚོད་མ་སྨིན་པ་ཞིག་ཡིན་པར་ཤོག ངའི་ཚོར་བ་འདི་རང་ཚུགས་མེད་མཁན་ཞིག་ཡིན་པར་ཤོག
བཀླགས་ཟིན། བསྐྱར་དུ་བསམ་གཞིག་བྱ་དགོས་པ་ཞིག་ཆགས་སོང་། ཐུགས་རྗེ་ཆེ།
ཡག་པོ་ད་འདུག འོན་ཀྱང་རྙིང་པ་རེད། ཁོ་རེ།
དེའི་དོནརྙིང་ནི་རྙིང་པ་རེད་མི་འདུག་
ཕལ་ཆེར་ རྙིང་པ་དེ་ནི ་ཇ་མའི་ཀླད་པ་ཡིན་ཀྱི་རེད་ ཁོ་རེ་།