གཟི་མིག ༼རང་གི་ནུ་བོའི་ཚབ་ཏུ་བྲིས། ༽
ཁྱེད་ནི་སྤང་གི་མེ་ཏོག་སེར་ཆེན་ཏེ།།
ང་ནི་རྫ་མགོའི་ཁེར་བཞད་ལྗང་བུ་ཡིན།།
ལས་སྨོན་སྟོང་གི་འདུས་པའི་བོད་ཁམས་སུ།
དགོད་སྒྲའི་བརྩེ་དུང་མེ་ཏོག་མཉམ་དུ་བཞད།།
བརྩེ་བ་བརྩེ་བའི་གསེབ་ན་བརྩེ་བ་དང་།།
དུང་བ་དུང་བའི་མཐིལ་གྱི་རྣམ་དག་གཉིས།།
སེམས་པས་སེམས་པར་འཐམ་པའི་གཏམ་རྒྱུད་ཁྲོད།།
བདེ་སྐྱིད་དྲོད་ཁོལ་སྦྱིན་པའི་གཞི་མ་ཉིད།།
སེམས་དང་སེམས་པ་མཐུན་པའི་ལོ་ཟླའི་ཁྲོད།།
སྙིང་དང་སྙིང་གི་མཛའ་བརྩེ་མཉམ་འཁྱུད་ཀྱིས།།
ལོ་དང་ཟླ་བ་མཉམ་དུ་བསྐྱལ་བ་དེ།།
འཆོར་བྲལ་མི་ཚེ་འདི་ཡི་མཛེས་སྡུག་ཡིན།།
མཉམ་དུ་འདུས་པའི་སྤང་ལྗོངས་ཡངས་པོའི་ཐོག།
ཕན་ཚུན་དུང་བའི་དྲི་བྲལ་གཙང་ཆུ་རྒྱུག།
མ་འོངས་ཟེར་བའི་མི་མཛེས་མིང་ཚིག་འདིས།།
ཁྱེད་དང་ང་གཉིས་མི་གཅིག་ལམ་དུ་བརྫངས།།
ཁྱེད་ནི་ལེ་དབར་དུ་མའི་ཕ་རོལ་ན།།
རང་དགོས་བྱ་བའི་གནས་ལ་འབད་འབུངས་གྱིས།།
མཛད་འཕྲིན་མཁའ་ལ་འཕྱོ་བའི་གཏམ་བཟང་དང་།།
ཁྱེད་ཉིད་བདེ་བའི་འཚོ་བར་རོལ་ན་ཡང་།།
རང་ཡུལ་རང་སར་ལྷག་པའི་བན་དེ་ང་།།
ཁྱེད་ཉིད་དྲན་པའི་གདུང་སེམས་ང་རོ་དེས།།
ཁྱེད་རང་མེད་པའི་ལོ་ཟླའི་རླབས་ཕྲེང་ཁྲོད།།
སྐྱོ་གདུང་མིག་ཆུའི་ཐིགས་པ་འགོག་མེད་བརྡོལ།།
ཁྱེད་རང་མེད་པའི་ལོ་ཟླའི་འགྱུར་ཁུགས་ཁྲོད།།
བདག་སེམས་ཁྱེད་ཀྱི་ཕྱོགས་སུ་འཁོར་དྲགས་པས།།
སེམས་པའི་འཆར་ཡན་ཐམས་ཅད་ཁྱེད་རང་དང་།།
བརྩེ་བའི་ན་བུན་འཁོར་ས་ཁྱེད་རང་ཉིད།།
བདག་སེམས་འཕྲོག་པའི་སེམས་ཀྱི་གྲོགས་མོ་ཁྱེད།།
ང་རང་མ་ཐུག་མི་ལོ་རིང་མོའི་ཁྲོད།།
ཉིན་མོའི་སྣ་མང་ཟས་ཀྱི་བྲོ་ཁ་དབེན།།
མཚན་མོ་བདེ་བའི་གཉིད་ཀྱི་བདེ་སྐྱིད་ཡལ།།
ཁྱེད་ཉིད་བྲལ་བའི་ང་ཡི་འཚོ་བའི་ཁྲོད།།
བརྩེ་མཐུན་གྲོགས་མོའི་སེམས་ཀྱི་སྙིང་གཏམ་སྟོང་།།
དྲན་གདུང་སེམས་པར་སྙིང་གི་མདའ་མོ་ཟུག།
ང་ཡི་སེམས་པར་ཁྲག་གིས་མིག་ཆུ་བཞུར།།
ལོ་ཟླའི་སྣེ་མོ་དལ་གྱིས་འཇུས་བ་ན།།
མཛའ་གཅུགས་སེམས་ཀྱི་འོད་སྣང་མ་ཉམས་པར།།
སྙིང་དང་འདྲ་བའི་སེམས་ཀྱི་གྲོགས་མོ་ཁྱེད།།
མྱུར་དུ་ཞལ་མཇལ་ཡོང་བའི་སྨོན་ལམ་འདེབས།།
་
་
་
ཐཁྱེད་ཉིད་བདེ་བའི་འཚོ་བར་རོལ་ན་ཡང་།།
རང་ཡུལ་རང་སར་ལྷག་པའི་བན་དེ་ང་།།
་
་
་
འདི་ལ།
ང་རང་རང་གསར་བན་དེར་བསྡད་པ་ལ། །
ཁྱེད་རང་གར་བསྡད་གར་འགྲོ་བྱས་ནའང་བྱས། །
ཀུ་རེའི་ཚུལ་དུའོ།།
འཕྲོད་བསྟེན་མེད་ན་སེམས་ཁམས་འཁྲུག་