དེ་རིང་ནི་རྒྱ་ལོའི་ཚེས་གཅིག་གི་ལོ་གསར་རེད། ཉི་ཤར་གྱི་དང་པོ། རྟེན་འབྲེལ་གྱི་མགོ་མ་འདིར། ངས་ཐོག་དང་པོར། ཉིན་འདིར་ལོ་གསར་གཏོང་བཞིན་པའི་འཛམ་གླིང་ཕྱོགས་མཐའི་སྐྱེ་ཕོ་མོ་ཐམས་ཅད་དང་། ལྷག་པར་དུ། དུས་བཟང་ཚེས་བཟང་འདིར་ལོ་སར་བཞིན་པའི་མདོ་ཁམས་ཀྱི་བོད་མི་ཡོངས་ལ། ལོ་འདིར། མི་ལ་ན་ཚ་གོད་ཁ་མེད་པར། ཞིང་ཕྱུགས་ལོ་ལེགས་ཡོང་པའི་སྨོན་ལམ་འདེབས།
ལོ་གསར་ལ་ནི། ད་ལྟ་འཛམ་གླིང་སྤྱི་ཡོངས་ཀྱི་ལོ་གསར་ཞིག རྒྱལ་ཁབ་རེ་ལ་ལོ་གསར་མི་འདྲ་བ་རེ་ཡོད་པ་ལྟར་རེད། ལོ་གསར་འདི། ང་ཚོའི་བོད་ལ་མཚོན་ན། དམིགས་བསལ་གྱིས་མ་འདྲ་བ་ཞིག་རེད། དེ་ནི་བོད་གཅིག་པོའི་ནང་ལ། ལོ་གསར་གྱི་དུས་ཚེས་མི་འདྲ་བ་དུ་མ་ཞིག་ཡོད་པ་རེད། དེ་ཡང་་རིག་གཞུང་ཕུན་སུམ་ཚོགས་པའི་རྒྱུ་ལས་མ་འདས། ལོ་གསར་མ་འདྲ་བ་དུ་མ་ཡོད་པའི་ནང་གི་གཅིག་ནི། དེ་རིང་དེ། རྒྱ་ལོའི་ཚེས་གཅིག་གི་ལོ་གསར་འདི་རེད། འདི་ནི་ཨེ་ཤར་གླིང་གི་ཡོངས་ཁྱབ་ཆེས་ཆེ་བའི་ལོ་གསར་དེ་ཡིན་པ་མ་ཟད། བོད་ནང་ལ་མཚོན་ནའང་། མི་གྲངས་ལ་དཔག་ན། ཕལ་ཆེར་ཨང་དང་པོ་དེ་ཟིན་མེད་ནའང་གཉིས་པ་དེ་ཟིན་ཡོད་པར་ཐེ་ཚོམ་མེད་པ་ཞིག་རེད། བོད་ནང་ལོ་གསར་མ་འདྲ་བ་དུ་མ་ཡོད་པའི་ནང་ནས་གོ་གནས་ཆེ་ཤོས་གྲས་ཟིན་པའི་ལོ་གསར་འདིར་རྣམ་རྟོག་བརྩི་བ་ལས་རང་ཉིད་ལ་རྣམ་རྟོག་བརྩིས་ན་འཚམས་ཤོས་རེད།
བོད་ལ་ལོ་གསར་གྱི་དུས་ཚེས་མ་འདྲ་བ་མང་པོ་ཞིག་ཡོད་པ་དེ་བཞིན་དུ། ལོ་སར་སྟངས་ཀྱི་གོམས་སྲོལ་ཡང་མ་འདྲ་བ་མང་པོ་ཞིག་ཡོད་པ་ལྟར་རེད། བོད་མི་འདུས་སྡོད་མང་སར་ལོ་གསར་ཡང་གྲ་རྒྱས་ཤིང་ཕུན་སུམ་ཚོགས་པོ་ཡོད་པ་རེད། དེ་མིན་ངའི་ཕ་ཡུལ་ལྟ་བུའི་འབྲོག་ཁུལ་དུ། གནས་སྟངས་ཀྱི་དབང་གིས་དེ་འདྲའི་གྲ་རྒྱས་པོ་མེད་ནའང་། སྣང་བ་སྤྲོ་བོ་དང་སྐྱིད་པོ་ཡོད། ང་ཆུང་བའི་དུས་ཀྱི་ལོ་གསར་དག་ཕལ་ཆེར་རིག་གསར་གྱི་སྐབས་ཤིག་ལ་ཁེལ་ཏེ་དུས་བདེ་གནས་འཇམ་ཞིག་མིན་ནའང་། ཕལ་ཆེ་བར་ལོ་གསར་གྱིས་ང་ལ་བག་ཆགས་གཏིང་ཟབ་དང་དགའ་སྣང་ཞིག་བཞག་འདུག་པས། ལོ་གསར་སྐབས་སུ། ནམ་ཡིན་ནའང་། དྲན་པའི་འཇོལ་མོ་འགོག་མེད་བྱིས་དུས་སུ་འཕུར་འགྲོ།
ངའི་དྲན་པའི་ནང་གི་ཆེས་ཐོག་མའི་ལོ་གསར་དེ། ཞེ་དྲག་སྤྲོ་སྣང་སྐྱེ་དགོས་པ་ཞིག་མིན། ད་ལྟའང་ཟ་མ་ཟི་དང་རབ་རིབ་ཅིག་དྲན་གྱི་འདུག དེའི་སྐབས་ཕལ་ཆེར་ང་ལོ་ལྔ་དྲུག་ཅིག་མིན་ནམ། ངེད་ཚང་གི་རུ། རི་མཐོན་པོ་ཞིག་གི་རྩར་ཁེར་འབབ་བྱས་འདུག ཁྱིམ་མཚེས་དེ་འདྲ་གཅིག་ཀྱང་མི་འདུག ལོ་གསར་གྱི་སྔ་དགོང་ནུབ་མོ་དེར། ངེད་ཚོ་བཟང་མི་ཚང་མས་གུར་ནང་། མེ་དམར་ཆིལ་ཆིལ་ཞིག་བུས་ནས། ཟས་ཞིམ་པོ་ཁ་ལ་ཟ་ཞིང་། ཧ་ཧ་ཧོ་ཧོའི་ངང་བསྡད་ཡོད་པའི་སྐབས་ཤིག་ལ། ཕྱི་ལོགས་སུ། ཁྱེད་ཚང་གི་མི་ཚང་མ་སྒོ་བུད་ཟེར་ནས་སྐད་རྒྱག་པ་གོ་བ་དང་། དང་པོར་ཨ་མ་དང་། དེ་ནས་ཨ་ཕ། ཨ་ཀ་བཅས་གཅིག་འཕྲོ་གཅིག་བྱས་ནས་སྒོ་བུད་སོང་། ང་ཡང་བྱིས་པའི་མཚར་སྣང་ཞིག་དང་བཅས་ཁོང་ཚོའི་རྗེས་སུ་དེད་ནས་སྒོ་བུད་པ་ཡིན། ནག་ཁུང་ནང་ནས་མི་སུ་ཞིག་ཡིན་མིན་ངོས་མི་ཟིན་ཡང་། གུར་ནང་གི་མེ་འབར་བའི་འོད་དེ། ཕྱེས་ཡོད་པའི་གུར་སྒོ་བརྒྱུད་ཕྱི་ལ་འཕྲོས་ཡོད་པ་ལས། རྟ་ཞོན་དང་གཡག་ཞོན་སྐོར་ཞིག་གིས་ངེད་ཚང་སྐོར་འདུག་པ་མཐོང་། མི་དེ་ཚོས། ཆི་ཟིག་རེད། ལྟོས་ར་ཟེར་བ་ལྟ་བུ་དང་། གཅིག་གིས་ནས་རེད་ཟེར་བ་ལྟ་བུ། བསང་སུས་ཧུད་ནི་རེད། ཁས་ལོངས་ཟེར་ལྟ་བུ་རེ་ལས་བྱིས་པ་ཆུང་ཆུང་ཡིན་ཙང་དྲན་ཡུལ་དུ་མི་འདུག
ཁོ་ཚོར་ལན་འདེབས་མཁན་ངའི་ཨ་མ་རེད། ངས་ཞི་ལིར་བསང་ཧུད་བཅུག་ནི་ཟེར། ངའི་ཕུ་བོ་ནི་ང་ལས་ལོ་གཅིག་གིས་ཆེ། དེ་སྐབས་ལོ་བདུན་ལ་སླེབས་ཡོད་མེད་ཅིག་ཡིན་རྒྱུ་རེད། དེ་ལྟར་ཡར་བཤད་མར་བཤད། ཕར་བཤད་ཚུར་བཤད་མང་པོ་ཞིག་བྱས་མཐར་ཁོ་ཚོ་བུད་སོང་།
ཕྱི་ཉིན་ནམ་ལངས་མ་ལངས་ཤིག་ལ། ངའི་ཨ་མས་ང་ཚོའི་གཉེན་ཉེར་འགྲོ་བའི་ཏོས་ཀྲང་ངམ་རུ་དཔོན་བུད་མེད་བསོ་ཇོ་ལ་ལོ་སྐལ་ལམ་རྔན་པ་ཞིག་ཁྱེར་ནས། གནམ་རྡོ་མགོ་ལྷུང་མ་ཡོང་བའི་ཆེད་ཁ་ཡག་བཤད་དུ་ཕྱིན་སོང་། ཨ་མ་དགའ་ནས་ཕྱིར་སླེབས་སོང་། བསོ་ཇོ་ལ་ལོ་སྐལ་བསྐྱལ་བས་དགའ་འདུག འོར་གི་ནས། དེ་མོ་དེ་མ་བྱེད་ཟེར་གི་ཟེར།
ཡིན་ནའང་། ངའི་ཨ་མས་ཨ་ཀ་ལ་བསང་ཧུད་འཇུག་རྒྱུ་དེ་འཆར་ཅན་འདྲ་ཞིག་རེད། མཚམས་རེར། ལོ་གསར་སྐབས། རི་མཐོན་པོའི་མགོ་ན་སོ་ལྟ་བྱེད་མཁན་ཡོད་པ་རེད་བསམས་དུས། ཐབ་བསང་ཧུད་འཇུག་གི་རེད། ཐབ་བསང་ནི། མེ་འབར་བཞིན་པའི་ཐབ་ཀའི་ནང་བསང་གཏོང་བ་དེ་རེད། སྤྱིར་བཏང་། རང་ཁྱིམ་གཅིག་པོ་མི་མེད་འབྲོག་སྟོང་ན་ཡོད་སྐབས། བསང་གུར་གྱི་ཕྱི་རུ་ཕུད་འཇུག་གི་འདུག མཚམས་རེར་ལོ་གསར་སྐབས། ངའི་ཨ་མས་བསྙུང་གནས་བསྲུང་གི་འདུག མི་གཞན་པ་དེ་འདྲ་ཡོང་ན་ཁ་ཤོར་འཇུག་གི་འདུག མི་གཞན་པ་མེད་སྐབས་ཡང་སྐྱར་ངག་སྡོམ་གྱི་འདུག
ལོ་གསར་ཉིན་དེ་ག་རང་ལ། བསྙུང་གནས་བསྲུང་བ། ཉིན་འདི་རིང་མ་གཏོགས་གོ་མ་མྱོང་། འདི་དམིགས་བསལ་ཅིག་འདུག ང་ཡང་་་
ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཡོད། ང་ལ་མཚོན་ན་ཡང་། ལོ་གསར་ལ་ངོ་མ་ཚོར་སྣང་དམིགས་བསལ་བ་ཞིག་སྐྱེ་གིན་འདུག མི་ཁ་ཤས་ཀྱིས་མདོ་ཁམས་ཀྱི་ལོ་གསར་འདི་རྒྱའི་ལོ་གསར་རེད་ཟེར། དེ་ཕལ་ཆེར་ལྟ་རྒྱ་ཆུང་དྲགས་པ་དང་། ཤེས་རྒྱ་དམན་དྲགས་པ། ད་དུང་བསམ་བློའི་ཐོག་གི་སྒེར་གཅོད་དང་། རིག་གཞུང་སྣ་མང་གི་འདུ་ཤེས་ཞན་དྲགས་པས་ཡིན་ས་རེད།
མཐུན་སྒྲིལ་ནི་ཕན་ཚུན་བརྩི་འཇོག་དང་ཐུན་མིན་གྱི་གོམས་སྲོལ་ལ་གུས་བརྩི་བྱེད་པའི་ཐོག་ནས་ཡོང་དགོས་པ་ཞིག་ལས། བརྒྱ་ཁ་གཅིག་གཅོད་ཀྱི་དམར་པོའི་སྲིད་ལུགས་ལྟར་བྱས་ན་མཐུན་སྒྲིལ་ཟེར་བ་སྟོང་གཏམ་རེད།
གང་ལྟར། ཨེ་ཤ་ཡའི་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ།
ང་ཚོ་བོད་པའི་མི་ཡིས་བོད་པའི་ལོ་གསར་གཏོངས་།
ང་ཚོ་བོད་པའི་མི་ཡིས་བོད་པའི་རྩམ་པ་བཟོ།
ང་ཚོ་བོད་པའི་མི་ཡིས་བོད་པའི་གོས་བཟང་གྱོན།
ང་ཚོ་བོད་པའི་མི་ཡིས་ཕ་སྐད་བཟང་པོ་རྒྱོབས།
ང་ཚོ་བོད་པའི་མི་ཡིས་བོད་གཞས་སྙན་མོ་གཏོངས།
ང་ཚོ་བོད་པའི་མི་ཡིས་བོད་པའི་རིག་གཞུང་འཛིན།
ང་ཚོ་བོད་པའི་མི་ཡིས་འོ་ཇ་ཞིམ་མོ་བཏུངས།
ང་ཚོ་བོད་པའི་མི་ཡིས་ལྷ་ལ་བསང་གསོལ་བཏངས།
ལོ་གསར་ཚེས་གཅིག་ལ་ཅོའོ་ཙེ་བཟའ་བ་སུ་ཡིས་ལུགས་གསོལ་ཡིན་ནམ་
ཀརྡོ། ལོ་གསར་ལ་བསྙུང་གནས་བསྲུང་བ་དེ། ཡུལ་སྲོལ་དེ་འདྲ་མ་རེད། དེ་ནི་ངའི་ཨ་མ་མོ་རང་གི་ངོས་ནས། མི་མེད་ལུང་སྟོང་དེ་འདྲར་རང་ཁྱིམ་གཅིག་པོ་ལས་མེད་སྐབས་དེ་འདྲར། ལོ་གསར་དེ་ཡང་དུས་བཟང་སྐར་བཟང་ལ་བལྟས་ནས་བསྙུང་གནས་བསྲུང་གི་ཡོད་པ་རེད། གཞན་པ་དེའི་སྐབས་དེར་བསྙུང་གནས་བསྲུང་བའི་གོ་སྐབས་ཡོད་པ་མ་རེད། གོ་སྐབས་ཡོད་པ་ཡིན་ནའང་། འབྲོག་སྟོང་ཞིག་ཏུ། ཟླ་དུས་ཚེས་གྲངས་ཀྱང་ནམ་ཞིག་ཡིན་ཐག་ཆོད་པོ་ཞིག་ཤེས་ཀྱི་ཡོད་མ་རེད། ལོ་གསར་ནམ་ཡིན་ཕལ་ཆེ་བས་ཤེས་ཀྱི་འདུག
དེ་ལའང་གོ་ཚོད་ཡིན་ན། སྔོན་མའི་དུས་སུ། འབྲོག་པའི་ས་ཆ་འགར། ཚོ་བ་ནང་ཁུལ་བར་ལོ་གསར་གཏོང་དུས་མ་མཚུངས་པ་བྱུང་བ་དེ་འདྲའང་གོ་མྱོང་།
ལོ་གསར་ཚེས་གཅིག་ཉིན་ང་ཚོའི་ཕ་ཡུལ་ལ་ཐོག་མར་རྩམ་པ་བཟའ་དགོས། བཟའ་མི་འདོད་ན་ཡང་རང་རང་གི་བསྐལ་དེ་བཟའ་དགོས། དེ་ནས་ཚོད་མ་རེད། ཨ་མདོའི་མོག་མོག་ཟེར་བ་དེ་རེད། དེ་གཉིས་ལུགས་སྲོལ་གྱི་དབང་དུ་བྱས་ནས་བཟའ་དགོས་པ་རེད།
དེ་མ་གཏོགས། ལོ་གསར་སྐབས་སུ་ཟས་གང་ཞིམ་དང་གོས་གང་ཡག་གོན་པ་རེད། ཁྱིམ་ལ་མགྲོན་པོ་ཡོང་དུས། ཟས་སྣ་ཁ་བཅོ་ལྔ་ཉི་ཤུ་བཟོས་ནས་འགྲན་བསྡུར་ལྟ་བུ་བྱེད་པ་རེད། ཟས་རིགས་དེ་ཚོའི་ནང་གི་ཕལ་ཆེ་བ་བོད་ཀྱི་དམངས་སྲོལ་ཟས་རིགས་དཔེར་རིགས། གྲོ་མ་འབྲས་བསིལ། སྤྲི། དཀར་ཚོན་སོགས་མང་པོ་ཡོད་རེད། གལ་སྲིད་ཟ་མ་དེ་དག་ལོ་གསར་གཅིག་པུར་ལུགས་སྲོལ་ལྟ་བུ་བྱས་ནས་བཞག་པར། ཟ་ཁང་ཞིག་གཉེར་རྒྱུ་ཡིན་ན། ཉི་ཧོང་གི་ཟུའུ་ཞི་ལྟ་བུའི་ཟས་རིགས་ཀྱང་བོད་ལ་མང་པོ་ཡོད་པ་འདྲ།
ད་གང་ལྟར། དེང་སང་QQ ནང་ནས་ཡུལ་མི་ཚོས་ཟས་རིགས་དེ་ཚོར་རོལ་བཞིན་པ་ལྟ་རྒྱུ་ཙམ་ལས་གཞན་མི་འདུག
ཨོ་་་ ད་དུང་ཅོ་ཙི་བཟའ་གི་རེད། སུའི་ལུགས་སྲོལ་ཡིན་མིན་མི་ཤེས། གང་ལྟར། ཞིམ་པོ་ཡོད་རེད། ཅའོ་ཙི་ཟེར་བ་དེ་ལོ་གསར་གཅིག་པུར་བཟའ་བ་ཞིག་ཀྱང་མ་རེད། ཕལ་ཆེར་དགུན་དུས་སུ་ཅའོ་ཙི་མང་པོ་བཟའ་གི་རེད། ཞིམ་པོ་ཞེ་དྲགས་རེད།
ཨ་ཨ་ཨ།
འདྲ་མིན་འདྲ་རེད་ཤག ལོ་སར་ཚེ་གཅིག་སྔ་མོ་ལ་ལུགས་སྲོལ་འདྲ་མི་འདྲ་རེད་ཤག
ལོ་སར་ཚེ་གཅིག་ལ་རྩམ་པ་འགམ་མཁན་ཡང་ཡོད་ས་རེད། ཅོ་ཙི་བཟའ་མཁན། ངག་བསྡམ་ནས་སྙུན་གནས་སྲུང་མཁན། ལུང་པ་རེ་ལ་ལུགས་སྲོལ་རེ་ཟེར་བ་དངོས་ནས་བདེན་པ་རེད་ཡ།
ང་ཚོ་སྡེ་བའི་ལུགས་སྲོལ་ནི་དེ་བས་ཀྱང་དགོད་བྲོ་བོ་ཡོད་ཡ། སྡེ་བ་ཡོངས་ལ་ཁྱོན་དུ་ཁ་བརྒྱ་ལྷག་ཙམ་ཡོད་པ་དེར་ཚོ་བ་ཁ་ཤས་ཡོད་པ་ཚོའི་བྱིས་པ་རྣམས་ཀྱིས་ཁག་སོ་སོ་ནས་སྐོར་དང་སྐོར་བྱས་ནས་གནམ་གང་དགོང་མོ་ནས་ཚེ་གཅིག་ཞོགས་ཀའི་བར་དུ་མེ་བཏང་ནས་བསྡད་ཀི་རེད།
ཞོགས་པ་བསང་བཏང་ཏེ། ཤོག་སྦག་རྒྱག་སྐབས་གཞི་ནས་ལང་ལ་ལོག་གི་རེད། ལུགས་སྲོལ་དེ་རྒྱུ་རྐྱེན་གང་འདྲ་ཅིག་གི་ཐོག་ནས་བྱུང་བ་ངས་ཀྱང་ཧ་གོ་མ་སོང་། ད་གད་མོ་མི་འདུག་གམ།
ལོ་གསར་ལ་ངག་བཅད་མཁན་གོ་མ་མྱོང་།
ཐུབ་བསྟན་ནས