གནས་ཚུལ་མཁོ་གཏོང་བ། ས་རཱ་མཐོ་སློབ་ཀྱི་སློབ་མ་དཔལ་གུང་ཟླ་བ།
ཉེ་ཆར་ཕྱི་ལོ་༢༠༡༢། ༡༠། ༢༥་གཟའ་ཕུར་བུའི་ཉིན་གུང་བོད་ནང་གི་ཆུ་ཚོད་གཉིས་པ་གསུམ་པ་གཡས་གཡོན་དུ་ཁམས་འབྲི་རུ་རྫོང་བན་དཀར་ཤང་ནག་རོག་སྡེ་པ་ཕམ་པ་གྲོང་ཚོ་ནས་ཡིན་པ་རྒྱལ་གཅེས་དཔའ་བོ་ཚེ་སྤོ་ལགས་དང་། རྒྱལ་གཅེས་དཔའ་བོ་བསྟན་འཛིན་གཉིས་ཀྱིས་ས་གནས་དེའི་རུ་ཁག་གཉིས་པའི་སློབ་གྲྭའི་ཉེ་འགྲམ་དུ་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད། སྐབས་དེར་རྒྱལ་གཅེས་དཔའ་བོ་ཚེ་སྤོ་ལགས་སྐུ་གྲོངས་ཡོད་འདུག་ཀྱང་རྒྱལ་གཅེས་དཔའ་བོ་བསྟན་འཛིན་ལགས་སྐབས་དེར་རྒྱ་དམག་གིས་འཛིན་བཟུང་བྱས་ནས་ད་བར་གཪ་ཡོད་ཀྱི་གནས་ཚུལ་སོགས་གཏན་ནས་ཤེས་ཐབས་མེད་པར་དྲ་ལམ་དང་ཁ་པར་སོགས་ཚང་མ་བཀག་ནས་དམ་དྲག་ནན་པོ་བྱེད་བཞིན་ཡོད་འདུག
རྒྱལ་གཅེས་དཔལ་བོ་ཁོང་གཉིས་ཀྱི་འབོད་ཚིག་གི་ནང་དོན་གཙོ་བོ་གསུམ་ཡོད་པ་དང་དང་པོ“ བོད་རང་བཙན་ཡིན། གཉིས་པ་༧རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས། གསུམ་པ་བོད་མི་ཚང་མ་སྤུན་མཆེད་ལྟར་ཆིག་སྒྲིལ་གནང་རོགས”ཞེས་འབོད་ཚིག་གསུམ་དང་སྦྲགས་ནས་སྐད་འབོད་གནང་འདུག རྒྱལ་གཅེས་དཔའ་བོ་ཚེ་སྤོ་ལགས་ནི་དགུང་ལོ་༢༠་ཡིན་པ་དང་ཡབ་ཀྱི་མཚན་ལ་བུ་ཆུང་དང་། ཡུམ་གྱི་མཚན་ལ་དགའ་དགའ་དང་སྤུན་མཆེད་བུ་གསུམ་ཡོད་འདུག
རྒྱལ་གཅེས་དཔའ་བོ་བསྟན་འཛིན་ལགས་ནི་དགུང་ལོ་༢༥་ཡིན་པ་དང་ཡབ་ཀྱི་མཚན་ལ་ཉི་མ་དང་ཡུམ་གྱི་མཚན་ལ་ལུག་གེ་སྤུན་མཆེད་སྲིང་མོ་༢་དང་སྤུན་མཆེད་བུ་གསུམ་ཡོད་ཀྱང་ལོ་ཤས་སྔོན་སྤུན་མཆེད་གཅིག་གྲོངས་འདུག ཁོང་གི་ཡབ་ཀྱང་ལོ་བཅུ་ཙམ་སྔོན་ནས་གྲོངས་འདུག རྒྱལ་གཅེས་དཔའ་བོ་བསྟན་འཛིན་ལགས་ནི་དེར་སྔོན་ཕྱི་ལོ་༢༠༠༨ ལོར་བཙན་བྱོལ་དུ་སླེབས་ནས་སུ་ཇཱ་བོད་ཁྱིམ་དུ་ཟླ་༦ ཙམ་རིང་བསྡད་རྗེས་རང་ཡུལ་དུ་ཕྱིར་ལོག་འདུག འདིར་རྒྱལ་གཅེས་དཔའ་བོ་བསྟན་འཛིན་ལགས་༢༠༠༨་ལོར་རྒྱ་གར་ཕེབས་སྐབས་བསྒྲོན་པའི་འདྲ་པར་དེ་ཙམ་གསལ་པོ་མེད་པ་ཞིག་ཀུན་གྱི་སྤྱན་ལམ་དུ་ཕུལ་ཡོད།།