གོ་འཇོ། བསོད་ནམས་ནོར་བུ།
རྐང་ལམ་སྨུག་པས་འཐུམ་པའི་རི་གྲོང་ན།།
དཔྱིད་ཆར་སིལ་མ་བྱོ་སྟངས་ཁྱད་མཚར་དེས།།
གློ་རྡེག་རྒྱ་སེའི་མེ་ཏོག་དམར་པོ་ཞིག །
བདག་གི་ཁོག་ན་ཟིལ་པ་ཕྲོམ་མེར་བཞད།།
མ་གཞི་ཁྱེད་རང་མེ་ཏོག་ཡིན་ན་ཡང་།།
ཡུ་བའི་སྐེད་ལ་རྣོ་བའི་ཚེར་མ་འདུག །
བདག་གིས་ཕར་ལ་ཅི་ཙམ་གློད་མྱོང་ཡང་།།
ཚུར་ལ་མཛུབ་ཆུང་རྨས་པ་ད་ཐེངས་མིན།།
འཚིག་ཇ་སྙིང་རིས་མ་དེའི་ཁ་གཏད་ནས།།
སེམས་ཀྱི་མངར་རྩི་གཞིབ་པའི་ཡིད་འོང་མ།།
ཁྱོད་རང་ང་ཡི་མིག་གི་མདུན་ས་ནས།།
བགས་ཀྱིས་འཛུམ་པའི་རྒྱ་བསེ་དམར་པོ་ཡིན།།
ཉི་རྡུལ་ས་ལ་ཟགས་པའི་སྡོང་གསེབ་ནས།།
གོམ་ཁ་རི་ལ་བཏོད་པའི་ངལ་དུབ་ཁྲོད།།
རྔུལ་ཆུའི་ལུས་པོ་འཁྲུད་པའི་ལམ་བར་ན།།
ཁྱེད་རང་ང་ཡི་སེམས་ཀྱི་ཕ་བོང་ཡིན།།
ང་ཡིས་ཁྱེད་ཉིད་ཁོག་པའི་གཏིང་ན་རུམ།།
ཁྱེད་ཀྱིས་ང་རང་སྙིང་ལ་མེ་ཁ་གསོས།།
འུ་གཉིས་སྔ་མའི་རྨི་ལམ་སྣུམ་པོ་དག།
ད་ལྟ་བསམས་ན་སྡུག་གི་གཡབ་མོ་ཡིན།།
17/ 3/ 2015/