ཁྲོ་གཏུམ།
ཕ་ཡུལ་དང་བྲལ་ཏེ་ལོ་ངོ་བཅུ་གཉིས་ལྷག་ཕྱིན་པའི་རྒྱལ་ཁམས་པ་ཆུང་ཆུང་ཞིག་སྟེ། རྒྱལ་ཁབ་ཆེ་ཆུང་བརྒྱུད་དེ་ཞི་བདེ་རྒྱ་མཚོ་དང་ཧིན་རྡུ་རྒྱ་མཚོའི་བར་ལ་གནས་པའི་གླིང་ཕྲན་བདུན་གྱི་ཡ་གྱལ་ཨོ་སཱི་ཊོ་ལི་ཡ་རྒྱལ་ཁབ་གཅིག་པུར་དབང་བའི་ཨོ་གླིང་གླིང་ཕྲན་ལ་འབྱོར་བ་ནི་ངའི་ལས་དབང་གི་ལམ་ཁ་ཞིག་ཏུ་གྱུར།
ཡུལ་མདོ་དབུས་མཐོ་སྒང་ལ་བར་ཐག་ཆེས་རིང་བའི་གླིང་ཕྲན་འདིར། ཁྱེད་ཀྱི་ཚ་བུ་ཞིག་གིས་བསོད་ནམས་ཆེ་ཞིང་ཚེ་ཐག་རིང་བའི་རྨོ་མོའི་གྱ་སྟོན་གྱི་ཉིན་མོ་གལ་ཆེན་པོ་དེར་རྒྱང་ཉན་བྱེད་བཞིན། བོད་ཀྱི་ཡུལ་སྲོལ་ལྟར་ན་བྱིས་པ་ལོ་གསུམ་ལོན་པའི་མནོལ་སྟོན་དང་རྒན་པ་ལོ་བརྒྱད་ཅུར་བུད་པའི་གྱ་སྟོན་ཞེས་སྲོལ་བཟང་གི་རྒྱུན་མ་ཉམས་པར་ད་ལྟ་ད་རུང་ཡང་གནས་བཞིན་པའི་ཕ་ས་གོར་མོ་རུ། རྨོ་མོ་ཁྱེད་རང་གི་འདོད་པ་ལྟར་ཧ་ཅང་རྒྱས་པ་མ་ཡིན་པར་ཆེས་སྟབས་བདེ་བའི་བརྒྱད་བཅུའི་གྱ་སྟོན་བྱས་ཤིང་། ཚ་བོ་ཚ་མོས་ཁྱོད་ཀྱི་མཐའ་བསྐོར་ནས་བཀྲ་ཤིས་ཁ་གཡང་གི་འབོད་པ་འཚང་ཁ་ཤིག་ཤིག་གིས་སྙན་ལམ་ལ་འབུལ་བའི་ཁྲོད་དུ། གཅིག་ལྷག་ཡོད་པ་ནི་ཚ་བུ་ངས་ཆེས་ཐག་རིང་བའི་ས་ཕྱོགས་དེ་ནས་དེང་རབ་བརྡ་འཕྲིན་གྱི་འཁོར་སྐར་བརྒྱུད་དེ། ཁྱེད་ཀྱི་གྱ་སྟོན་ལ་རྟེན་འབྲེལ་ཞུས་པའི་སྒྲ་དེ་རེད། ༼ཉིན་དེའི་ཁྱེད་ཀྱི་བྲེལ་འཚུབ་དང་ངའི་ཁ་པར་གྱི་བརྡ་རྟགས་མ་རྒྱུགས་པའི་དབང་གིས་རྟེན་འབྲེལ་གྱི་སྐད་ཆ་ཐུང་ངུ་ཞིག་ལ། ཁྱེད་ཀྱིས་ཞལ་ལན་དུ། མགྱོགས་པོར་ཤོག་དང་ཇ་བསྐོལ་ནས་བལྟས་བསྡད་ཡོད་༽ཅེས་པའི་ཚིག་སྟེ། དེ་ནི་ངའི་ཞེ་སེམས་ཀྱི་གཏིང་ལ་དཔར་ཤིང་། སྨྲེང་བ་ཞིག་དང་བཅས་ཡལ་མེད་དྲན་འཛིན་གྱི་རྡོ་རིང་ངོས་སུ་བརྐོས།
ཡིན་ནའང་། དེང་རབས་འཛམ་གླིང་གི་མི་རྣམས་ཀྱི་བར་ཐག་རིང་ཡང་རྒྱལ་ཁབ་དང་རྒྱལ་ཁབ་ཀྱི་བར་ལ་གནམ་གྲུ་ཡི་འགྲོ་འོང་ཧ་ཅང་སྟབས་བདེ་མོད།གནད་དོན་གང་མང་ཞིག་གམ། ཡང་ན་གནས་ཚུལ་འདྲ་མིན་ཞིག་གིས་ང་ཁྱེད་ཀྱི་གྱ་སྟོན་ལ་དངོས་སུ་བཅར་མ་ཐུབ་ལ། ངས་གོ་རེ་ལོ་བརྒྱ་དང་ཁ་ཏགས་དཀར་པོ་འཐེན་ཐུབ་མེད་ཅིང་། དེང་རབས་ཀྱི་འགྲོ་ལུགས་ལྟར་བཀྲ་ཤིས་རྟགས་བརྒྱད་ཀྱི་དཀར་ཡོལ་ནང་དུ་འོ་ཇ་གང་འདྲེན་པའི་སྐལ་བའང་མ་བྱུང་།རྒྱང་རིང་རྒྱང་རིང་ཞིག་ཏུ་ཁ་པར་གྱི་སྣེ་མོ་གཉིས་པ་མཐུད་དུས། ༼ཁྱེད་ཀྱིས་ལོ་སར་དང་སྟབས་བསྟུན་པའི་གྱ་སྟོན་གྱི་ཉིན་མོ་དེར་ངའི་ཁ་པར་ལ་སྒུག་ཡོད་ཅིང་། འོན་ཀྱང་ཁྱོད་ཀྱིས་ཁ་པར་འབྱོར་ཟིན་པ་ནི་ཁ་པར་བརྡ་རྟགས་ཀྱི་དབང་གིས་ཆད་སོང་བ་དང་། ཚ་བོ་ཁ་ཤས་རྟེན་འབྲེལ་ཞུ་རུ་འབྱོར་མ་ཐག་ཡིན་པ་མ་ཟད་། སེམས་སྨྲེང་བའི་མིག་ཆུ་ཤོར་བ་དང་དུས་མཉམ་འཁེལ་སོང་༽ཞེས་ཞལ་ལན་གདབ་སོང་།
ཁྱེད་ཀྱིས་མཁྱེན་སྲིད། ཁྱོད་ལ་ཚ་བོ་ཚ་མོ་ཧ་ཅང་མང་། དེ་དག་ནི་ཀོའུ་སྡེ་བླ་རོང་འབྲོག་འཚོ་བ་བཅོ་བརྒྱད་ཀྱི་སྟོད་སྨད་བར་གསུམ་གང་སར་གནས་ཤིང་།དེ་ལས་ཐག་རིང་ཞིང་། ཉི་ཟླའི་འཆར་ནུབ་མི་འདྲ་བ། དབྱར་དགུན་མི་འདྲ་བའི་རྒྱལ་ཁབ་ཞིག་ནས་ཁྱེད་ཀྱི་གྱ་སྟོན་གྱི་ཉི་མོར་ཁ་པར་ལས་རྟེན་འབྲེལ་ཞུས་པ་ཙམ་ལས་ཅི་ཡང་བྱེད་ཐུབ་མེད་ཅིང་། མི་སེམས་ནི་ཞེ་ཆགས་ས་གཅིག་ལ་ཁེན་ཡོད་པ་ལྟར། སེམས་པའི་རྟ་ཕོ་ནི་ནམ་ཡང་ཕ་ཡུལ་གྱི་རྩྭ་ཐང་དང་ནགས་རི། སྤང་རི་ལ་བང་གིས་རྒྱུགས་འགྲོ་ལ། ལན་རེར་སེམས་པ་འདི་རླུང་བུ་འཇམ་པོ་ཞིག་ཏུ་སྤྲུལ་ཏེ་ལོ་བརྒྱད་བཅུར་བུད་པའི་རྨོ་མོ་ཁྱེད་ཀྱི་སྐྲ་ལོ་དཀར་པོ་རེ་རེའི་འདབས་སུ་བྱིལ་བྱིལ་དང་། སེམས་བསམ་པའི་གཏིང་ལ་ལྷུང་བ་ཞིག་སྟེ། ཁྱེད་ཀྱི་ཞལ་རས་ཀྱི་དཔྲལ་བའི་ངོས་སུ་ཐོན་པའི་རྒས་གཉེར་དེ་དག་ནི། ངས་ཁྱེད་རང་དངོས་སུ་མ་མཐོང་བའི་ལོ་ཟླ་དེའི་ཁྲོད་ཀྱི་རེ་སྒུག་གི་རི་མོ་རེ་རེ་ཡིན་པར་ངོས་འཛིན་ཐོབ་པ་དེའོ།། ལུས་ཀོག་གིས་བར་ཐག་བཅད་ཀྱང་སེམས་པའི་རྐང་འགྲོས་ནི་ནམ་ཡང་རང་ཉིད་ཀྱི་ཆུང་དུས་སུ་ཕྱོགས་ཤིང་། གནས་དེ་ནི་ངའི་གསོན་ཤུགས་དང་རེ་སྨོན་ཡིན་ལ། རྨོ་མོ་ལགས་ཀྱི་རེ་སྨོན་ནི་ངའི་མི་ཚེ་འདིའི་ཚེ་ནོམ་དང་ས་མཐའི་སེམས་ཁོང་གི་དྲོད་ཐིག་ཉག་གཅིག་ཡིན།
ཞེས་ ༢༠༢༠ ཟླ་ ༠༢ ཚེས་ ༠༡ ཉིན་བྲིས་ཏེ་ཨོ་གླིང་མཁའ་དབྱིངས་སུ་རྨོ་མོའི་ཕྱོགས་སུ་བསྐྱོད་པའི་སྤྲིན་པ་དང་རླུང་བུར་སྐུར།