མེ་ཏོག་དཀར་པོ།
ས་གནས་གང་ཞིག་ཏུ་མི་རིགས་དེའི་མི་འབོར་བརྒྱ་ཆ་ལྔ་བཅུ་ལས་ཉུང་བ་ཡོད་ན་མི་རིགས་སམ་ཚོགས་སྡེ་དེས་ཁོར་ཡུག་དེ་ལ་དབང་བསྒྱུར་རྒྱུ་ཧ་ཅང་གི་དཀའ་ལས་རེད་ལ། དེ་བས་དེང་དུས་མང་གཙོའི་སྲོལ་ལྟར་ན་མི་འབོར་ཉུང་བ་དེ་གང་ཅིའི་ཐད་རྒྱལ་ཁ་ཐོབ་མི་སྲིད། དེ་ལ་མིག་སྔར་འཛམ་གླིང་དུ་མི་འབོར་ཐེར་འབུམ་བདུན་ཡོད་པ་ལས་བོད་པ་ནི་ས་ཡ་དྲུག་རེད། དེ་དག་ཀྱང་བོད་གཙོ་བྱས་པའི་འཛམ་བུའི་གླིང་དུ་གྲམ་ནས་ཡོད་ལ་བོད་མི་འབུམ་ཁ་ཡར་ཕྱི་ལ་སྡོད་པ་ལས་ཕལ་ཆེ་བ་བོད་རང་ལ་ཡོད་མོད། བཙན་བྱོལ་བོད་མིའི་དབུས་སྒྲིག་འཛུག་ཁང་ལྟར་ན་དེ་དག་ཀྱང་ཉིན་རེ་བཞིན་རང་ཡུལ་རང་དུ་གྲངས་ཉུང་མི་རིགས་སུ་འགྱུར་བཞིན་པ་རེད། གྲོགས་པོ་ཚོ། བོད་མི་རིགས་འདི་ཆོས་ཕྱོགས་ནས་བསམ་ན་བོད་མི་རིགས་སུ་སྐྱེས་པ་ཙམ་ནས་ཧ་ལམ་ཧ་ལམ་རྒྱུ་དཔེ་གྲངས་གསུམ་གྱིས་རྙེད་པར་དཀའ་བར་བསྟན་པའི་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཟེར་བའི་རྩ་ཆེན་གྱི་ལུས་རྟེན་རེད་འདུག་ལ། འཇིག་རྟེན་ཕྱོགས་བསམ་ནའང་བོད་མི་རིགས་ནི། མཉེན་ལ་བྱམས་ཤིང་དགྲ་ལ་དཔའ་བ། གཤིས་རྒྱུད་འཇམ་ཤིང་བཟོད་སྲན་ཆེ་བ། རྣམ་དཔྱོད་གྲུང་ཤིང་ཤེས་རིག་བཀྲ་བ། དད་པ་དང་སྙིང་རྗེ་རང་ཆས་སུ་ཡོད་པ། མི་ལོ་སྟོང་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་འབུར་ཐོན་དུ་ཡོད་པ་དེ་འདྲ་རེད། ཡིན་ནའང་དེའི་གྲངས་འབོར་ནི་གོང་དུ་ཞུས་པ་བཞིན་ས་ཡ་དྲུག་རང་རེད་ལ། ས་ཡི་གོ་ལའི་སྟེང་མི་ཐེར་འབུམ་བདུན་དང་། རྒྱ་ནག་གི་རྒྱལ་ས་བེ་ཅིང་གཅིག་པུའི་ནང་མི་འབོར་ས་ཡ་ཉི་ཤུ་ལྷག་ཡོད་པ་སོགས་ལ་གཞིག་ན་བོད་མི་ནི་ཆེས་ཉུང་ཉུང་རེད། དེ་འདྲའི་དཀོན་ཅིང་བཟང་བའི་རྩ་ཆེའི་མི་རིགས་དེ་འཇིག་རྟེན་འདིར་འཕེལ་བ་ལ་འགོག་རྐྱེན་ཞིག་ཡོད་པ་ནི་ད་ཡོད་བོད་པ་ཕ་མ་དག་གིས་བསམ་བཞིན་དུ་སྐྱེ་སྒོ་བཀག་པ་དང་། ཕྲུ་གུ་བསྐྱེད་ཀྱང་དེ་དག་གྲྭ་པ་དང་ཨ་ནེ་བཟོས་པ་དེ་རང་ཡིན། དེ་ནི་ཤིན་ཏུ་མི་འོས་པ་ཞིག་ཏུ་མཐོང་ཞིང་སྔ་མོའི་བུ་གསུམ་བར་པའི་ཆོས་ཁྲལ་དང་ད་ཡོད་བུ་ཕྲུག་དག་གྲྭ་བཙུན་བཟོ་བའི་ལམ་ལུགས་འདིས་མི་ལོ་སྟོང་ཕྲག་ལྷག་ནས་མི་རིགས་བཟང་པོ་འདི་འཛམ་བུ་གླིང་སྟེང་དུ་འཕེལ་རྒྱས་འགྲོ་རྒྱུ་ལ་ཚད་བཀག་ཤུགས་ཆེན་བྱས་ཤིང་འཛམ་གླིང་སྤྱི་དང་ཁྱད་པར་སྒང་པ་བོད་ལ་གྱོང་གུད་ཚད་མེད་ཕོག་ཏུ་བཅུག་ཡོད།
ད་ནི་ཆོས་དང་འཇིག་རྟེན། དཔལ་འབྱོར་དང་རིག་གཞུང་། མི་རིགས་དང་ལ་རྒྱ་སོགས་ཕྱོགས་གང་དུ་སྡད་ནས་བལྟས་ཀྱང་བོད་མི་རིགས་འདི་སྤེལ་དགོས་པ་ནི་ཤིན་ཏུ་གལ་ཆེན་ཞིག་ཏུ་མཐོང་སྟེ། སྲོང་བཙན་སྒམ་པོ་ལྟ་བུའི་སྒམ་རླིང་ཅན་གྱི་བུ་སྐྱེ་དགོས་ལ། ཡེ་ཤེས་མཚོ་རྒྱལ་ལྟ་བུ་མཛངས་མ་དག་སྐྱེ་དགོས། སོམས་དང་། ༧གོང་ས་མཆོག་གི་ཡབ་ཆེན་གྲྭ་པ་དང་མ་ཡུམ་ཨ་ནི་ཡིན་ཚེ་ངེད་ཅག་གི་མགོན་པོ་དེ་འཛམ་གླིང་ནང་ཇི་ལྟར་འཁྲུངས། དེང་དུས་གྲངས་དྲུག་ཅུ་ལས་བརྒལ་བར་མེ་རུ་སྒྲོན་པའི་དཔའ་རྒོད་དེ་དག་ཀྱང་མི་རིགས་སྐྱེད་འཕེལ་བྱས་པའི་འབྲས་བུར་ངེས་ཤིང་། དངོས་ཤུགས་གང་རུང་གིས་སྐྱེ་སྒོ་བཀག་པའི་ལམ་ནས་དཔའ་རྒོད་ག་ཚོད་ཅིག་འཇིག་རྟེན་འདིར་སྐྱེ་རུ་མ་བཅུག་པ་མ་མིན་ནམ། ཀ་ཅོག་ཞང་ལྟ་བུའི་མཁས་པ་ཇི་སྙེད་ཅིག་འཛམ་བུ་གླིང་དུ་ཡོངས་མ་བཅུག་པ་མིན་ནམ། དེས་ན་ངེས་པར་སྐྱེ་སྒོ་དངོས་ཤུགས་གང་ནས་ཀྱང་དགག་མི་འོས་སྙམ་མོ།།
དེ་ལ་དེའི་སྐོར་བཟང་ཕྱོགས་ནས་བསམ་ན་བཙན་བྱོལ་བོད་མིའི་དབུས་སྒྲིག་འཛུག་ཁང་གཙོར་བྱས་པའི་བཙན་བྱོལ་ནང་གི་སྒྲིག་འཛུག་ཆེ་ཕྲ་མང་དག་ཅིག་འདིའི་སྐོར་ལ་བློ་ཁ་ཕྱོགས་ཤིང་སྐྱེ་སྒོ་མི་དགག་པའི་ལམ་སྟོན་བཀའ་སློབ་དང་། བུད་མེད་ཚོགས་པའི་ངོས་ནས་ཀྱང་ཕྲུ་གུ་གྲངས་མང་ཤོས་བསྐྱེད་པའི་ཨ་མ་ལ་གཟེངས་རྟགས་གིས་དཔའ་བསྐྱེད་དེ་ཕྲུ་གུ་མང་པོ་སྐྱེད་དགོས་པའི་བསྐུལ་མ་འང་བྱེད་བཞིན་པ་དང་། དེ་བཞིན་ཕ་མ་དག་གིས་རང་རང་གི་བུ་ཕྲུག་རྣམས་དགོན་པར་གཏོང་རྒྱུ་ལས་ལྡོག་སྟེ་སློབ་གྲྭ་སོགས་སུ་བཏང་སྟེ་གཅིག་ནས་བུ་ཕྲུག་རང་གི་མདུན་ལམ་ལ་མནོ་བསམ་དང་གཉིས་ནས་བོད་མི་རིགས་ཀྱི་འཕེལ་རྒྱས་ལའང་བསམ་བློ་གཏོང་བ་རེད་པས་དགའ་འོས་ཤིང་དགོན་པ་ཁག་ཏུ་གྲྭ་རྒྱུན་གཏོང་ལ་ཉེ་འོ་ཞེས་པའི་གཏམ་བཟང་ཞིག་ཀྱང་ལྷང་ལྷང་ཐོས་གིན་འདུག་པ་ནི་ཆེས་དགའ་འོས་པ་རེད། ཡིན་ནའང་ལྡོག་ཕྱོགས་ནས་བསམ་ན་ད་དུང་བཙན་བྱོལ་བོད་མི་མང་པོ་ཞིག་གིས་རྒྱ་གར་གྱི་བུ་ཕྲུག་སྲིད་བྱུས་༼ངེད་གཉིས། ང་ཚོའི་གཉིས།༽ ཞེས་བུ་ཕྲུག་གཉིས་ལྷག་མི་བཙའ་བའི་སྲིད་བྱུས་དེ་རང་ངོས་ནས་དང་དུ་ལེན་བཞིན་ཡོད་པ་ནི། གཅིག་ནས་རྒྱ་གར་མི་འབོར་འཕེལ་ཚད་ཆེ་བའི་དཀའ་ངལ་ལ་ལྟོས་ཏེ་བཟོས་པ་ལས་དེ་འདྲའི་སྲིད་བྱུས་བོད་པའི་ཆེད་མིན་ལ་བོད་པ་ལ་མི་འཚམས་པའང་ཡིན་པ་མ་ཤེས་པ་དང་། གཉིས་ནས་གནས་སྐབས་ཀྱི་བུ་ཕྲུག་མང་བའི་བསུན་སྣང་དང་དཔལ་འབྱོར་དཀའ་ངལ་ལའང་བསམ་པ་ཡིན་སྲིད་མོད་ཕུགས་ནས་བུ་ཕྲུག་མི་བཙའ་བའི་ཐབས་ལམ་འདིས་ངེད་ཅག་ལ་དཀའ་ངལ་ཤིན་ཏུ་ཆེ་བ་འབྱིན་རྒྱུའི་སྐོར་ལ་ཐུགས་བསམ་མ་བཞེས་པར་ཟད། དེ་བཞིན་དུ་གཙོ་བོ་དགེ་ལུགས་པ་དག་གིས་ཨི་ཤུའི་ཆོས་སྤེལ་རིང་ལུགས་ཇི་བཞིན་ཆེད་དུ་མི་འགྲོ་མངགས་ཏེ་མང་ཡུལ་ལ་དྭགས་ནས་ཧི་མ་ཅལ་ཁུལ། བལ་ཡུལ། འབྲས་ལྗོངས། འབྲུག མོན་བར་གྱི་རི་བོ་ཧི་མ་ལ་ཡའི་ཁུལ་དུ་བསྐྱོད་དེ་དེ་གའི་བུ་ཕྲུག་དག་རྒྱུ་རྔན་ཁ་བསླུས་ཀྱིས་བསྡུས་ཏེ་གྲྭ་པར་བཅུག་བཞིན་འདུག་པ་ནི་མི་ལེགས་ཏེ། གཅིག་ནས་ཧི་མ་ལ་ཡའི་མི་རིགས་དག་ཀྱང་བོད་རིགས་ཡིན་ཞིང་གྲངས་ཉུང་མི་རིགས་ཀྱང་ཡིན་པས་མི་འབོར་འཕེལ་རྒྱས་ལ་གནོད་ཅིང་། གཉིས་ནས་ཕྲུ་གུའི་འདུན་ལམ་རྩ་མེད་གཏོང་བའི་ཉེས་པ་འབབ་ལ། གསུམ་ནས་ཁོ་རང་ཚོའི་མངའ་ཁོངས་རྒྱ་བསྐྱེད་ཀྱི་ཆེད་དུ་ལས་སངས་རྒྱས་བསྟན་པ་ཐུགས་ལ་བརྣག་པ་ག་ནས་ཡིན་ཏེ་དེ་ལྟའི་བྱ་འགུལ་ནི་ལུང་གི་བསྟན་པ་སྨྲ་བས་འཛིན་པ་མིན་ལ། རྟོགས་པའི་བསྟན་པ་སྒྲུབ་པས་འཛིན་པ་གཉིས་ཀ་མིན་པས་སོ།། ངས་ནམ་རྒྱུན་ནས་༧གོང་ས་མཆོག་གི་མཚན་ག་ས་ག་རུ་དྲུད་ཡོངས་རྒྱུ་མི་དགའ་མོད། འདིར་དགོས་པའི་དབང་གིས་བརྗོད་ན་༧གང་ཉིད་ཆོས་ལུགས་བསྒྱུར་བའི་བྱ་ཐབས་རིགས་ལ་གཏན་ནས་མི་མཉེས་པ་ཞལ་དྲོན་པོ་ནས་ཡང་ཡང་བཀའ་བསྩལ་པ་བཞིན་ཕྱོགས་ག་ནས་གཞིག་ཀྱང་དེ་དེ་བཞིན་ནོ་སྙམ་པ་འདུག་ན། གྲྭ་རྒྱུན་བསྡུ་བའི་ལམ་ལུགས་འདི་ཡང་ཆོས་ལུགས་ཁ་བསྒྱུར་གྱི་ཐབས་མ་རེད་ཅེས་གཏན་ནས་བརྗོད་ཐུབ་པ་མིན་འདུག་སྟེ། ཁོང་ཚོའི་ཕ་མེས་ནས་བརྒྱུད་པའི་ཆོས་ག་རེ་ཡིན་མིན་ལ་བརྟག་ལོང་མེད་པར་༧གོང་ས་མཆོག་གི་མཚན་འགྲོ་ས་ལ་༧ཁོང་གི་མཚན་སྤྱད། སྤྲལ་སྤྲལ་སྤྲུལ་སྤྲུལ་མོས་མཁན་རིགས་ལ་སྤྲུལ་སྐུའི་བཟོས་ཏེ་ཁྲིད། དཔལ་འབྱོར་དཀའ་ངལ་ཅན་ལ་དངུལ་དམར་རྐྱང་ཡང་གཏོང་། རིས་མེད་འགྲོ་ས་ལ་རིས་མེད་ཀྱི་མིང་ཁུར་ནས་ཕྲུ་གུ་བསྡུ་བཞིན་འདུག་པས་སོ།།
དེས་ན་ད་ནི་དགེ་ལུགས་པ་གཙོར་གྱུར་པའི་གངས་ཅན་ལྗོངས་ཀྱི་དགོན་པ་དང་དགོན་བདག་དག་གིས་ཐུགས་བསམ་རྒྱ་ཆེ་ས་ནས་བཞེས་ཏེ། རང་སོའི་དགོན་པ་དང་མངའ་ཁོངས་རྒྱ་བསྐྱེད་གཏོང་རྒྱུ་བཞག་ནས་ད་ཡོད་ཀྱིས་ཆོག་ཤེས་པར་བྱས་ཏེ་གནས་སྐབས་བུ་ཕྲུག་གི་འདུན་ལམ་ལ་མི་གནོད་པ་དང་། ཕུགས་ནས་མི་རིགས་ལ་མི་གནོད་པའི་ཆེད་གྲྭ་རྒྱུན་ཟེར་བའི་ལམ་ལུགས་དེ་རྒྱལ་ཁའི་ངང་མཇུག་བསྡུ་གྲོགས་ཞེས་ཞུའོ།།
གྲྭ་ཇོ་ལོག་ན་རྒྱལ་ཁ་ཅི་མ་རེད། ཉོན་མོངས་པའི་དགྲ་རྒྱལ་བས་རྒྱལ་ཁ་ཟེར་བ་ཡིན་ནམ།
མེ་ཏོག་དཀར་པོས་གསུངས་པ་ནི་བོད་དམི་རིགས་ཀྱི་དངོས་ཡོད་ཛ་དྲག་དཀའ་ངལ་རང་ལ་གཞིགས་པའི་བདེན་པའི་ཚིག་སུ་འདུག་པས། ད་ནི་ང་ཚོས་མགོ་རུལ་རྣ་བས་མ་འཚོར་བའི་དཔེ་རུ་མ་སོང་བ་ཞིག་གནང་དགོས་པ་འདུག
མེ་ཏོག་དཀར་པོའི་སེམས་པ་དཀར་པོ་རེད། །
གྲྭ་བཙུན་ཉུང་ཡང་སྤུས་ཀ་དག་པ་དགོས། །
གྲྭ་བཙུན་རྩ་མེད་སོང་ན་བསྟན་པ་ཉམས། །
བསྟན་རྩ་དགེ་སློང་ཉིད་ཡིན་དང་། །
སྐྱ་མིན་སེར་མིན་བསྟན་པའི་དགྲ །
རྟག་ན་མི་རྒྱས་ཆད་ན་སྟོངས། །
དེ་ཕྱིར་རྟག་ཆད་མ་ལྷུང་དགོས། །
དེ་ཤེས་གི་ཡོད། ཀ་རྡོ་ལགས།
ངའི་བསམ་ཚུལ་བྱས་ན། བཙན་འབྱོལ་བོད་མིའི་ནང་དཔལ་འབྱོར་བཟང་དུ་འགྲོ་བཞིན་ཡོད་པས་གྲྭ་བཙུན་ཉུང་དུ་འགྲོ་གི་འདུག ཇི་སྲིད་ཧི་མ་ལ་ཡའི་མི་རིགས་ཚོ་དཔལ་འབྱོར་ཡག་ཏུ་འགྲོ་ན་དེ་སྲིད་དུ་གྲྭ་བཙུན་ཉུང་དུ་འགྲོ་གི་རེད། ཡིན་ནའང་གྲྭ་བཙུན་སྟོང་ན་དེ་ཡང་སེམས་ཁྲལ་རེད།
མེ་ཏོག་དཀར་པོས་གསུངས་ནོ་ལྡན། ངའི་འདི་ལྟར་བསམ་གྱི་འདུག་ང་ཚོ་ལྔ་དགུ་ལོ་རྒྱ་གར་དུ་འབྱོར་ནས་རྫེས་ཆབ་སྲིད་གྱི་རྩིས་ནོར་ཐེབ་འདུག་བསམ། གྲྭ་བ་ཚང་མའི་ཆབ་སྲིད་ཤེས་གི་ཡོད་ན་འདྲ་མེད་ན་འདྲ་ཚང་མ་ཆབ་སྲིད་ནང་དུ་མགོ་འཁོར། ཡིན་ནའང་ཆབ་སྲིད་ངོ་མ་དེ་ལས་མ་ཤེས་མི་དགོ་ནོ་ནང་ཁུལ་གྱི་ཆོལ་གེའི་བར་ལ་ཆབ་སྲིད་གྱི་སྙོག་འཛིང་ཞིག་བཟོས་བོད་པ་གླན་པ་དེ་དག་དེས་ནང་དུ་མགོ་འཁོར་ནས་ལོ་ངོ་ལྔ་བཅུ་ལྷག་དེ་ནས་སོང། ང་ཚོ་ལྔ་དགུ་ལོ་རྒྱ་གར་དུ་འབྱོར་ནས་རྫེས་གྲྭ་བ་དང་མི་རྐྱ་གཉིས་ལོག་ག་བཟོས། གྲྭ་བའི་ཆབ་སྲིད་ནང་དུ་ཐེ་ཏོགས་མ་བྱེད་པས་ཆོས་རང་སློབ་སྦྱོང་བྱེས་ནས་དགོན་པ་གྲ་ཚང་ནས་སློབ་མཐར་བྱིན་རྫེས་ཕར་རྒྱ་ནག་ནང་གང་མང་མང་གཏོངས་ཐུབ་ཡོད་གྱི་ན་ད་ལྟ་ང་ཚོ་འདི་འདྲའི་ཚད་ལ་འགྲོ་ཡོད་གྱི་མ་རེད་འདོད།
ཨ་རོགས་ད་ང་ཚོ་ལ་སེམས་ཁྲལ་བྱེད་ས་མང་པོ་འདུག། གྲྭ་བ་ཉོང་དུ་སོང་ན་ཡང་ང་ཚོ་ལ་སེམས་ཁྲལ་ཡོད། གྲྭ་བ་མང་དུ་སོང་ན་ཡང་ང་ཚོ་ལ་སེམས་ཁྲལ་ཡོད། མི་རིགས་ཉོང་དུ་སོང་ན་ཡང་ང་ཚོ་ལ་སེམས་ཁྲལ་ཡོད། ཕྲུ་གུ་ཉོང་ཉོང་སྐྱེས་ན་ཡང་ང་ཚོ་ལ་སེམས་ཁྲལ་ཡོད། མི་རིགས་གཞན་མཉམ་དུ་གཉེན་སྒྲིགས་ན་ཡང་ང་ཚོ་ལ་སེམས་ཁྲལ་ཡོད།
རེད། གྲྭ་པ་རྩ་གཏོང་དུ་འགྲོ་ན་ག་ནས་འགྲིག་སྟེ་ཉུང་དུ་ངེས་པར་འགྲོ་ན་ལེགས་པ་རང་རེད་དོ་སྙམ། དེ་པད་ཕྲིན་པས་གསུངས་པ་ལྟར་ཇི་སྲིད་ཧི་མ་ལ་ཡའི་ཁུལ་དུ་དཔལ་འབྱོར་གནས་སྟངས་ཞན་པོ་ཡོད་ཀྱི་རིང་གྲྭ་པར་གཏོང་སྲིད་མོད། དཔལ་འབྱོར་ཡར་རྒྱས་འགྲོ་མཚམས་དེ་ཡང་དཀའ་ངལ་རེད།
རེད། གྲྭ་པ་རྩ་གཏོང་དུ་འགྲོ་ན་ག་ནས་འགྲིག་སྟེ་ཉུང་དུ་ངེས་པར་འགྲོ་ན་ལེགས་པ་རང་རེད་དོ་སྙམ། དེ་ནུབ་ཕྱོགས་པས་གསུངས་པ་ལྟར་ཇི་སྲིད་ཧི་མ་ལ་ཡའི་ཁུལ་དུ་དཔལ་འབྱོར་གནས་སྟངས་ཞན་པོ་ཡོད་ཀྱི་རིང་གྲྭ་པར་གཏོང་སྲིད་མོད། དཔལ་འབྱོར་ཡར་རྒྱས་འགྲོ་མཚམས་དེ་ཡང་དཀའ་ངལ་རེད།
ངེས་པར་གྲྭ་པ་དགོས་ན་དེའི་ཐོགས་ལ་བསམ་བློ་གཏོང་རྒྱུ་དང་ཐབས་ཤེས་གཞན་ཡང་ཡོད། དེ་ནི་ལོ་གསུམ། དྲུག འདྲ་གྲྭ་པ་བྱེད་ན་འགྲིག མི་ཚེ་གཅིག་གྲྭ་པ་བྱས་པས་ཆོས་མེད་སྲིད་མེད་རེད་འདོད།
མེ་དཀར་གྱི་བསམ་པ་དུང་ལྟར་དཀར་མོད། ཅུང་ཟད་ཐལ་དྲགས་པ་ནི་དགོན་པའི་གྲྭ་རྒྱུན་ཉུང་དུ་བཏང་བ་ལས་གཞིས་ཆགས་ཁག་གི་ནང་ལ་ཕྲུ་གུ་མང་དུ་སྐྱེ་རྒྱུའི་ལས་འཆར་དེ་སྤེལ་ན་ཡག་ག་མཐོང་། དགོན་པའི་གྲྭ་རྒྱུན་ཉུང་དུ་སོང་ན་བོད་ཀྱི་རྩ་དོན་ལ་ཕན་གནོད་ཅི་ཡོང་དགོངས་པ་ཡག་པོ་བཞེས་དགོས། དགོན་པའི་ནང་ལ་གཞིས་ཆགས་ཕྲུ་གུ་ཧ་ཅང་ཉུང་ཉུང་རེད། ཁོ་ཚོས་ཚོང་ཙག་ཙིག་དང་ཁྱིམ་དོན་གཉེར་བ་མ་གཏོགས་དགོན་པ་ནི་སློབ་སྦྱོང་བྱེད་ས་ཞིག་ཏུ་བསམ་གྱིན་མེད་པ་འདྲ། དེར་བརྟེན་ཁོ་ཚོས་ཕྲུ་གུ་དགོན་པ་ལ་བསྐྱལ་འདོད་མེད་པ་སྔོན་མ་ནས་ཡོད་ཡོད་པ་རེད། དེང་སང་ཧ་ལམ་རེ་བ་མེད། དེ་མིན་ཧི་མ་ལའི་ཕྲུ་གུ་མང་པོ་ཞིག་གདན་ས་ཁག་ལ་འཛུལ་ཞུགས་བྱེད་ཐུབ་ན་ཁོ་ཚོ་ལ་བོད་ཡིག་དང་རིག་གནས་ནང་ཆོས་སློབ་པའི་གོ་སྐབས་ཡག་པོ་ཡོད་པ་དེ་ཡང་ཤེས་དགོས། དེ་མིན་གཞན་ན་རེ་བ་རྒྱག་ས་མེད་ནོ་ཁྱེད་རྣམ་པས་ལོས་ཤེས། སྤྱན་ཕྱེ་ནས་གཟིགས་དང་ཆོས་ལུགས་དང་མ་འབྲེལ་བའི་མི་རིགས་ཤིག་གིས་བོད་དོན་ལ་ཕན་ཐོགས་ཡོང་བ་བྱེད་ཐུབ་ཀྱི་ཨེ་རེད། བཤད་དཀའ། བཤད་དཀའ། གྲོགས་པོ་ལགས།
བསམ་འཆར་སྤེལ་བར་ཤིན་ཏུ་དགའ། གྲྭ་རྒྱུན་ཉུང་དུ་གཏོང་དགོས་ལ། བུ་ཕྲུག་མང་དུ་བསྐྱེད་དགོས། འདི་གཉིས་ཀྱིས་བོད་མི་རིགས་ལ་སྲོག་དབུགས་སོ་མ་འབྱིན། སྐུ་ཚེ་རིང་དུ་གཏོང་། ལེགས་པའི་དགེ་མཚན་འཆར།
ཧོ་ཧོ་ཡ།མེ་ཏོག་དཀར་པོ།ཁྱོད་རྨི་ལམ་རང་གཏོང་གི་འདུག བོད་མི་ཚོ་གྲྭ་པ་དང་ཨ་ནི་བྱས་བསྡད་ན་མ་མཐའ་ཡང་བོད་མི་གཙང་མ་ཅིག་ཡོང་གི་འདུག་མ་གཏོགས།དེང་སང་བཙན་བྱོལ་ནང་མི་སྐྱ་ཚོ་བུ་མོ་ཕལ་ཆེར་ནི་མགོ་སེར་དང་རྒྱ་གར།མི་ནག་པོ་དང་ཁ་ཆེ་ཚུན་ཆད་ཀྱི་རྐུབ་ལ་ཤོར་ཏེ་བོད་བརྒྱུད་གཙང་མ་ཅིག་སྤེལ་རེ་བྲལ།བུ་ཚོ་ནི་མང་ཆེ་བ་ཉལ་ཐ་འཐེན་པ་དང་མྱོས་རྫས་ཟོས་ཏེ་མི་རིགས་ཤིག་ཕར་བཞག་རང་གི་ལུས་སེམས་ལའང་བདག་མི་ཐུབ་པའི་ཚད་རེད།
དེ་ལས་གྲ་བ་དང་ཨ་ནི་བྱས་བསྡད་པ་ཚོར་འདྲ་ཁ་གཙང་ཤོས་རེད།
སྐུ་མཁྱེན་ཁྲི་རལ་པ་ལགས། ང་ཚོའི་བུ་ཕྲུག་དེ་འདྲ་འགའ་རེ་ཡོད་དུ་ཆུག་ཚང་མ་དེ་འདྲ་ཨ་ཡོད། གྲྭ་པ་དང་ཨ་ནེ་ཇི་ཙམ་གཙང་ནའང་དོན་ལ་རབས་ཆད་རེད། མི་རིགས་སྤེལ་མི་ནུས། ལྟག་ཆུ་ཆད་པའི་རྫིང་བུ་རང་རེད། དེ་ཞུ་ཡ་ཡིན།
གཉིས་ནས་ངའི་རྨི་ལམ་འདི་ག་ལེར་ག་ལེར་བོད་མིའི་བསམ་བློའི་ནང་འཛུལ་ནས་སྐྱེ་སྒོ་མི་འགག་པའི་ལམ་ལ་ཞུགས་ལར་སྨོན།
མཁས་པ་ཞིག་གིས། ཁྱོད་ཀྱི་བསམ་ཚུལ་དེར་ངས་མོས་མཐུན་མི་ཐུབ་རུང་། ཁྱོད་ཀྱི་བསམ་ཚུལ་འདོན་པའི་ཐོབ་ཐང་དེར་ངའི་སྲོག་ཀྱང་བློས་བཏང་ནས་རྒྱབ་སྐྱོར་བྱ་ངེས་ཡིན་། ཞེས་བརྗོད་པ་ལྟར། ངའི་ལྟ་སྟངས་ལ་མི་སྡེ་ཞིག་སྟོབས་འབྱོར་ལྡན་པ་ཡོང་དགོས་ན་མི་གྲངས་མང་དགོས་པ་ཞིག་ཏུ་མི་འདོད། ཡིན་ན་ཡང་ཁྱེད་ཀྱིས་བསམ་ཚུལ་བཤད་པ་ཆ་ཚང་དོ་སྣང་ཆེན་པོས་བཀླགས་ཡོད།
ཐུགས་རྗེ་ཆེ། དེ་རང་རེད་ཚང་མའི་བསམ་ཚུལ་གཅིག་ཡོང་མི་སྲིད་ལ། དེའདྲའི་རེ་བ་ཡང་བྱེད་གི་མེད།
ངས་ཀྱང་གཞི་རྩའི་ཆ་ནས་བོད་ཀྱི་སྲོལ་རྒྱུན་གྲྭ་བཙུན་ཉུང་དུ་སོང་ན་དེ་སྤྱི་ཚོགས་ཀྱི་གྱོང་རྒུད་ཅིག་ལ་བརྩི་གི་མེད། ཡིན་ན་ཡང་མི་རིགས་འཕེལ་རྒྱས་ཟེར་བ་དང་མི་འབོར་འཕེལ་རྒྱས་གཉིས་གཅིག་ཏུ་མི་འདོད་པའི་ཆ་ནས་ཁྱེད་ཀྱི་ལྟ་ཚུལ་དང་ཅུང་མི་མཐུན།
མདོར་བསྡུས་ན། ལྷོ་དང་གོས་ཀྱི་ཆེད་དུ་གྲྭ་བཙུན་བཟོས་ན། མཐའ་མ་རང་དང་སྤྱི་ལ་གནོད་སྲིད་ཀྱང་། ཆོས་ལ་དད་ནས་གྲྭ་བཙུན་ཆགས་ན། དགེ་བ་འབའ་ཞིག་གོ་སྙམ་ལགས། མེ་དཀར་སེམས་ཤུགས་ཆེ་དྲགས་ནས་བློ་ལ་བབས་མིན་མི་ཤེས་ལགས།
ཡང་མིན་ན་བོད་མི་ཡིན་ཚད་ཚང་མ་ལོ་ཁ་ཤས་རིང་ལ་གྲྭ་བཙུན་བྱེད་དགོས་པ་བཟོས་ན་ག་འདྲ་འདུག
གྲྭ་ཕྲུག་མེད་པའི་གོང་རོལ་ན།།
བླ་རྒན་བྱ་བའི་མིང་ཡང་མེད།།
སྐལ་བ་བཟང་པོའི་བླ་རྒན་རྣམས།།
གྲྭ་ཕྲུག་དག་ལ་བརྟེན་ནས་བྱུང་།།
དེ་ཉིད་གསལ་མཛད་དགོན་པ་ལ།།
མོན་དང་ལ་དྭགས་ཧི་མ་ལའི།།
གྲྭ་རྒྱུན་ཡོང་ཁུངས་ཆད་སོང་ན།།
དེ་ནས་དགོན་པ་གང་ན་ཡོད།།
ཧ་ཧ།
ཡིན་ཚད་དང་ཡོད་ཚད་གང་ཤེས། འདོད་པ་ཡོད་མཁན་ལོ་ཤས་རིང་གྲྭ་པ་ཨ་ནེ་བྱ་ན་ལེགས་ཆར་སྣང་ལགས།
ལེགས་བཤད་ལགས།
པདྨའི་མཚོ་རུ་ངང་པ་ལྟར། །
རང་མོས་ཡིན་ན་རྩོད་པ་མེད། །
བསླུ་བྲིད་ལ་སོགས་ལོག་ཐབས་ཀྱིས། །
གྲྭ་རྒྱུན་བསྡུ་ན་གྱོང་གུད་རེད། །
མེ་དཀར་ལགས་དང་སྤོབས་མཐའ་ལགས་གཉིས་ཐེ་ལེངཌ་དང་། འབར་མའི་ཟླ་གསུམ་སྡོམ་པའི་ལུགས་སྲོལ་དེ་བོད་ནང་སྤེལ་འདོད་ཡོད་པ་འདྲ། དེ་ཡང་ཕན་པ་ལས་གནོད་མི་སྲིད་དོ། །
མེ་ཏོག་དཀར་པོའི་བསམ་ཚུལ་དཀར་པོ་རེད།།
མེ་ཏོག་དཀར་པོའི་རྩོམ་ཡིག་དཀར་པོ་རེད།།
མེ་ཏོག་དཀར་པོའི་མཆན་བུ་དཀར་པོ་རེད།།
མེ་ཏོག་དཀར་པོས་བྲིས་ཚད་དཀར་པོ་རེད།།
ཧ་ཧ་ཧ་ཧ།
ཡིན་ན་ཡང་། ཉིན་ཞག་གཅིག་གི་བསྙེན་གནས་དུས་ཡུན་ལ། སང་ཉི་མ་མ་ཤར་གྱི་བར་དུ་གསུངས་པ་ལྟར། སོ་ཐར་རབ་འབྱུང་སྒྲུབ་དུས། བདག་ཇི་སྲིད་འཚོ་བའི་བར་དུ་ཞེས་པའི་ཚིག་གཅིག་ཀྱང་ཡོད་སྙམ་པས་དཔྱད་དགོས་པ་མང་ངོ་། །
༩༽ ཀརྡོ་གཉེར་ཕྱག་པ་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༥ གི་ཆུ་ཚོད་ ༡༣ སྐར་མ་ ༡༠
ཧ་ཅང་བཙུན་མ་མང་ན། །
གདུལ་བར་གནོད་པ་གྲག་ལྟར། །
ཧ་ཅང་གྲྭ་པ་མང་ན། །
བོད་རིགས་མི་རྒྱུད་ཆད་སྲིད། །
བཙན་པོས་དབང་གིས་བསྡུས་པའི། །
གྲྭ་རྒྱུན་ཁ་གྲངས་སྤེལ་སྟངས། །
མེ་ཏོག་དཀར་པོའི་བསམ་དོན། །
མྱུར་དུ་འགྲུབ་པར་ཤོག་ཅིག །
ཇི་སྲིད་ལོ་གསུམ་པའི་ཉི་མ་ཤར་དུ་་་་ཟེར་ན་མི་འགྲིག་གང་ཡོད།
ཤར་གྱི་བར་དུ་་་་
བསམ་ཚུལ་འདི་ལ་སྔ་མོ་ནས་མོས་གུས་ཡོད་མཁན་ཞིག་ཡིན་པ་མ་ཟད་དེ་དོན་ལ་བསམ་བློ་མང་དུ་བཏང་ཞིང་བསམ་ཚུལ་ཡང་མེ་དཀར་ལྟར་བྲིས་མྱོང་ཡོད། འོན་ཀྱང་། བོད་པ་ཡོད་ཚད་གྲྭ་བ་བཟོ་དགོས་བའི་འདོད་ཚུལ་འཛིན་མཁན་རྣམས་ནི་ཆོས་ལུགས་ཀྱི་རྟག་མཐའ་རིང་ལུགས་པ་ཞིག་ཡིན་པས་མོས་གུས་མེད་ལ། འབྲུག་པ་ལ་དཔེ་ལྟོས་ནས་ཆོས་སྲིད་ལོགས་སུ་འབྱེད་རྒྱུ་གནད་དུ་མཐོང་། དེ་མིན་བོད་པ་ཚང་མ་གྲྭ་བཟོ་བའི་ལུགས་སྲོལ་ལ་ནམ་ཡང་རྒྱབ་སྐྱོར་མེད་ལ། དེ་འདྲའི་བོད་རང་དབང་རྩོད་པའི་བོད་དོན་ལ་ནམ་ཡང་རྒྱབ་སྐྱོར་མེད། རྒྱུ་མཚན་ནི་དེ་ལྟར་བྱེད་ན་ཀྲོང་ཡོན་ཆོན་གྱི་བཤད་པ་ལྟར་བོད་ལ་རང་དབང་སྤྲད་ན་ལམ་ལུགས་པ་རྙིང་བ་སྐྱར་ཟློས་བྱེད་ངེས་རེད་ཅེས་བ་བདེན་དཔང་དུ་འགྱུར་བས་བོད་མི་མང་པོ་ཞིག་གིས་དགའ་བསུ་བྱེད་མི་སྲིད་ཅིང་རྒྱ་ནག་གིས་བོད་ལ་བཏང་འཛིན་བྱེད་པའང་ཁྲིམས་མཐུན་ཆགས་པའི་ཉེར་ལེན་དུ་འགྱུར་ངེས་རེད། དེ་འདྲའི་རྟག་མཐའ་ཆེ་བའི་ལམ་ལུགས་ཤིག་ལ་རྒྱལ་ཁ་ཐོབ་པ་དཀོན་པ་འདོད།
འོན་ཀྱང་་བསམ་ཚུལ་གནང་བ་ཀུན་ནི་ཁྲིམས་ལུགས་མིན་ཞིང་་ལྟ་ཚུལ་་ཙམ་ཡིན་པས་བསམ་ཚུལ་འབྲི་མཁན་ཀུན་ལ་གུས་བཀུར་ཡོད།
མེ་དཀར་གྱིས་བཤད་པ་བདེན་ནོ།།
རང་མོས་ཀྱིས་གྲྭ་བ་བྱེད་ན་བཟང་ངོ།།
བསླུས་ཐབས་ཀྱིས་བྱེད་ན་མི་བཟང་ངོ།།
གདན་ས་ལ་སློབ་སྦྱོང་བྱེད་ན་བཟང་ངོ།།
གྲྭ་རྒྱུན་ཆད་ན་གདན་ས་ལ་མི་བཟང་ངོ་།།
ཐོས་དོན་སྒྲུབ་ལ་གཞོལ་ན་བཟང་ངོ།།
བཀོར་ཟས་རྐྱང་རྐྱང་སྤྱད་ན་མི་བཟང་ངོ་།།
ཨ་ནུ་སོགས་ཀྱིས་བསམ་ཚུལ་སྤེལ་བར་དགའ།
གྲྭ་བཙུན་བཟོས་དང་སྐྱེ་སྒོ་བཀག །
དོན་ལ་མི་རིགས་སྐྱེད་འཕེལ་དགྲ། །
དེ་འདྲའི་ལམ་ལ་གནས་འགྱུར་ན། །
བོད་མི་ཉུང་ནས་ཉུང་དུ་འགྲོ། །
སྡོམ་ཁྲིམས་གསར་པ་བཟོ་དགོས་འདུག མི་ཚེ་གཅིག་ལ་བསྲུང་དགོས་པ་དང་། ལོ་ཉི་ཤུ། བཅུ། ལྔ། གཉིས་གཅིག་སོགས་གང་ཐུབ་ཏུ་གྲྭ་པ་བྱེད་ཆོག་པའི་སྡོམ་ཁྲིམས་གཅིག་བཟོས་ན་མི་མང་པོའི་སེམས་རྒྱུད་ལ་དགེ་བའི་བག་ཆགས་འཐུག་པོ་འཇོག་ཐུབ་ཀྱི་རེད་ལ། གྲྭ་བཙུན་ཡང་སྤུས་ཀ་ཆེ་རུ་འགྲོ་སྲིད། དྲ་འབུ་ཚོ་ད་ལྟ་རང་ནས་ལག་ཏུ་ཁ་བཏགས་རེ་ཁུར་ཏེ་བླ་ཆེན་ཚོའི་སར་བསམ་འཆར་འདི་ཞུ་བར་རྒྱུགས་ཤིག
རྒྱ་མིའི་རྒྱ་ཆ་ལྔ་བཅུ་ཡན་ཟིན་པ་ཞིག་ཟེར་གི་ཡོད་དམ། རྒྱ་གར། ཡང་ན་འཛམ་གླིང་། བོད་པ་ཚོས་ཁྱི་མོ་ཁྱི་ཚང་ལོག་ལོག་བྱས་ན་ཡང་ཡོང་ཐབས་མེད་པ་ཞིག་ཡིན་པ་མ་ཤེས་པས་ན། ལྐུག་པ
གྲངས་ཉུང་ན་དམངས་གཙོའི་ལུང་པ་ལ་རྒྱལ་ཁ་མི་ཐོབ་ཟེར་བ་ནི་རང་ལ་དམངས་གཙོ་ཡང་དག་པའི་སྲིད་ཇུས་ལ་རྒྱུས་མངའ་སྤུ་ཙམ་མེད་པའི་རང་མཚང་དང་། མདངས་གཙོ་ནི་སྐྱེས་བོ་སོ་སོས་སོ་སོའི་དགོས་འདོད་དང་དགའ་ཕྱོགས་སོགས་ཀྱིས་སྐུལ་བའི་དཔྱོད་ཤེས་ཀྱི་བསམ་བློ་ལས་ཡོང་གི་ཡོད་པ་ལས་ཚོགས་སྡེ་ཆེ་ཆུང་གི་ལག་ན་མེད་པས་ན་ཡང་། ལྐུག་པ།
སྤྱིར་འཛམ་གླིང་འདིའི་སྒང་ན་ཤེས་བྱའི་ལེགས་ཆ་ལེན་ས་གཙོ་བོ་ཡོ་རོབ་ཨ་རི་སོགས་ལས་ཤར་ཕྱོགས་ཡུལ་གྲུ་སུ་ལ་ཡང་ཅི་ཡང་མེད་པར་དུས་ད་ལྟ་བར་ལྷག་ཡོད་ན་ཡང་རང་རའི་བོད་ཀྱི་ནང་བསྟན་ནི་བོད་ཙམ་མ་ཡིན་པར་ཤར་ཕྱོགས་རིགས་པའི་རིག་ལམ་ལས་ཆེ་འབུར་དུ་ཐོན་པའི་བསམ་བློ་དང་ཀུན་སྤྱོད་དང་ཉིན་རེ་འཚོ་བ་ལ་མེད་དུ་མེད་པའི་ཤེས་བྱ་འཛམ་གླིང་དབྱེ་མེད་ཡུལ་གྱིས་སྐེ་སྲིང་དགོས་ས་ཞིག་དུ་ཡོད་པས་ཡང་། ལྐུག་པ།
བུ་ཕྲུག་དགོན་པར་གཏང་ན་སྐྱོན་དུ་མཐོང་བ་ནི་རང་ལ་ཡོད་པའི་ནོར་བུའི་རིན་ཐང་མ་ཤེས་པར་གཞན་གྱི་ཟེར་རྗེས་ལ་གོ་ལོ་ཐེས་ལོ་ཙམ་ལས་མེད་པར་རྒྱུག་པའི་བསྟན་དགྲ་ཞིག་ཡིན་པས་ན་ཡང་། ལྐུག་པ།
འཇིག་རྟེན་འཁོར་བ་ནས་ཅི་ཙམ་ཕྲུ་གུ་མང་ན་དེ་ཙམ་གྱིས་ཁྱིམ་གཞི་སྲ་བརྟན་དུ་འཛིན་མི་ཐུབ་པར་ཕ་མ་ལ་དཀའ་ཆད་དང་བུ་ཕྲུག་ནི་སྐལ་ཆད་ཞིག་ལས་ཡོང་རྒྱུ་མེད་པས་ན་འདི་ནི་རྒྱ་ཁབ་དང་མི་རིགས་ལ་ཕན་པར་འདོད་པ་ནི་བུ་ཕྲུག་མེད་པ་ཞིག་གམ་ཡོད་ན་ཡང་གཉིས་དང་གསུམ་ལས་མི་མང་བ་ཞིག་གི་སྟོང་གཏམ་ཡིན་པས་ན་ཡང་། ལྐུག་པ།
མེ་དཀར་གཙོ་བའི་བོད་མི་ཚོགས་སྡེ་སུ་ལ་ཡང་བོད་མིའི་འཚོ་ཐབས་དང་འཕྲོད་བསྟེན་སོགས་ལ་སྒོར་ཟུར་སྐར་གང་གི་རོགས་རམ་མེད་པར་བོད་མི་དམངས་ལ་བོད་ཕྲུག་མང་ཙམ་བཟོ་དགོས་བའི་བཀའ་ཆད་གཏོང་གི་ཡིན་ཟེར་ན་རང་ངོ་དང་གཞན་ངོ་མ་རིག་པའི་མིག་ཞར་་ཞིག་ཡིན་པས་ན་ཡང་། ལྐུག་པ།
ས་ཡ་དྲུག་གིས་རྒྱལ་ཁབ་བཟུང་ཡོད་པའི་ཨེ་ཟུ་རེལ་རྒྱལ་ཁབ་ལྟ་བུ་ལ་ཁ་གྲངས་ཀྱི་དཀའ་ངལ་མེད་ཀྱང་མེ་དཀར་གྱིས་དཀའ་ངལ་དུ་རིག་པའི་མི་འཇོན་ཁ་གཡོག་གི་སེམས་རྒྱ་ཆུང་ཆུང་ཤག་སྒྲ་ཅན་པས་ན་ཡང་། ལྐུག་པ།
གྲྭ་རྒྱུད་དང་ཆོས་རྒྱུད་སྐྱོང་མཁན་མེད་ན་དགའ་བ་སྒོམ་མཁན་གྱི་སྡུག་ཆེན་ཤན་པའི་རིགས་སུ་ཡོད་པས་ན་ཡང་། ལྐུག་པ།
བོད་པ་ཚང་གི་ཡོད་པ་མེད་པར་གཏོང་ཞིང་མེད་པ་ཡོད་པར་ལེན་པའི་བློ་ཐབས་གང་ཡང་གི་ལེགས་བཤད་མེད་པས་ན་ཡང་། ལྐུག་པ།
ལྐུག་པ་འདི་འདྲའི་ཁ་གཙེ་མཁན་ཡོད་ན་ཡང་། ལྐུག་པ། ཕར་ལ་བལྟས་ན་ལྐུག་པ། ཚུར་ལ་བལྟས་ན་ཡང་ལྐུག་པ།
གནམ་ལགས་ཀྱིས་གང་གསུངས་པ་ལ་ལན་མི་དགོས་འདུག
སྦྲུལ་མདུད་རང་ཞིག་ཏུ་མཐོང་ངོ་།།
ལྐུག་པ་དང་ལྐུག་པའི་ཚིག་ངན་རྡུང་སྟངས་ལ་གཞིག་ན་་་ཁྱེད་སྤྱང་པོ་ཞིག་ཡིན་པ་ཤེས་གི་འདུག
མེ་ཏོག་དཀར་པོ་ལེགས་ཀྱི་གནད་ཆེའི་རྩོམ་ཡིག་འདི་ལས་མང་གིས་ཀློག་མ་ཐུབ་པར་དགོངས་དག རྒྱུགས་ཀྱི་ལས་བྱས་ཟིན། ཐག་རིང་ལམ་ཞུགས་ལ་ཉིན་གཅིག་འདུག ལ་དྭགས་སོགས་དགོན་པ་སོ་སོ་ནས་ཕ་མ་རྣམས་ལ་བུ་ཕྲུག་གཅིག་གྲྭ་པ་བྱེད་པར་བསྐྱེད་གྲོགས་དང་། དེའི་བསྐྱེད་པའི་འགྲོ་སོང་། སློབ་སྦྱོང་གི་འགྲོ་སོང་སོགས་མཐུན་རྐྱེན་སྒྲིག་དགོས་དང་། གདན་ས་རྣམས་སུ་གཞུང་ཆེན་དང་མཉམ་དུ་གོ་སླ་བའི་བཀའ་འགྱུར་གྱི་གཞུང་དཔེ་རེ་སློབ་ཚན་ལ་གཞག་དགོས། བདག་བློ་ཆུང་ལོ་བཅོ་ལྔ་བཅུ་དྲུག་ཡིན་པའི་སྐབས་སུ། ཚད་མ་རྣམ་འགྲེལ་དང་། མངོན་རྟོགས་རྒྱན་སོགས་ཀློག་པ་ན་ཚིག་བརྗོད་གཅིག་ལ་གོ་བ་མེད་ཀྱང་། བཀའ་འགྱུར་ཀློག་པར་གྲོང་ཆོག་ཏུ་དགེ་རྒན་གྱི་ཚབ་ཏུ་འགྲོ་དུས་གཏམ་རྒྱུད་བཀླགས་པ་དག་སླར་དགེ་རྒན་ལ་གཏམས་རྒྱུད་དེ་དག་ཞུས་པ་དྲན། བདག་རང་བློ་བཅུ་གསུམ་བཞི་ཞིག་ཡིན་ངེས། གྲོང་པ་ཞིག་གི་འབུམ་ཀློབ་པ་ན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད། ཅེས་པ་མཐོང་ནས། གོང་གི་གྲལ་མཚེས་སུ་བཀྲ་ཤིས་ལྷུན་པོ་ནས་ལ་དྭགས་སུ་ལོག་པ། ཁོང་དང་དགེ་བཤེས་གཞན་པ་ཞིག་གིས་མཚན་ཉིད་རྩོད་པ་དང་པོ་མཐོང་བ་ཡིན། ཁོང་དགེ་བཤེས་དཔེ་ཆ་པ་ཡིན་པས། བདག་གིས་ཤེས་འདོད་ཀྱིས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཅི་ཡིན་ནམ། ཞུས་པས། ལན་དུ་ཁྱོད་ཀྱིས་གོ་མི་ཐུབ་གསུངས་སོང་། རྗེས་སུ་ཨ་རིར་བདེན་པ་པོའི་ལེའུ་ན། ༡ འཁྲུལ་པ་མི་མངའ་བ། ༢ ཅ་ཅོ་མི་མངའ་བ། ༣ བསྙེལ་བ་མི་མངའ་བ། ༤ སེམས་མཉམ་བཞག་མེད་པ་མི་མངའ་བ། ༥ ཐ་དད་འདུ་ཤེས་མི་མངའ་བ། སོགས་གསུངས་པ་མཐོང་། གཅིག་ན་གཞུང་ཆེན་མོ་ལ་གཟིགས་པས་དགེ་བཤེས་དེས་ཀྱང་འདི་རྣམས་གཟིགས་ཡོད་དམ་མེད་ཐེ་ཚོམ་གྱི་གནས་ལགས་པས། གདན་ས་རྣམས་སུ་གཞུང་གོ་སླ་བ་རྣམས་ཀྱང་གཟིགས་དགོས་པར་མཐོང་ངོ་།།