སྤྱན་ཆེན་པོ།
རྒྱང་རིང་ནས་གོམ་སྒྲ་ཞིག་གྲགས་སོང
དེ་ནི་རྣ་ལམ་ལ་སྙན་པའི་གོམ་སྒྲ་ཞིག་རེད
ལག་པས་མིག་ཟུང་ལ་ཕུར་ཕུར་འགའ་བྱས་ནས
རྣ་བས་ཀྲོག་ཀྲོག་ངང་ཡང་བསྐྱར་གོམ་སྒྲ་ལ་ཉན་དུས
དེ་ནི་རླུང་གིས་དེད་པའི་ཕུང་བོ་ཞིག་དང
འོད་ལ་སྦྲུམ་པའི་རྣམ་ཤེས་ཤིག་རེད
ཕུང་བོ་དེའི་རྒྱབ་གཟུགས་ལ་ཅེར་བ་ན
རྣམ་ཤེས་དེའི་ཁ་དོག་ལ་བལྟས་པ་ན
མཐོང་ལམ་ཡོད་ཚད་རབ་རིབ་ཏུ་གྱུར་ནས
སྲོག་དབུགས་ཀྱི་འཕར་སྒྲ་དེ་ཡང
ལྷོད་ཀྱིས་ལྡིང་ཞིང་ཡུན་གྱིས་འཇགས་སོང
ལྷོད་འཇགས་ལ་འཐིམ་པའི་མཚོ་མོ་དེའི་ཕ་རོལ་རྒལ་སྐབས
གྲུ་ངོས་སུ་རྡེག་པ་དང་འདྲ་བའི་རྦ་རླབས་ཤིག་གིས
ཁོ་བོ་ཡོངས་སུ་དཀྲོགས་སོང
མ་གཞི་གོམ་སྒྲ་དེ་ནི་སྒྱུ་འཕྲུལ་གྱིས་བཞེངས་པ་ཞིག་དང
ཚོར་ཤེས་ཀྱིས་བསྐྲུན་པ་ཞིག་རེད
2014.06-16 ཉིན་བྲིས།
སྙན་བྱུང་།