རྡོར་སྨྱོན་དོན་གྲུབ།
རྒྱང་རིང་གི་མྱི། ངས་ཁྱེད་རང་སེམས་ཀྱིས་གཅེས་ན་འདོད་ཡོད། ༼འཕྲིན་ཡིག་ཐེངས་བཅུ་གསུམ་པ།༽
རྒྱང་རིང་གི་མྱི། ཞོགས་པའི་ཉི་ཟེར་དང་ལྷན་དུ་ཁམས་བདེ་ཞུ། འཕྲིན་ལམ་ནས་སྐད་ཆ་མ་བཤད་པར་ཉིན་འགའ་འདས་ཟིན་པས། དེ་རིང་ཁྱེད་ཉིད་ལ་འཕྲིན་ཡིག་ཅིག་འབྲི་འདོད་སྐྱེས་སོང་། དེའི་ཕྱིར། ཁ་སང་བཞིན་རང་གི་གང་བསམ་པ་དག་ཤར་མར་ཕབ་རྩིས་ཡིན།
རྒྱང་རིང་གི་མྱི། ཉིན་འགའི་སྔོན་ཏག་ཏག་ལ། འུ་གཉིས་ཀས་བྱ་བའི་བྲེལ་ཟིང་དང་ལྷན་དུ་མ་འོངས་པའི་མི་ཚེ་ཞེས་སྙིང་གཏམ་ཅུང་ཙམ་ཞིག་བརྗོད་རྒྱུ་བྱུང་བ་ནི་ང་ལ་མཚོན་ན་ཧ་ཅང་གི་སྤྲོ་བོ་བྱུང་། ཐུགས་རྗེ་ཆེ། གོམས་འདྲིས་དང་རྒྱུས་ལོན་དེ་ཙམ་མེད་པར་མི་ཚེ་ཞེས་སྐད་ཆ་ཆེན་པོ་ཞིག་བཤད་རྒྱུ་ནི་དེ་ཙམ་གྱིས་ཡིད་མི་ཆེས་པ་ཞིག་ཡིན་མོད། ཁྱེད་ཉིད་བདག་གི་བག་ཆགས་སུ་ཟུག་པ་ཧ་ཅང་གི་ཤུགས་ཆེ་བས། སྐད་ཆ་དེ་ཚོ་ཡང་སེམས་ཀྱི་གཏིང་ནས་དབང་མེད་དུ་ཤོར་སོང་།
ད་ནི་སྐད་ཆ་དེ་ལ་མཇུག་ཡོད་པར་སྨོན། མི་ཚེ་ཞེས་པའི་སྐད་ཆ་དེ་ལ་རིན་ཐང་ཡོད་པར་སྨོན་ཞེས་རང་གིས་རང་ལ་ཤུགས་ཀྱིས་སྐུལ་བཞིན་ཡོད། འདི་ནི་ངའི་རེ་བ་དང་རྨི་ལམ་ཡིན་པས། དེ་ལྟར་སྒྲུབ་དགོས་པ་དང་དེ་བཞིན་འགྲུབ་འགྲོ་་བའི་ངེས་བ་གཏན་ནས་མེད་ཀྱང་རེ་བ་དེའི་མཐའ་མ་ཟད་བར་དུ་བདག་གིས་ཁྱོད་ཁོ་ནར་མི་ཚེ་ཞེས་པའི་སྐད་ཆ་བཤད་རྩིས་ཡིན།
འོན་ཀྱང་། ཁྱེད་ལ་ཡང་མདུན་ལམ་དང་དམིགས་ཡུལ་ངེས་ཅན་ཞིག་ཡོད་པས། བདག་དང་ལྷན་དུ་མི་ཚེ་ལ་བསམ་བློ་བཏང་ནི་རང་ཉིད་འཕྲོ་བརླག་ཏུ་འགྲོ་བྱེད་ཅིག་རེད་བསམ་ཚེ་ཉིད་ཀྱིས་དེ་བཞིན་དུ་བདག་ལ་ལན་འདེབས་གནོང་དང་། ངས་ཀྱང་ཁྱེད་ཀྱི་མདུན་ལམ་དང་རྨི་ལམ་ལ་བརྩི་བཀུར་གྱི་ཕྱིར་དུ་ཁྱེད་ལ་ལེ་བདའ་དང་ཁག་འདེད་མེད་པར་རང་གི་ཕམ་ཁ་རང་གི་ཕྲག་ཏུ་བླངས་ཏེ་ཡང་བསྐྱར་མི་ཚེ་ཟེར་བའི་སྐད་ཆ་དེའི་ཡང་སྙིང་འཚོལ་ཆོག
མ་གཞི་མི་ཚེ་ཞིག་མཉམ་དུ་བསྐྱལ་དགོས་ཚེ་ངེས་བར་དུ་ཕན་ཚུན་གཉིས་ལ་དགའ་མོས་དང་འདོད་པ་ཡོད་དགོས་པ་ལས་གཅིག་གི་ཨུ་ཚུགས་ལ་བརྟེན་ཏེ་མི་ཚེ་མཉམ་དུ་བསྐྱལ་བར་ཁས་ལེན་ཆོག་པ་ཞིག་གཏན་ནས་མ་རེད། དེའི་ཕྱིར། ནམ་ཡང་རང་རང་གི་འདོད་པ་བཞིན་འགྲོ་ཐུབ་པར་འབད་དགོས།
རྒྱང་རིང་གི་མྱི། རེད་དེ། འུ་གཉིས་བདེ་སྡུག་མཉམ་ཁུར་བྱེད་པའི་ཁྱིམ་ཚང་ཞིག་ཏུ་གསོན་མ་ནུས་ཀྱང་བདེ་སྡུག་མཉམ་གླེང་བྱེད་པའི་གྲོགས་པོ་ཞིག་ཅི་ནས་ཀྱང་ཡོང་དགོས། ད་ལྟའི་འབྲེལ་བ་འདི་ཡག་ཏུ་འགྲོ་དགོས་པ་ལས་སྡུག་ཏུ་ནམ་ཡང་འགྲོ་ཆོག་གི་མེད། མ་གཞི་བརྩེ་དུང་ཟེར་བ་འདི་ཟུར་གསུམ་དུ་འདུག་པས། ཅི་ཡང་ཡོང་སྲིད་པ་འདྲ་བོ་འདུག་མོད། སྐབས་གང་ཞིག་གི་ཚེ་ལ་ཕན་ཚུན་ལ་བསམ་ཤེས་དང་ཡིད་ཆེས་བྱ་རྒྱུ་ནི་ཧ་ཅང་གལ་ཆེ་བར་འདོད་ལ། ནམ་ཡང་དེ་ལྟར་འགྲོ་ཐུབ་ཚེ་མཐུན་སྒྲིལ་ཟེར་བ་དང་འཆམ་མཐུན་ཟེར་བ། ཡང་ན་བརྩེ་དུང་ཟེར་བ་ལ་སོགས་ཀྱི་བདེ་སྐྱིད་ཀྱང་དེ་ག་ནས་རྙེད་མི་ཡོང་ངམ་སྙམ། དེའི་ཕྱིར། ང་རང་ངོས་ནས་ཕྱི་གསལ་ནང་གསལ་གྱིས་དེ་ལ་ཅི་ནས་ཀྱང་འབད་པ་བྱ་རྩིས་ཡིན། ཉིད་ཀྱིས་ཇི་ལྟར་བྱས་ཀྱང་ངས་ལེ་བདའ་བྱ་མི་སྲིད། གོ་སོང་ངམ།
རྒྱང་རིང་གི་མྱི། ང་འབྲོག་པ་རྩྭ་ཐང་ནས་འཚར་ལོངས་བྱུང་བའི་འབྲོག་ཕྲུག་ཅིག་ཡིན་ཕྱིན། གཞན་ལ་དོགས་པ་དང་ཐེ་ཚོམ་སྐྱེས་ཚེ་འགྲེལ་བཤད་འདྲ་མིན་རྒྱག་པའི་གོམས་སྲོལ་དེ་མི་འདུག ཅིག་མིན་འགྲོ། ཉུག་མིན་འགྲོ་སྙམ་པའི་འདུ་ཤེས་ཀྱང་དེ་ཙམ་མི་འདུག ཡོད་ཚད་ལ་ཡིད་ཆེས་འདྲ་ཞིག་བྱེད་རྒྱུ་ཧ་ཅང་གོམས་འདུག གོམས་གཤིས་འདིའི་རྐྱེན་པས་ང་ལ་ཕམ་ཁ་སྤྲད་པ་ཡང་ཉུང་ཉུང་མིན་མོད། ད་དུང་ཡང་གོམས་གཤིས་འདི་ཡེ་ནས་དོར་ཐུབ་ཀི་མི་འདུག
ངོ་ཤེས་ཚད་པོ་གང་མགྱོགས་ཀྱིས་འདྲིས་ནས་འགྲོ་བཞིན་འདུག་ལ། འདྲིས་པ་ནས་རྣམ་རྟོག་དང་ཐེ་ཚོམ་མེད་པར་ཀུ་རེ་དང་ཀུ་རེ་མ་ཡིན་པའི་སྐད་ཆ་ཡང་གང་འདོད་འདོད་དུ་བཤད་བཞིན་ཡོད་མོད། རེ་ཞིག་གོམས་གཤིས་དེར་ཉོབ་ཀྱིན་པ་འདྲ། འོན་ཀྱང་རང་ངོས་ནས་ཇི་ལྟར་བཅོས་བསྒྱུར་བྱས་ཏེ་ཁོང་ཚོར་དགོངས་དག་ག་འདྲར་ཞུ་དགོས་མིན་ཡང་ཆ་འཚལ་གྱིན་མི་འདུག
ཨོ་རེད། ངས་བཤད་འདོད་པ་ངོ་མ་བོ་ནི། ཉིན་འགའི་སྔོན་དུ་ངས་རང་སེམས་ཀྱི་སྐད་ཆ་དམར་དམར་བོ་དེ་ཁྱོད་ལ་མ་གསང་སྲོང་བོར་བརྗོད་ཚར་ཡིན། སྐབས་དེ་དུས་ཁྱེད་ལ་དགའ་རོགས་མེད་ཤག་ཤག་གི་རྣམ་འགྱུར་ཁྲོད་ནས་སྐད་ཆ་གང་འཚམ་ཞིག་བཤད་ཚར་རེད། སྐབས་འདི་ཤེད་དུ་ཡང་བསྐྱར་ཡིད་དུ་དྲན་ཡོང་བ་ནི་ཁྱེད་ཀྱང་ལོ་ཚོད་སོགས་གང་ནས་བལྟས་ཀྱང་ད་ནི་དགའ་རོགས་སམ་ཡང་ན་མི་ཚེ་ལ་རེ་བཅོལ་ས་ཞིག་ཡོད་ཆོག་པས། དེ་དག་གི་གནས་ཚུལ་གང་ལའང་རྒྱུས་ལོན་དང་གསལ་ཁ་མེད་པར་བདག་གིས་རང་གིས་གང་འདོད་པ་དག་ཐེ་ཚོམ་དང་ངོ་ཚ་མེད་པར་ཤར་མར་གློད་ཟིན་པ་ཡིན་པས། གཅིག་བྱས་ན་ཁྱེད་ཀྱི་བརྩེ་དུང་ལ་བརྩི་བཀུར་མ་བྱས་པའི་རྣམ་འགྱུར་འདྲ་དང་གཅིག་བྱས་ན་ཁྱེད་ཉིད་སུན་པོ་ཆགས་པའི་དོན་དག་ཅིག་ཀྱང་ཆགས་ཡོད་པར་བསམ་ན་ངས་རང་ཉིད་ལ་ལེ་བདའ་རེ་བྱེད་དགོས་ཐུག་རྒྱུ་འདུག
སྤྱིར་བཏང་གི་ང་མི་ལ་སུན་པོ་ཆགས་པར་ཧ་ཅང་ཞེད་ཀྱིན་ཡོད། ང་ལའང་གཞན་གྱིས་སུན་པོ་བཟོས་ན་ཧ་ཅང་ཉོབ་ཀྱིན་ཡོད། དེའི་ཕྱིར། ཁྱེད་ཉིད་ལ་ག་འདྲ་ཆགས་ཡོད་མེད་ཁོ་བོ་ཚམ་ཚོམ་དུ་ལུས་ཡོད། ཁྱེད་རང་ཉོབ་ཀྱིན་འདུག་གམ། ངའི་གཤིས་ཀ་ངན་ངོན་འདི་ལ་ཉོབ་ཀྱིན་འདུག་གམ། ཡང་ན་ནམ་ནམ་རྒྱུན་རྒྱུན་དུ་མི་ཚེ་ཞེས་པའི་ཚིག་ཟུར་དེ་ཤོར་འགྲོ་བ་དེར་ཉོབ་ཀྱིན་འདུག་གམ། ངས་ཁྱེད་ལ་བདེ་སྐྱིད་མ་སྤྲད་ཀྱང་སུན་པོ་བཟོ་འདོད་ནམ་ཡང་མེད་པས། ཁྱེད་ལ་སུན་པོ་སྤུ་ཙམ་ཞིག་བཟོས་ཀྱང་ང་ལ་དེ་ལྟར་ལོབས་དང་། ངས་གང་ཐུབ་ཀྱིས་བཅོས་བསྐྱུར་བྱ་དགོས། ངོ་མ་ཡིན། ཁྱེད་ཀྱི་ཆེད་དུ་ཇི་ལྟར་བྱ་དགོས་ཀྱང་གང་ཐུབ་ཐུབ་བྱ་ངེས་ཡིན།
རྒྱང་རིང་གི་མྱི། གཅིག་བྱས་ན་འཕྲིན་ཡིག་འདི་ཁྱེད་ལ་ཀློག་འདོད་མེད་ཀྱང་སྲིད་ལ། འཕྲིན་ལན་འབྲི་ཁོམ་མེད་ཀྱང་སྲིད། གང་བྱས་ཀྱང་ཡོད་ཚད་ཁྱེད་རང་ཉིད་ཀྱི་འདོད་མོས་བྱོས། གལ་ཏེ་རྗེས་སུ་ཁྱེད་རང་ལ་དུས་ཚོད་སོགས་སྟབས་བདེ་བྱུང་ན་འུ་གཉིས་ཀའི་ཡིག་ལམ་ནས་སྐད་ཆ་བཤད་རྒྱུ་འདི་ལ་འབད་པ་ཅུང་བྱས་ན་བསམ་ཡོད། རྒྱུ་མཚན་ནི་འདིའི་མཇུག་མུ་མཐུད་དུ་མཐུད་ནས་སོང་ཚེ་ཧ་ཅང་རིན་ཐང་ཡོད་པར་སྙམ།
ངས་ནམ་རྒྱུན་རྨི་ལམ་འདི་འདྲ་ཞིག་རྨིས་བཞིན་ཡོད། མ་འོངས་པའི་ཆུང་མས་མི་ཚེའི་ཚོར་སྣང་དང་ལྟ་ཚུལ་ཡོད་ཚད་ཕན་ཚུན་ལ་འཕྲིན་ཡིག་ལས་འབྲི་བཞིན་མི་ཚེ་ལ་བཞི་ཤད་བཀོད་རོགས་བྱས་ན་ཇི་འདྲའི་གཟི་བརྗིད་དང་རིན་ཐང་ཆེ་བར་སྙམ་བཞིན་འདུག
འདི་ནི་མངོན་གྱུར་མེད་པའི་རྨི་ལམ་ཞིག་ཡིན་སྲིད་མོད། བློ་འགྱོད་ནམ་ཡང་བྱ་རྩིས་མེད། དེང་སྐབས་ཁྱེད་ལ་ཁོམ་ལོངས་མེད་པ་ཤེས་ཡོད། དེའི་ཕྱིར། མ་བྲིས་ཀྱང་ངས་ཁྱེད་ལ་བསམ་ཤེས་བྱེད་ཐུབ་ཀྱིན་འདུག སྐད་ཆ་མང་པོ་མང་པོ་ཞིག་བཤད་དེ་ད་ཡང་འཕྲོས་ནས་འགྲོ་བཞིན་འདུག དེ་རིང་འདི་ནས་མཚམས་འཇོག་དགོས། གལ་ཏེ་ཁྱེད་རང་ངའི་འཕྲིན་ཡིག་ཀློག་འདོད་ཡོད་ཚེ་མུ་མཐུད་དུ་ཁྱེད་ཀྱིས་འབྲི་མ་ཐུབ་ཀྱང་ངས་གང་ཐུབ་ཐུབ་འབྲི་བར་འབད་དགོས། དེ་འགྲིག་གམ། ད་ཁྱེད་ལ་ཁ་པར་གཏོང་རྒྱུ་སྐར་མ་བཅོ་ལྔ་ལས་ལྷག་འདུག ང་དུས་ལྟར་བསུ་རུ་ཡོང་དགོས་ལོ།
༢༠༡༦-༡-༢༤ ཉིན།