རེབ་ཐོག་མདའ།
རོགས་ལོ་འདང་ཅན་པོར་རེ་བ་བརྒྱབ་སྟེ།།
གཞོན་པའི་ངོ་གདོང་ལ་གཉེར་མ་བབས་ཐལ།།
ཞེ་མཐུན་བུ་མོ་ལགས་སེམས་ཤིག་ཡོད་ན།།
སེམས་པ་དམར་པོ་དེ་ཤ་ཞིག་ཡིན་ན།།
མཛེས་པའི་སྒེག་ཉམས་ལ་མི་ཆགས་བསམ་ཡང་།།
མིག་ཟུང་ན་ཆུང་མའི་རྗེས་ལ་ཤོར་ཐལ།།
སྒོར་མོའི་འགྲོ་སོང་དེ་ཅུང་ཙམ་ཡོད་ན།།
དགོང་གཅིག་ཉལ་རོགས་ལ་བསམ་རྒྱུ་མེད་ཀྱང་།།
སྙིང་སྡུག་བུ་མོ་ཁྱོད་སེམས་ལ་ཐོག་ནས།།
ལོ་ཟླའི་ཁུག་སོ་ནས་ལོ་ན་ཟད་ཀྱང་།།
རེ་སྒུག་མིག་ཟུང་དེ་ཁྱོད་ལ་གཏད་བཞིན།།
ཁྱོད་ཀྱི་ཨ་ལན་དེར་སྒུག་དགོས་བསམ་ཡོད།
དགོང་གཅིག་ཉལ་རོགས་དེ་བདག་གིས་བཙལ་མེད།།
དུངས་པའི་སེམས་པ་ཡང་གཞན་ལ་བཅོལ་མེད།།
ཁྱོད་རང་ཁོ་ན་ལ་ལུས་སེམས་འཁྲེང་ནས།།
མི་རྐྱང་མིང་བྱང་དེ་ཐོད་པར་བརྐོས་ཡོད།།
ཁྱོད་ཀྱི་རྒྱབ་གཟུགས་མིག་ལ་ལྷུང་ནས།།
མཚམས་རེར་སེམས་པ་འདི་མྱ་ངན་ཐང་རེད།།
ཁྱོད་རང་ཁོ་ན་དེ་སྙིང་ལ་བརྐོས་ནས།།
ལན་རེར་རང་ཉིད་ལ་ལེ་བདའ་བྱས་ཡིན།།
བུ་མོ་ཆུང་ཆུང་གི་ཟུར་མིག་རྣོ་བས།།
ཆགས་པའི་རྣམ་འགྱུར་དེས་ཡང་ཡང་བལྟ་དུས།།
སྒོར་རྡོག་ཁ་ཤས་ཀྱི་འགྲོ་སོང་བར་ནས།།
འདོད་པའི་རེ་འདུན་དེ་སྒྲུབ་དགོས་བསམ་ཡང་།།
སྐྱེས་གཟུགས་ཕྲ་མོ་དེ་སེམས་ལ་ལྕི་བས།།
གཤིས་ཀ་འཇམ་པོ་དེར་ཞེ་རེ་ཐོག་ནས།།
ལག་ཡོང་ཤ་མོ་དེ་གཞན་ལ་ཤོར་ཐལ།།
ཁེར་རྐྱང་སེམས་པ་ལ་གྲང་འདར་བརྒྱབ་ཐལ།།
ཨ་ཅེ་སྒྲོན་དཀར་གྱིས་དུངས་སེམས་སྟོན་ཡང་།།
བུ་གསུམ་ཨ་མ་ལ་སྒོ་ཟ་བརྒྱབ་ཡོད།།
ཨ་ནེ་ལྷ་མོ་ཡིས་ཆགས་མིག་རྡེབ་ཀྱང་།།
རྒྱང་རིང་བུ་མོ་ཁྱོད་སེམས་ལ་བྲིས་ཡོད།།
ལྷ་སའི་བུ་མོ་དེས་འཕྲིན་ཐུང་སླེབས་ཀྱང་།།
ཡ་ལན་ཚིག་གཅིག་གི་མདུད་པ་བརྒྱབ་མེད།།
ཨ་མདོའི་བུ་མོ་དེས་ཁ་པར་འབྱོར་ཡང་།།
རྫུན་གྱི་ཁ་ལྕེ་ཡིས་ཁ་བརྡ་བཞག་ཡིན།།
ཁམས་ཀྱི་མཛའ་མོ་ལ་རེ་བའི་ས་བོན།།།
བརྕེ་བ་ཟབ་ས་ཡི་སྙིང་ལ་བཏབ་ཡོད།།
ཁ་བརྡ་གློད་ས་ཡི་དྲ་བར་བཏང་ཡོད་།།
རྣ་བས་གོ་ས་ནས་མནའ་ཞིག་བསྐྱལ་ཡོད།།
ཁམས་ཀྱི་བུ་མོ་ལ་རེ་བ་བརྒྱབ་བརྒྱབ།།
ནུབ་ཀྱི་ཨ་རི་ཡི་བུ་མོར་བརྒྱབ་ན།།
བརྕེ་བའི་ལག་པ་གཉིས་གཅིག་ཏུ་སྦྲེལ་དེ།།
ནུབ་ཀྱི་གྲུ་ཁ་ལ་ཤུར་སེ་བཏང་ཡོད།།
ལས་དབང་སྟེས་དབང་ལ་བལྟ་རྒྱུ་ཡོད་ན།
ལྷ་དང་བླ་མ་ཡིས་ཐུགས་རྗེས་གཟིགས་དང་།།
འཇིག་རྟེན་སྣང་བ་དེ་ཁྱོད་ཀྱིས་ཤེས་ན།།
མི་ཚེའི་སྣེ་མོ་དེ་བདག་ལ་གཏོིད་དང་།།
རྡ་སའི་ཚོང་བདག་མས་ནང་ལ་བཀུག་ཀྱང་།
གངས་སྐྱིད་ལས་བྱེད་དེས་དུངས་སེམས་སྟོན་ཡང་།
སེམས་པ་ཁྱོད་ཉིད་ལ་ཤོར་ཉིན་དེ་ནས།།
རང་སེམས་རྟ་རྒོད་དེ་བཟུང་ནས་བསྡད་ཡོད།
སྒོར་མོའི་ངོ་སོ་ལ་བརྗེ་འདོད་མེད་ལ།།
བུ་ཕྲུག་ཨ་མར་ཡང་འགྲོགས་འདོད་མེད་པས།།
ཨ་ནི་ཁ་ངན་མས་འདོད་གཏམ་གླེང་ཡང་།།
ཡ་ཁོག་བྲང་གཞུང་ལ་ཤོངས་པ་ཁྱོད་རེད།།
སློབ་གྲྭའི་བུ་མོ་དེ་སྒོར་གྱིས་ཁུག་གི།
ཚོང་བདག་རྒན་མོ་དེལོ་ཡིས་ཁུག་གི།
ཨ་ཅེ་ལས་བྱེད་དེ་ཚིག་གིས་ཁུག་ཀྱང་།།
སྙིང་ན་དྲན་པ་དེ་ཁྱོད་ལས་མི་འདུག།
ཨ་རི་བུ་མོ་དེའི་རེ་བ་བསྐོང་ན།།
ཡུ་རོབ་མཛེས་མ་དེར་བརྕེ་བ་སྤྲད་ན།།
འཇར་པན་ན་ཆུང་མ་བྲང་ལ་བླངས་ན།།
རང་གི་མི་ཚེ་ལ་འདང་རྒྱག་མེད་ཀྱང་།།
རིགས་རྒྱུད་གཙང་མ་ཞིག་རུམ་ལ་བཅུག་ནས།།
རང་གི་མི་རིགས་གཅིག་སེམས་ལ་ཉར་ནས།།
རང་མགོ་གང་མཐོ་ཡི་གཞིས་ཁྱིམ་དྲོན་མོར།།
རྒྱང་རིང་བུ་མོ་ཀྱེ་འདོད་པ་ཡོད་ན།།
ཕྱི་ལོ ༢༠༡༣ ཟླ ༤ ཚེས ༣་ཉིན་དཔེ་མཛོད་ཁང་ནས་བྲིས།