རེབ་ཐོག་མདའ།
སྟོན་གྱི་སྡོང་ལོ་ཟགས་པའི་གཙང་འགྲམ་དེ་ནས།།
མིག་ཆུ་ཆུ་ལ་བསྐུར་བའི་ན་ནིང་ཞིག་ལ།།
ལས་མཐུན་བུ་མོའི་སེམས་ཀྱི་གཏིང་ལ་འཁྲུངས་པའི།།
སྡུག་གི་གཏམ་རྒྱུད་མ་ཁོག་སྨྱུག་ཁར་བཞུར་ཐལ།།
རི་ཀླུང་གཙང་བོ་བརྒལ་བའི་འགྲུལ་བཞུད་ཁྲོད་ནས།།
མིང་དང་ལོ་རྒྱུས་མི་ཤེས་ཁམས་པའི་བུ་མོ།།
ཙག་དང་བསེར་བུའི་ཀློང་ནས་མཉམ་དུ་བགྲོད་བཞིན།།
སྐྱིད་སྡུག་མཉམ་མྱོང་བྱས་པའི་འཚོ་བ་དྲན་གི།
རྔུལ་ཆུས་ལུས་པོ་བརླན་བཞིན་གངས་རི་བརྒལ་དུས།།
ཤབ་ཤུབ་གཞས་ཤིག་གྱེར་བཞིན་འཛུམ་ཆུང་ཡག་པོས།།
ཉི་ཟླ་ཕྲག་ཏུ་འཁུར་བའི་སྣེ་མོ་ཞིག་ནས།།
བརྩེ་བའི་མེ་ཏོག་བཏབས་པའི་སྙིང་སྡུག་དྲན་གི།
ཉིན་མཚན་གདོང་གིས་བསུ་བའི་འགྲུལ་བཞུད་རིང་མོ།།
ཞིང་ཕྱོགས་ཁ་བ་རི་ནས་ནུབ་ལ་འཐེན་པའི།།
འཕྲང་ལམ་དོག་མོའི་གཞུང་གི་ཞེ་འདང་ཅན་པོ།།
སྒྲོལ་དཀར་མིང་ཅན་ཁམས་པའི་བུ་མོ་དྲན་གི།
བལ་ཡུལ་སྣེ་ལེན་ཁང་གི་ཐོག་ཁང་གྲུ་ནས།།
དབུལ་བོ་ཨ་མདོ་བུ་ང་སེམས་ཀྱིས་གཅེས་ཏེ།།
ཞིམ་པོའི་བཟའ་བཏུང་གང་ཡོད་མཉམ་དུ་སྤྱོད་བཞིན།།
མགོ་བོ་ཕྲག་ལ་བསྙེས་པའི་ས་སྲོད་དྲན་གི།
རྡ་སའི་རི་ལ་སླེབས་པའི་སྔ་གཞུག་དེ་ལ།།
ཡིད་ཆེས་གཙང་མ་ཞིག་གི་སེམས་པའི་བར་ནས།།
ཡོད་ཚད་མ་གསང་མ་སྦས་བདག་ལ་འཆད་་པའི།།
ཉམ་ཆུང་གཤིས་ཀས་བརྒྱན་པའི་བུ་མོ་དྲན་གི།
ནམ་ཟླ་འཁྱག་གིས་བསྡམས་པའི་སྔ་གཞུག་དེ་ལ།།
དགུན་ཟླ་རིང་མོ་རུམ་བཞིན་སློབ་རྭའི་གྲུ་ནས།།
ཟླ་བའི་དཀར་ངོགས་ཤིག་ནས་སློབ་ལ་བརྩོན་བཞིན།།
བརྩེ་བ་དྲོན་མོ་སྤྲད་པའི་སྙིང་སྡུག་དྲན་གི།
ཕ་ཡུལ་རྒྱབ་ཏུ་བོར་བའི་རི་ཁུག་འདི་ནས།།
སྔོན་ལས་ལྕི་མོའི་ཁ་ཡིག་ནུབ་ལ་བྲིས་ཀྱང་།།
སྙིང་སྡུག་ཁམས་པའི་བུ་མོའི་འཛུམ་ཆུང་མཐོང་ན།།
ཁེར་རྐྱང་འཚོ་བའི་ཀློང་གི་སྡུག་དེ་ཡལ་འགྲོ།
སློབ་མཇུག་གུང་གསེང་ཟླ་ངོ་གཉིས་ཙམ་ཆས་ཀྱང་།།
ཤ་ཉེ་སྤུན་མཆེད་དོར་ཏེ་བདག་དང་འགྲོགས་བཞིན།།
སྐྱིད་ལ་སྡུག་གི་སློབ་རྭའི་ཁོར་ཡུག་དེ་ནས།།
ལུས་དང་གྲིབ་མ་བཞིན་འགྲོགས་བུ་མོ་དྲན་གི།
མཚོ་མོའི་དར་ཁ་ལྷུང་བའི་དཔྱིད་ཀ་དེ་ལ།།
ཚེ་སྲོག་ལྗང་མདོག་རྒྱས་པའི་དགའ་སྟོན་ཡིན་མོད།།
བརྩེ་བའི་ལག་ཟུང་ལྷོད་པའི་ཁམས་པའི་བུ་མོ།།
རྒྱ་ཡི་བཀའ་ཆད་ལྕི་མོས་ཕྱིར་ལ་བཀུག་ཐལ།།
ཕྱི་མིག་རྒྱང་ནས་འཕེན་བཞིན་ཁྱོད་དང་གྱེས་དུས།།
སེམས་པའི་ཟབ་ས་དེ་ཡང་རློན་པར་གྱུར་ཐལ།།
ལོ་ངོ་གསུམ་གྱི་བརྩེ་བ་འདི་ལྟར་གློད་དུས།།
ཡ་ཆུང་སྡུག་གིས་མི་ཁེངས་ཨ་མའི་བུ་སུ།།
སྲ་སྲོད་ཟླ་ངོགས་ཞིག་གི་མཇུག་མཐའི་གྱེས་བྲལ།།
ཡ་ཁོག་སྙིང་ལ་བརྡབ་པའི་ཕུར་བ་ཡིན་ཡང་།།
ན་ཟུག་མིག་ན་ལྷུང་བའི་མཆི་མའི་རིན་ཐང་།།
མི་བརྗེད་བུ་ངའི་ཡ་ཆུང་དཀྱིལ་ལ་སྦས་ཆོག།།
སང་ལོར་དབྱར་ཟླ་ཚེས་པའི་རྩྭ་ཐང་ཞིག་ནས།།
རེ་བའི་མེ་ཏོག་མ་སྐམ་བདག་ལ་སྒུག་དང་།།
ལོ་ངོ་དུ་མར་ཉར་བའི་ཁྱོད་ཀྱི་བརྩེ་བ།།
མ་བོར་བུ་ངས་མི་ཚེའི་རྟེན་དུ་འཁྱེར་འོངས།།
ཁུ་བྱུག་ནགས་ནས་གྲགས་པའི་དབྱར་ཟླ་དེ་ལ།།
མཛེས་པའི་བཞིན་ལ་སྤྲོ་བའི་ཉམས་ཀྱིས་ཁེངས་བཞིན།།
ལས་ཀྱི་བུ་མོ་མ་སྐྱོ་བདག་ལ་སྒུག་དང་།།
མི་ཚེ་མཉམ་བཞད་མེ་ཏོག་བདག་གིས་འདེབས་ཆོག།
མ་ཐུག་ལོ་ཟླ་ཞིག་གི་ཧྲག་བར་དེ་ནས།།
ལས་ཀྱི་མདུད་པའི་སྣེ་མོ་སླར་ཡང་མཐུད་པས།།
ཁ་སང་ཁ་པར་་ནང་གི་གླེང་མོལ་སྣེ་ན།།
ཆུ་དང་འོ་མ་འདྲེས་པའི་གཏམ་རྒྱུད་ཡོད་ཀི།
ཕྱི་ལོ ༢༠༡༢ལོའི ༡༠ ཚེས་ ༢༩ ཉིན་ལོ་ངོ་དུ་མའི་རིང་མ་ཐུག་
པའི་བུ་མོ་དེ་ལ་སླར་ཡང་ཁ་པར་གྱི་ཀློང་ནས་བཞག་པའི་ཕྱིར་དྲན་ཞིག
རེག་ཐོག་མདས་བུ་མོ་དེའི་པར་ཞིག་འདི་མཉམ་དུ་ཡོད་ན་ཇི་འདྲ་མཛེས་སྡུག་ལྡན་ཡོང།
རེབ་ཐོག་མདའ་ཁ་དཔར་ནང་གི་སྐད་ངག་སྙོམ་པོ་དེའི་ཉེ་འགྲམ་ཡོད་ན་ད་བར་དངོས་
སུ་ཁྱེད་ཀྱི་མཛའ་མོ་ལ་རེག་ཐུབ་མོད།
ང་ལ་དཔེ་མེད་སྙན་པོ་ཚོར་སོང་། ཡིད་ཀྱི་ངོར་སྣང་བརྙན་གསོན་པོ་ཞིག་བསྐྲུནད་སོང་བར་ཐུགས་རྗེ་ཆེ་ཞུ
རེག་ཐོག་ལགས་ཐུགས་རྗེ་ཆེ་ ཧ་ཅང་སྙན་པོ་བྱུང་
ཁམས་པའི་བུ་མོ་ཁ་ཤས། ཡོག་མོ་མ། ཤ་ཚ་མོ་མ། སེམས་པ་བཟང་མོ་མ། ཞེ་དྲག་ཡོད། ངས་ཡང་དེ་འདྲ་ཞིག་བོར་ཚར་ཡིན། ད་དུང་ཡང་སེམས་ནས་བརྗེད་མེད།
རེབ་ཐོག་མདའ་ཁྱོད་ལ་ཁག་མེད། མོ་ལ་ཨ་ཇོ་ཁམས་རྒན་སྙིང་ཁྱག་ཞིག་མེད་ན། ཁྱེད་གཉིས་ལ་རེ་ཡོད་པ་རེད།
ཁྱེད་ཀྱི་བསམ་དོན་འགྲུབ་པའི་སྨོན་འདུན་ཞུ།
ངོ་མ་སྙན་མོ་བྲིས་འདུག
རྩོམ་ཡིག་འདི་མཐོང་བས་ངའི་སེམས་པའི་ནང་དུ་ང་རང་ཐོག་མརར་བོད་ནང་ཡོང་དུས་དང་།
ཁ་བྲལ་དུ་སོང་བའི་བྱམས་པ་སོགས་དྲན་བྱུང་།
རེབ་ཐོག་མདའི་བཤད་ཚད་ལ་ཉན་རྒྱུ་མེད། ཁོང་གིས་བྲིས་ཚད་དཔའ་རྟགས་བཞག་རབས་ཤིག་མ་གཏོགས་དཔེ་བཞག་རབས་གཅིག་བཤད་རྒྱུ་མི་འདུག འོན་ཀྱང་ཁོང་གི་སྙན་ངག་གི་ཚིག་སྦྱོར་དེས་ངའི་སེམས་པ་དབང་མེད་དུ་བཀུག་འགྲོ་ཀི ད་ཐབས་མི་འདུག་ཡ རྫུན་རེད་བསམ་གི་བསམ་གི་ཁོའི་སྙན་ངག་མཐོང་ཚད་བཀླགས་ན་འདོད། ཁོའི་མིང་ཞིག་མཐོང་ཕྱིན་ཆད་དེའི་རྗེས་སུ་བསྙེགས་ན་འདོད་ཀི
ཨ་མདོས་ཁམས་པར་བརྩེ་དུངས་པ། །
ཁམས་པའི་བུ་མོ་སྒྲོལ་དཀར་ལགས། །
ཨ་མདོའི་བུ་ཕོ་རེབ་ཐོག་མདའས། །
ཁྱོད་རང་འཕྲད་པས་བརྩེ་གདུང་དང་། །
ཁྱོད་རང་བྲལ་བའི་སྐྱོ་གདུང་སོམས། །
རེབ་དང་སྒྲོལ་གཉིས་མཐུད་འགྱུར་ཅིག །
རེབ་ཀྱི་བྲིས་པ་དག་བཀླགས་རྗེས་སྙན་པོ་འདུག་ཟེར་བའི་སྐད་ཆ་གཅིག་དོན་སོང་།
རེབ་ཐོག་་དང་སོག་མདའ་གཉིས་ལ་དངོས་གནས་སྙན་ངག་གསར་བ་ཞིག་གི་ཁྱད་ཆོས་ཡོད་གི་།
ཨ་རོག་གྲོགས་བོ་གཉིས་འབྲི་གི་སྡོད་ར་འགྲིག་གི་ཡོད་གི་། ངས་བསྟས་ན་ཀླུ་ཚང་མཁས་པའི་།
ཚོར་བའི་ཕ་བོང་ཞེས་པའི་ནང་གི་རྩོམ་རྩལ་དེ་དང་འདྲ་བ་མང་པོ་ཁྱེད་ཚོའི་སྙུག་རྩེ་ནས་ཐོན་གི་འདུག
གྲོགས་པོ་ཚོ་ཨ་རོ་ཧྲ་ལ་པྱོས་
ཚང་མས་ཅལ་ཅལ་ངང་མགྲིན་གཅིག་ཏུ་ཅོལ་ཅོལ་ཟིར་བཞིན་འདའ།
རྩོམ་འདི་ངའི་ངོར་སྣང་བ་འགྲོ་བ་ནི། འདི་ནང་བཤད་པའི་གནད་གཅིག་པ་འདྲ་ཞིག་བྱུང་བའི་ཚོར་དྲོད་མ་ཡལ་བར་ཡོད་པས་ཡིན།
གནད་དོན་གཅིག་པ་དེ་འདྲ་ང་ལའང་བྱུང་།
སེམས་མཚོ་རྦ་རླབས་ཀྱི་འཕྲོད་ནས།།
བརྩེ་བའི་ཉ་ཆུང་དེ་འཁྱུག་སོང་།།
ཉ་ཟན་ཤན་པ་དེ་མེད་ན།།
མཚོ་ནང་ཉ་མོ་དེ་སྐྱིད་པ།།
སེམས་ཚོར་རྣོན་པོས་སྦྲེལ་བའི་གདུང་གླུ་རིང་མོ།།
དབུགས་ཐེངས་གཅིག་གིས་བཀླགས་པས་བྲོ་བ་ཞིམ་བྱུང།།
ཡ་རེབ་ཐོག་ལགས་ངོ་མ་ཁག་མེད་གི་ཁྱོད་ཀྱི་སྙན་ཚིག་དེ་ལྟ་ན་མྱོང་ཚོར་འདྲ་བོ་འདུག་། ཁྱོད་ཀྱི་འདོད་འདུན་དེ་སྙན་ཚིག་ཙམ་མིན་པ་སྔོན་གནས་ཡིན་འདོད་འདོན་དེ། ངོ་མ་ཅི་བསམ་ལྟར་མྱུར་འགྲུབ་ཤོག། དཀོན་ཅོག་ཁ་འཛིན་གནང་རོགས།
དེ་གལ་ཆེན་རེད་།