བོད་ཀྱི་བང་ཆེན་དྲ་བར་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ལོར་ཡུལ་ཤུལ་ཁྲི་འདུ་རྫོང་དུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན། གྲྭ་བསོད་ནམས་རབ་ཡངས་ཀྱི་རྐང་པ་གཉིས་ཀ་རྒྱ་གཞུང་གིས་བཅད་ཡོད་པ་དང་ད་ལྟ་ཁོང་རང་ཁྱིམ་དུ་སྨན་བཅོས་བྱེད་བཞིན་ཡོད་པ་རེད་འདུག
དེ་ཡང་ཉེ་ཆར་རྒྱ་གར་དུ་ཡོད་པའི་འབྲེལ་ཡོད་བོད་མི་ཞིག་གིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དུ་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། སྔ་ལོ་ཕྱི་ཟླ་༢ ཚེས་༨ ཉིན་ཡུལ་ཤུལ་ཁྲི་འདུ་རྫོང་ལབ་དགོན་པའི་དགེ་འདུན་པ་བསོད་ནམས་རབ་ཡངས་ཀྱིས། རྒྱ་གཞུང་གི་དྲག་གནོན་སྲིད་བྱུས་ལ་ཞི་བའི་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་ཡོད་པ་དང་། སྐབས་དེར་རྒྱ་གཞུང་གི་ཉེན་རྟོག་པས་ཁོང་ནང་མི་ཉེ་འབྲེལ་ཚོར་བདག་པོ་རྒྱག་མ་བཅུག་པར། ཟི་ལིང་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་བཙན་འཁྱེར་བྱས་རྗེས་ཁོང་གི་གནས་ཚུལ་གང་ཡང་ཤེས་རྟོགས་མ་ཐུབ་ནས་ཡུན་རིང་འགོར་ཡོད་རུང༌།
ད་ལྟ་གསར་དུ་གནས་ཚུལ་ཤེས་རྟོགས་བྱུང་བར་བསོད་ནམས་རབ་ཡངས་ད་ལྟ་ཁྲི་འདུ་རྫོང་ལབ་གྲོང་ཚོའི་རང་ཁྱིམ་དུ་སྨན་བཅོས་བྱེད་བཞིན་ཡོད་པ་དང༌། དེ་སྔོན་ཁོང་གིས་རང་ལུས་མེར་སྲེག་གི་གནས་ཚུལ་བྱུང་རྗེས་རྒྱ་གཞུང་གིས་ཟི་ལིང་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་བཙན་འཁྱེར་བྱས་ནས་ཟླ་བ་གསུམ་ཙམ་གྱི་རྗེས་སུ། ཁོང་གི་རྐང་པ་གཉིས་ཀ་སྨན་ཁང་གིས་བཅད་ཡོད་ འདུག་ཅེས་གནས་ཚུལ་མཁོ་སྤྲོད་བྱས་ཞེས་འཁོད་འདུག
སེམས་པ་སྐྱོ།