མགལ་དུམ།
ད་ལྟ་འདི་ག་ནས་ས་རུབ་གྲབས་འདུག ངས་ནམ་རྒྱུན་ལྟར་saxརོལ་དབྱངས་ཤིག་ལ་ཉན་བཞིན་སྲང་ལམ་གང་དེའི་གཡས་ཕྱོགས་སུ་བསྐྱོད་ཀྱིན་ཡོད། སྐབས་དེར་ཏག་ཏག་རོལ་དབྱངས་དེའི་དབྱངས་འགྲོས་ཀྱིས་ཁྱེད་རང་ཡིད་དུ་དྲན་ཞིང་མིག་ཏུ་མངོན་པ་ཙམ་གྱི་སྣང་བ་ཞིག་སྤྲད་སོང་། རེད། ད་ནི་ངས་དྲན་གསོས་ཀྱིན་འདུག འདི་ནས་ཡར་བརྩིས་པའི་ཟླ་ངོ་གཉིས་ལྷག་གི་ཡར་སྔོན་དེར། ང་saxརོལ་དབྱངས་འདི་ལ་ཉན་རྒྱུར་ཧ་ཅང་དགའ་བོ་ཡོད། དུས་དེར། ངས་མཚན་མོ་ནམ་ཡིན་ལ་རོལ་དབྱངས་དེར་ཉན་པ་ཡིན། ཧ་ཅང་ལྷིང་འཇགས་ཡིན་པའི་མཚན་སྨད་ལ་མང་དུ་ཉན་པ་ཡིན། གཉིད་མི་ཁུག་པའི་མཚན་སྨད་དུ་བསྐྱར་ཉན་དང་ཡང་ཉན་བྱས་པ་ཡིན། ཁྱེད་ཀྱིས་རོལ་དབྱངས་དེ་དྲན་གསོས་ཀྱིན་འདུག་གམ།
ཕལ་ཆེར་ཁྱེད་ཀྱིས་དྲན་ངེས་མ་རེད། ཡོད་ཚད་བརྗེད་ཚར་ཡོད་ངེས་རེད། ངས་རོལ་དབྱངས་དེར་ཉན་པའི་མཚན་མོ་རེ་རེ་ཁྱེད་རང་ཁོ་ན་དྲན་ཡོད་པའང་ཡེ་ནས་བརྗེད་སོང་ཡོད་ངེས་རེད། ཐ་ན་ང་saxརོལ་དབྱངས་ལ་དགའ་བའི་རྒྱུ་མཚན་ཡང་ཤེས་ཚོད་མ་རེད། རེད་དེ། ངས་ནམ་ཡང་བརྗེད་ཀྱིན་མི་འདུག ཟླ་འོག་མག་མོག་ཡིན་པའི་མཚན་མོ་ཚོ་ལྷག་ཏུ་བརྗེད་ཀྱིན་མི་འདུག ལྷག་པར་དུ་“ཁྱེད་རང་གང་དུ་ཡོད། ”ཅེས་པ་དང་“མཚར་སྡུག་ལྡན་པའི་དོ་ནུབ”ཅེས་པའི་saxརོལ་དབྱངས་སོགས་ལ་ཉན་པའི་མཚན་མོ་རེ་རེ་ལྷག་ཏུ་བརྗེད་པ་ཞིག་མི་འདུག
དེ་རིང་ཡང་རོལ་དབྱངས་འདིས་ཁྱེད་རང་དྲན་དུ་བཅུག་ཅིང་ཁྱེད་རང་སླར་ཡང་རོལ་དབྱངས་འདིའི་དབྱངས་འགྲོས་ལས་མངོན་པར་བྱས་སོང་། ད་ལྟ་ཁྱེད་རང་བློ་ཡིས་མི་ཐེག་པའི་འདང་རྒྱག་ཅིག་ཏུ་ཡོད་སྲིད། རྣམ་ཤེས་ལྡོམ་པོ་ཞིག་ལྟོ་བ་རུ་དལ་གྱིས་འཛུལ་པའི་ངང་ཚུལ་ལ་ཡང་ཡང་སེམས་ཀྱིན་ཁྱེད་རང་འདང་རྒྱག་ཏུ་ཡོད་ཚོད་ཡིན། འདི་ནས་མར་བརྩི་འོས་པའི་ཟླ་དགུ་དང་ཞག་དགུ་པའི་དུས་ཚོད་གང་ཡིན་པ་དེར་སྔོན་འགྲོའི་བློས་བསླངས་ཤིག་བྱེད་ཀྱིན་ཡོད་ཚོད་ཡིན། འགྲོན་པོ་སུ་ཞིག་གིས་ཁུར་བའི་ཝུ་ཆང་ནི་མངར་མོ་ཁོ་ན་ཡིན་སྣང་གི་ཚོར་བ་དེ་དུས་ད་ལྟ་ཁྱེད་རང་གིས་མྱོང་གིན་ཡོད་ཚོད་ཡིན། མཐའ་ཟིན་པ་ལྟ་ཞོག་རྒྱབ་ཀྱང་མ་མཐོང་པའི་འཁྲབ་ཚན་དེས་ཁྱེད་ཀྱིས་བློ་ཡུལ་ཡོངས་སུ་ཁེངས་ཡོད་ངེས་རེད། འཇིག་རྟེན་ནི་ཧ་ཅང་གི་ཆུང་ངོ་། འཁོར་བ་ནི་དེ་ལས་ཀྱང་དོག་གོ་སྙམ་པའི་སྡོམ་ཚིག་ཅིག་ལ་འཆར་གཞི་འདེབས་ཀྱིན་ཡོད་ཚོད་རེད།
མདོར་ན་ད་ལྟ་ཁྱེད་རང་ལོ་ཆང་ཁམ་པ་འདྲ་བའི་དྲི་ངད་ཅིག་གིས་དྲན་པ་ཡིན་ནོ་ཅག་བན་བུན་དུ་བཏང་ཞིང་ལྗན་ལྗིན་ཞིག་བཟོས་ཡོད་པ་ཐག་གིས་ཆོད་ཀྱིན་འདུག རྒྱུ་མཚན་འུ་གཉིས་ཀྱིས་ནམ་རྒྱུན་གླེང་མྱོང་པའི་སྐད་ཆ་ཚོ་སའི་གོ་ལའི་གཡས་དང་གཡོན་ལྟ་བུའི་བར་ཐག་ཅིག་ཡོད་པ་དེ་གས་ལགས། ཁྱེད་ཀྱི་རྨི་ལམ་དུའང་འཁོར་མ་མྱོང་པའི་དོན་དག་དེ་ད་ལྟ་ཁྱེད་ཀྱི་རྨི་ལམ་ལས་བརྒལ་ཏེ་བསྐྱར་དུ་རྨི་ལམ་གཞན་ཞིག་ལ་དམིགས་པ་གཡེང་དུ་འཇུག་གིན་པ་ཚོར་བ་བྱུང་སོང་ངམ། ཡེ་ནས་བྱུང་ཡོད་ངེས་མ་རེད། སྐད་ཆ་གཅིག་གིས་འཐུས་པར་བྱ་ཆོག་ཏེ། ཁྱེད་ཀྱིས་མདང་དུབ་ངའི་རྣ་བ་འོན་གྲབས་དང་སྙིང་ཆུང་བཀད་གྲབས་ཀྱི་ངུ་ཤུམ་ལན་མང་བྱས་པ་དེ་ཁོ་ནས་གོ་བ་ལོན་ངེས་རེད།
ཁྱེད་ཀྱི་འཁུན་སྒྲ་ཟ་ཟི་དེས་སུ་ཞིག་གི་སྙིང་ལ་ཟུག་གཟེར་འབྱིན་ཡོད་མེད་ཤེས་སམ། མདང་དུབ་ཁྱེད་རང་བདེ་བ་ཡ་མེད་ཅིག་ཐོབ་ཉམས་ཀྱིས་གཉིད་དུ་ཡུར་ཤུལ་ནས་ངས་ད་དུང་བརྩེ་དུང་ཟེར་བའི་སྐད་ཆ་དེར་བསྐྱར་དུ་བསམ་བློ་བཏང་བ་ཡིན། སྐྱ་རེངས་མ་ཤར་པའི་སྔ་རོལ་ཏག་ཏག་ལ་ཁྱེད་ཀྱིས་སླར་ཡང་གཉིད་ལངས་བྱེད་པའི་འགོ་བཙུགས་ཏེ། ཁ་ཚུར་འཁོར་ཞིང་སྣ་བ་ལས་གོ་ལ་མ་གོ་བའི་དབུགས་སྒྲ་ཐན་ཐུན་ཞིག་གཏོང་གིན་ལག་པ་སྐེ་ལ་འཐམ་པའི་གྲ་སྒྲིག་བྱས་སོང་། སྐབས་དེར་ང་བྲེལ་འཚུབ་ཀྱིས་ཡར་ལངས་ཏེ་སྔས་འགྲམ་དུ་ཡོད་པའི་ཝུ་ཆང་གི་ཤེལ་དམ་དྲུག་པོ་སྙིགས་སྣོད་དུ་གཡུག་པ་ཡིན། དེ་ཡང་ཁྱེད་ཀྱིས་ཤེས་ཡོད་ཚོད་མིན།
ཁོ་བོ་བསྐྱར་དུ་ཁུ་སིམ་སིམ་གྱི་ངང་ནས་རང་གི་མལ་ས་རུ་ཡོང་བ་ཡིན། མགོ་བོ་སྔས་ལ་བཞག་པ་དང་བརྩེ་དུང་ཟེར་བའི་ཐ་སྙད་དེར་འགྲེལ་ཞིག་བཙལ་ཏེ། ལས་དབང་ལ་ཁ་གཡར་ཏེ་བརྩེ་དུང་ལ་རྡོག་བརྫིས་གཏོང་པའི་ལེའུ་ནི་བརྩེ་དུང་གི་དགྲ་བོ་རུ་བརྩི་རུང་བའི་སྐད་ཆ་ཞིག་ལ་མནའ་བསྒྲིགས་པ་ཡིན། བརྩེ་དུང་ནི་གཏིང་མི་ལོན་པའི་འཚོ་བ་ཞིག་ཡིན་ཚུལ་གྱི་འགྲེལ་བརྒྱབ་པ་ཏེ་བརྩེ་དུང་ཞེས་བསྙད་དུས་མི་སེམས་ལ་དྲི་གཞི་བཀོད་བྱེད་ཅིག་ཡིན་པར་བཟོས་པ་ནི་ཁོ་བོའི་སྙིང་ལ་གཟན་པའི་གྲིའུ་ཞིག་ཡིན་ཚུལ་གྱི་སྡོམ་གཅིག་ལ་གྲོགས་བསྒྲིགས་པ་ཡིན།
བརྩེ་དུང་གི་རིན་ཐང་གླེང་དུས། སུ་ཞིག་ལ་འཇོན་ཐང་དང་འབྱོར་ཕྱུག་ལྡན་མིན། སུ་ཚང་ལ་རིགས་རུས་ཀྱི་ངན་བཟང་ཡོད་མེད། གང་ཞིག་ཏུ་འཚོ་བ་ལ་དཀའ་ངལ་ཡོད་མེད་ཀྱི་བསམ་བློ་རྣག་གསོག་ཅིག་ནད་ཕོག་པ་རྐྱང་རྐྱང་གིས་བརྩེ་དུང་ལ་རྨ་ཁ་བཟོ་བ་ནི་བརྩེ་དུང་ལ་གནམ་འོག་ནས་གོ་ས་གང་ནས་སྟེར་ཏེ་དུར་སྦས་བྱ་སྤྱད་ཀྱི་ན་ཚ་མིག་ལ་གནོད་ཅིག་སེམས་གཟེར་བྱེད་ཀྱི་ནད་ཡམས་འཇིགས་ཡེར་བ་ཞིག་ཡིན་ལུགས་ཀྱི་རྒྱུ་མཚན་མཐའ་ཆོད་པ་ཞིག་ལ་གཉེན་བསྒྲིགས་པ་ཡིན། ད་གཟོད་ངས་ཁྱེད་ཀྱི་འགྲམ་པ་ལ་འཇམ་པོའི་འོ་ཞིག་བྱས་ཏེ་གཉིད་ཁུག་པ་ཡིན། ཁྱེད་ཀྱིས་ཚོར་བྱུང་སོང་ངམ། འདི་ནི་ཞེ་དུང་དུང་གི་འོ་མཐའ་མ་དེ་ཡིན་ཡང་སྲིད་པས། ཁྱེད་ཀྱིས་ལར་ནས་ཚོར་མེེད་ཤས་ཆེ།
ད་ལྟ་བསྐྱར་དུ་ངས་saxརོལ་དབྱངས་འདི་ལ་ཉན་རྩིས་ཡིན། ནམ་དུའང་ཉན་རྩིས་ཡིན། འདས་ཟིན་པའི་ན་ཟུག་ཚོ་དུར་མཆོད་བྱས་ཏེ་འཚོ་བ་ལ་བདེ་སྐྱིད་གསར་བ་ཞིག་ཡོང་པའི་ཡིད་ཆེས་དང་རེ་བའི་ཕྱིར་དུ་རོལ་དབྱངས་འདི་སྙིང་སྟོབས་སུ་སྒོམ་རྩིས་ཡིན། ཟླ་དགུའི་རྗེས་ཀྱི་མཚན་མོ་ཞིག་ལ་ངས་བསྐྱར་དུ་ཉན་རྩིས་ཡིན། སྨག་མཐུག་པའི་མཚན་མོ་དང་ཞེ་སྡུག་གི་ཉིན་མོ་ཚོར་ངས་རོལ་དབྱངས་འདི་ཁོ་ནར་ཉན་རྩིས་ཡིན། ངས་རོལ་དབྱངས་འདིའི་དབྱངས་འགྲོས་རེ་རེ་ནས་མ་འོངས་པའི་འཚོ་བ་ལ་ཁ་བྱང་ཞིག་འདེམས་རྩིས་ཡིན། མདོར་ན་འཚོ་བ་དང་བརྩེ་དུང་ནི་རོལ་དབྱངས་ལྟ་བུའི་མི་སེམས་ལ་ཟིལ་ཤུགས་བླ་མེད་བསྩལ་བའི་མན་ངག་ལྟ་བུ་ཞིག བླ་དང་སྲོག་ལྟ་བུ་ཞིག་གོ་ཞེས་རྫོགས་ཚིག་བྲི་བར་འདོད་དེའོ།
༢༠༡༥-༥-༢ ཉིན།