གནས་ཚུལ་ཕྱོགས་སྒྲིག་པ། ཚངས་དབྱངས་རྒྱ་མཚོ།
ཕྱི་ཟླ་ ༩ ཚེས་ ༢༨ ཉིན་བོད་མདོ་སྨད་རྔ་པ་རྫོང་སྒོ་མང་ཡུལ་ཚོ་ནས་རང་ལོ་ ༤༡ ཡིན་པའི་རྒྱལ་གཅེས་དཔའ་བོ་ཞི་ཆུང་ལགས་ཀྱིས། རང་ལུས་མེར་སྲེག་གིས་རྒྱ་གཞུང་གི་གདུགས་རྩུབ་ཆེ་བའི་སྲིད་བྱུས་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་པའི་ཛ་དྲག་གི་གནས་ཚུལ་ཐོན་འདུག
དེ་ཡང་གནས་ཚུལ་དངོས་སུ་མཐོང་མཁན་གྱི་མིས་བཤད་དོན་ལྟར་ན། སྤྱི་ལོ་ ༢༠༡༣ ལོའི་ཟླ་བ་ ༩ བའི་ཚེས་ ༢༨ ཉིན་གྱི་བོད་ནང་གི་ཆུ་ཚོད་ ༢ དང་སྐར་མ་ ༣༠ ཡས་མས་སུ་རྒྱལ་གཅེས་དཔའ་བོ་ཞིས་ཆུང་ལགས་མཎ་སྟོན་འཚོགས་ས་ནས་རང་ཁྱིམ་དུ་ཕྱིར་ལོག་སྟེ་བོད་གོས་ཆ་ཚང་ཞིག་གྱོན་ཞིིང་། རང་ཉིད་ཀྱི་འཕྲུལ་རྟ་དེ་སྒོའི་ཕྱི་རོལ་དུ་བླངས་ཏེ་འཕྲུལ་རྟའི་ནང་གི་ས་སྣུམ་རང་གི་ལུས་སྟེང་དུ་བླུགས་ཏེ་རང་ལུས་མེར་སྒྲོན་ནས་སྐད་འབོད་གནང་བཞིན་ (སྐད་འབོད་ཀྱི་ནང་དོན་གསལ་ཁ་བྱུང་མེད།) རྔ་པ་ནས་མགོ་ལོག་ཕྱོགས་སུ་སྐྱོད་སའི་གཞུང་ལམ་གྱི་ཕྱོགས་སུ་གོམ་པ་བཅུ་ཕྲག་ཁ་ཤས་བརྒྱུགས་ཡོད་ཅིང་། གཞུང་ལམ་སྟེང་སླེབས་གྲབས་ཡོད་སྐབས་ས་ལ་འགྱེལ་ནས་སྐུ་སྲོག་ཤོར་ཡོད་འདུག
སྐབས་དེར་སྒོ་མང་མཐའ་བའི་ནང་མཎ་སྟོན་འཚོགས་བཞིན་ཡོད་པའི་མི་མང་པོས་མཐོང་སྟེ་ཀི་ལྡིར་བྱེད་བཞིན་ཁོང་གི་སྐུ་ཕུང་བདག་གཉེར་བྱེད་པར་བརྒྱུགས་པ་དང་། ས་གནས་སུ་ཡོད་པའི་ཉེན་རྟོག་པ་སོགས་ཀྱིས་བཀག་འགོག་བྱས་ཀྱང་། ས་གནས་མང་ཚོགས་བཀག་མ་ཐུབ་པར་འདས་བོ་ཁོང་གི་སྐུ་ཕུང་རང་ཁྱིམ་དུ་གདན་འདྲེན་ཞུ་ཐུབ་པ་བྱུང་འདུག སྐབས་དེར་ས་གནས་མི་མང་གིས་ཁོང་གི་སྐུ་ཕུང་རྒྱ་གཞུང་གིས་བཙན་ཁྱེར་བྱེད་པར་དོགས་ནས་སྐུ་ཕུང་ནང་དུ་བཞག་རྗེས། སྒོར་ཟ་བརྒྱབ་ནས་ཕྱི་ལོག་ནས་སྲུང་ཡོད་ཀྱང་། ཅུང་ཙམ་གྱི་རྗེས་སུ་ཉེན་རྟོག་པ་དང་། དྲག་ཆས་དམག་མི་ ༡༠༠ ལྷག་འབྱོར་ནས་མང་ཚོགས་ལ་མེ་མདའ་གཏད་དེ། ཁོང་གི་སྐུ་ཕུང་རྩིས་སྤྲོད་མ་བྱས་ཚེ་དྲག་གནོན་བྱ་རྒྱུ་ཡིན་པའི་བཙན་བཀའ་བཏང་ཡོད་འདུག མང་ཚོགས་ཚོས་ཁོང་ཚང་གི་སྒོ་ཁར་སྐྱོད་སའི་ལམ་ཁ་བཀག་སྐབས་དེར་སྡེ་པའི་མི་སྐྱ་རྒན་པ་རྣམས་ཀྱིས་གནས་ཚུལ་ཛ་དྲག་མི་ཆགས་པའི་ཆེད་དུ་མང་ཚོགས་ཚོར་འབོད་སྐུལ་ཞུས་ཏེ་ལམ་ཁ་ཕྱེས་བ་དང་།
དམག་མི་དག་གིས་ཁོང་ཚང་གི་ཁང་པའི་ར་སྐོར་ཀྱི་སྒོ་དང་། ནང་སྒོ་སོགས་བཙན་གྱིས་བཅག་ནས་ཁོང་གི་ཕུང་པོ་བཙན་ཁྱེར་བྱེད་སྐབས། ཁོང་གི་ཆུང་མ་བ་ལོས་ངུ་འབོད་བྱེད་བཞིན་ཁོང་གི་སྐུ་ཕུང་ལ་འཐམ་ནས་མ་བཏང་བར། ཆུང་མ་བ་ལོ་ཡང་མཉམ་དུ་བཙན་ཁྲིད་བྱས་འདུག་མོད། ཁ་སང་སྟེ་ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༢༩
ཉིན་ཕྱིར་ནང་དུ་བཏང་ཡོད་འདུག
ཁོང་གི་ཕུང་པོ་བཙན་འཁྱེར་བྱས་རྗེས་ཇོ་ནང་བསེ་དགོན་པའི་གྲྭ་བ་ཉིས་བརྒྱ་ལྷག་ཁོང་ཚང་གི་ནང་དུ་ཕེབས་ནས་འཕོ་ལུང་དང་། སྨོན་ལམ་གསུངས་ཡོད་པ་དང་། ཕྱི་ཚེས་ ༢༩ ཉིན་ཇོ་ནང་བསེ་དགོན་པའི་དགོན་བདག་བླ་མ་བསེ་ཚང་ཆེད་དུ་ཕེབས་ནས་ཕོ་ལུང་དང་། སྨོན་ལམ་གསུང་ཡོད་འདུག་ལ། དེ་རིང་ཡང་གལ་ཆེན་དུ་བརྩིས་ནས་བཞུགས་ཡོད་འདུག ཁོང་གིས་དེ་ལྟར་གལ་ཆེན་དུ་བརྩི་དགོས་དོན་ནི། རྒྱལ་གཅེས་དཔའ་བོ་ཞིས་ཆུང་ལགས་ཆུང་དུས་སུ་ཇོ་ནང་བསེ་དགོན་པར་ཆོས་ཞུགས་བྱས་ཏེ་གྲྭ་བྱེད་མྱོང་ཡོད་པར་མ་ཟད། ལོ་གཉིས་ཀྱི་རིང་བསེ་ཚང་གི་བླ་བྲང་དུ་གསོལ་ཐབ་པ་ཡང་བྱེད་མྱོང་ཡོད་པས་ཡིན་འདུག
ཁ་སང་སྟེ་ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༢༩ ཉིན་གྱི་དགོང་མོར་རྫོང་ནས་ཁོང་གི་རུས་ཐ་ལེན་པར་ཡོང་དགོས་པའི་བརྡ་འབྱོར་བར་ཇོ་ནང་བསེ་དགོན་པའི་གྲྭ་བ་ཁག་ཅིག་དང་། རྒྱལ་གཅེས་དཔའ་བོ་ཁོང་གི་སྤུན་མཆེད་ཁག་ཅིག་བཅས་ཚོགས་ཐོག་ཏུ་རུས་ཐ་ལེན་པར་སྐྱོད་སྐབས། རྫོང་གི་དཔོན་པོ་དང་། ཉེན་རྟོག་ལས་ཁུངས་ནས་ཁོ་རང་ཚོས་རིག་ས་ནས་རུས་ཐ་ཆུ་ལ་གཏོར་བའམ། ས་འོག་ཏུ་བཅུག་པ་གང་རུང་བྱེད་དགོས་ཚུལ་ཀྱི་བཙན་བཀའ་བཏང་བར་རྟེན། རུས་ཐ་ནང་དུ་ཁུར་མ་ཐུབ་པར་རྔ་བ་རྫོང་གི་ཉེ་འཁྲིས་སུ་བཞུར་གྱིན་པའི་རྔ་ཆུར་མི་འདོད་བཞིན་དུ་རུས་ཐ་གཏོར་དགོས་བྱུང་ཡོད་འདུག
རྒྱལ་གཅེས་དཔའ་བོ་ཞི་ཆུང་ལགས་ནི་ཕྱི་ལོ་ ༡༩༧༢ ལོར་ཕ་བསོད་ནམས་བརྟེན་དང་། མ་ཞེས་ཁོ་མ་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་། ཆུང་དུས་སུ་ཇོ་ནང་བསེ་དགོན་པར་ཆོས་ཞུགས་བྱས་ཏེ་ཀློག་སློབ་པ་ནས་བཟུང་དགོན་པའི་སྒྲིག་ཁྲིམས་སྟར་སློབ་གཉེར་བྱས་བ་དང་། ལོ་ངོ་གཉིས་ཀྱི་རིང་བསེ་ཚང་གི་གསོལ་ཐབ་པ་ཡང་བྱས། དེ་བཞིན་དུ་ཕྱི་ལོ་ ༡༩༨༩ ལོར་ཇོ་ནང་འཛམ་ཐང་དགོན་ཆེན་དུ་ཕེབས་ཏེ་མཁན་ཆེན་ཡོན་ཏན་བཟང་པོའི་མདུན་ནས་དུས་འཁོར་སྦྱོར་དྲུག་ངོ་ལོ་གསུམ་ལ་མཉམ་ལེན་བྱས་ཤིང་། ཕྱི་ལོ་ ༢༠༠༨ ལོར་གྲྭ་ལོག་བྱས། ལོ་དེའི་ཕྱི་ལོར་ཁོང་གི་སྤུན་ཆེད་འདས་པོ་འཇའ་ཚེ་དབང་རིག་ཁོའི་ཆུང་མ་དང་མཉམ་དུ་བསྡད།
སྡེ་མི་ཚོས་བཤད་པ་ལྟར་ན། ཁོང་གི་སྤུན་མཆེད་ཀྱི་ཆུང་མར་ཁྱོ་ག་གཞན་ཞིག་བཙལ་ཚེ་ཁོང་གི་སྤུན་མཆེད་ཀྱི་བུ་དང་བུ་མོ་གཉིས་དང་འགྲིག་མིན་སོགས་ལ་བསམ་བློ་བཏང་ནས་ཁོ་རང་ཉིད་ཀྱིས་ཆུང་མར་བླངས་བ་ཡིན་ཚུལ་བཤད། ཁོང་གི་ཆུང་མའི་མིང་ལ་བ་ལོ་ཟེར་ཞིང་། ད་ལྟ་རང་ལོ་ ༣༩ ཡིན་འདུག ཁོང་གི་སྤུན་མཆེད་དང་ཆུང་མ་བ་ལོ་གཉིས་ལ་བུ་མོ་ཚེ་པོ་ཞེས་པ་རང་ལོ་ ༡༨ ཅན་ཞིག་དང་། བུ་ཀུན་དགའ་ཕུན་ཚོགས་ཞེས་པ་རང་ལོ་ ༡༤ ཅན་བཅས་བུ་བུ་མོ་གཉིས་ཡོད་འདུག་ལ། བུ་ཀུན་དགའ་ཕུན་ཚོགས་ལགས་ད་སྐབས་ཇོ་ནང་བསེ་དགོན་པར་ཆོས་ཞུགས་བྱས་ཏེ་སློབ་གཉེར་བྱེད་བཞིན་ཡོད་པ་དང་། ད་ལྟ་ནང་དུ་ཆུང་མ་བ་ལོ་དང་། བུ་མོ་ཚེ་པོ་གཉིས་ལས་ལྷག་མེད་པ་རེད་འདུག
དོན་རྐྱེན་བྱུང་བའི་ཉིན་དེར་ས་གནས་སུ་རྒྱ་གཞུང་གིས་དམིགས་བསལ་དམ་དྲགས་བྱས་མེད་པས། ཁོང་ཚང་ལ་རོགས་རམ་བྱེད་མཁན་སོགས་མི་ཧ་ཅང་མང་པོ་འཛོམས་ཡོད་ནའང་། དེ་རིང་སྟེ་ཕྱི་ཟླ་ ༩ ཚེས་ ༣༠ ཉིན་ནས་བཟུང་དམ་དྲགས་ཤུགས་ཆེ་རུ་བཏང་ནས། ཁོང་ཚང་གི་ནང་ལ་འགྲོ་འདུག་བཀག་འགོག་དང་། མི་སྒེར་བ་ཁག་ལ་གང་བྱུང་སྔོག་གཤེར། དེ་བཞིན་ཁ་ཁྱེར་ཁ་པར་ཡང་བཙན་འཕྲོག་བྱེད་པ་སོགས་ཀྱི་གནས་ཚུལ་མུ་མཐུད་ནས་འབྱུང་བཞིན་ཡོད་འདུག
རྒྱལ་གཅེས་དཔའ་བོ་ཁྱེད་ནི་ང་ཚོའི་ལོ་རྒྱུས་ཐོག་གསེར་ཡིག་ལ་བཀོད་རྒྱུ་དང་བོད་འདི་ཇི་སྲིད་ནམ་གནས་བར་དུ་ཁྱེད་ཀྱིས་བཞག་པའི་བཟང་གནས་རྒྱུ་ཡིན་། ལོན་ཤོག་འཛིན་སྐྱོང་བཀའ་ཤག། ལོན་ཤོག་བོད་མིའི་ཁྲིམ་བཟོ་གྲོས་ཚོག། ལོན་ཤོག་རང་བཙན་པ་དང་དབུ་མ་པ། མཛེས་སོང་མེད་པར་རྒྱ་འདྲེ་དམར་པོ་ལ་དགག་པ་རྒྱོབ།
གོང་དུ་མཛད་བཟང་ཞེས་བཅོས་རོག།
འགྲོ་དོན་སྲོག་གིས་མདུན་བདར་ནས།
དོན་ཆེན་་དོན་དུ་ཅི་དགར་བརྩོན།
སེམས་ནི་རང་དབང་གནས་པ་ཡི།
ག་ལས་འཇིགས་མེད་བོད་རྒྱལ་ལོ།
བོད་ལ་བྱས་པ་ཆད་མེད་པ།
རྒྱ་ཡིས་སྲོག་ལ་རྒོལ་མེད་པ།
བོད་དོན་མ་སྒྲོག་ལྷག་མེད་པ།
དམ་པའི་ཐུགས་དགོངས་འགྲུབ་པར་ཤོག
རྒྱ་གཞུང་གིས་རང་ལུས་མེར་བསྲེཊ་ལ་རྐྱེན་བྱས་ཏེ་རྔ་བ་སྒོ་མང་དགོན་དུ་དམག་མི་འགྲེམས་འཇོག་གིས་དམ་དྲག་དང་ས་གནས་མི་མང་འགྲོ་སྐྱོད་ཐོག་བཀག་སྡོམ་བྱེད་ཀྱི་ཡོད་འདུག།སྐད་ཐོག་ལ་ཡོད་པའི་ཡི་གེ་རྔ་བ་ཡོད་པ་བཞིན་འབྲི་རོགས་ཞུ།དེ་འབྲི་མི་འདོད་ན་