གནས་ཚུལ་མཁོ་གཏོང་བ། བསོད་ནམས།
མདོ་སྨད་རེབ་གོང་ཆུ་མ་སྡེ་བརྒྱད་ཚོ་དགུའི་གྲས་ཀླུ་གཤོང་སྡེ་བ་ནས་ཡིན་པ་དཔའ་བོ་རྡོ་རྗེ་ལྷུན་གྲུབ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་ནས་རྒྱ་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་ལ་ངོ་རྒོལ་བྱས་ཏེ་འདས་གྲོངས་ཕྱིན་ཡོད་པར། ཁ་སང་ནས་བཟུང་ཕྱོགས་གང་ས་ནས་ཁོང་གི་སྐྱེས་ཡུལ་དུ་གདུང་སེམས་མཉམ་བསྐྱེད་དང་མྱ་ངན་ཞུ་ཆེད་མི་མང་བརྒྱ་ཕག་མང་པོ་ཕེབས་དང་ཕེབས་བཞིན་པ་དང་། གཤམ་གྱི་འདྲ་པར་ཁག་ནང་གསལ་བ་བཞིན་ཕྱོགས་མཐའ་ཁག་ནས་མི་མང་ཕོན་ཆེ་དཔའ་བོ་ཁོང་གི་སྐྱེས་ཡུལ་ཀླུ་གཤོང་སྡེ་བར་ཆེད་བསྐྱོད་ཀྱིས་སྐུ་རུས་ལ་མཇལ་དར་འབུལ་བ་དང་། ནང་མིར་སེམས་གསོ་དང་མྱ་ངན་ཞུ་བའི་རྣམ་པ་རེད། ༸གོང་ས་མཆོག་གི་སྐུ་པར་དང་བོད་ཀྱི་རྒྱལ་དར། དཔའ་བོ་ཁོང་གི་གདུང་ཐལ་སོགས་ལ་མཇལ་དར་བསྒྲོན་པར་སླེབས་མཁན་ཧ་ཅང་མང་པོ་འབྱོར་བཞིན་པར་བརྟེན། ཁྱིམ་ཚང་གི་ཁྱམས་ར་ལ་གུར་ཆེན་པོ་ཞིག་ཕིབ་སྟེ་མགྲོན་པོར་སྣེ་ལེན་ཞུ་བཞིན་ཡོད་འདུག
རེབ་གོང་ཆུ་མ་ཀླུ་གཤོང་སྡེ་བ།
དཔའ་བོ་རྡོ་རྗེ་ལྷུན་གྲུབ་ཀྱི་རུས་ཐལ་སྐྱེལ་ཡུལ་དུ་གདན་དྲངས་པ།
དཔའ་བོ་ཁོང་གི་སྐྱེས་ཡུལ་དུ་གདུང་སེམས་མཉམ་བསྐྱེད་ཆེད་སྐྱོད་བཞིན་པ།
ཀླུ་གཤོང་སྡེ་འདབས་སུ་ཕྱོགས་མཐའ་ནས་འབྱོར་བའི་རླངས་འཁོར།
ངོ་མ་བཟང་གི ཕྱོགས་མཐའ་ནས་ཡོང་མཁན་ཚང་མ་མཐོང་ཡོང་དུས་དགའ་སོང་། དངོས་གནས་ཤི་བོ་རྗེས་ཀྱི་གསོན་པོ་དག་ལ་སེམས་གསོ་རེ་་བྱེད་རྒྱུ་གལ་ཆེན་རེད ང་ཚོ་བཙན་བྱོལ་ནང་གི་འབྲེལ་ཡོད་ཚང་མས་ཀྱང་སེམས་གསོའི་དར་འཕྲིན་གང་རུང་རེ་གཏོང་ཐབས་བྱས་ན་མི་བཟང་ངམ།
དཔའ་བོའི་མཛད་རྗེས་ཕྱི་རབས་མིག་དཔེ་ཡིན།།
རྗེས་དྲན་སེམས་གསོ་ཡ་རབས་ངང་ཚུལ་ཡིན།།
སྤྱན་རས་གཟིགས་ཀྱིས་ཚེ་རབས་ཕྲེང་བ་ཡི།།
བྱས་བསགས་སྡིག་ལྟུང་ཞི་བར་བྱིན་གྱིས་རློབས།།
ཤ་ཁྲག་རུས་གསུམ་མེ་དཔུང་ཁྲོད་དུ་ཡལ།།
ལུས་ངག་ཡིད་གསུམ་མགོ་ནག་བོད་ལ་ཕུལ།།
མདོ་དབུས་ཁམས་གསུམ་གངས་ཅན་སྐྱེ་འགྲོ་ཚོས།།
མཛད་རྗེས་བསྐལ་བརྒྱའི་བར་དུ་བརྗེད་མི་སྲིད།།
ནག་ཕྱོགས་གདུག་རྩུབ་རལ་གྲིས་སྙིང་ཁམས་གཤགས།།
ཀླ་ཀློའི་བྱ་སྤྱོད་གཏུམ་པོས་ཟུངས་ཁྲག་འཇིབ།།
གཤིན་རྗེ་ལས་མཁན་བོད་སར་བཙན་གྱིས་འཛུལ།།
དམྱལ་བའི་སྡུག་བསྔལ་ཟེར་བའང་ཆུང་ངུར་བྱས།།
ཨ་ཙི་ཨ་ཨ་ཨ་མ་བོད་མི་ཚོ།།
རང་རང་བློ་རིག་རྩེ་གཅིག་མ་བསྒྲིམས་ན།།
བཙན་དབང་ཞགས་པ་དེ་ལས་ཐར་དཀའ་བས།།
རང་རང་ས་ནས་འགྱོད་མེད་ལས་ལ་འབུངས།།
ང་ཚོ་བོད་ལ་མེད་དུ་མི་རུང་བ་ནི་མཐུན་སྒྲིལ་ཡིན། དོན་དམ་གྱི་མཐུན་སྒྲིལ་ཡིན། འདི་འདྲའི་དོན་རྐྱེན་ཞིག་གི་སྐབས་སུ་ཚང་མས་གདུང་སེམས་མཉམ་བསྐྱེད་ཀྱིས་ཕན་ཚུན་རམ་འདེགས་བྱས་ན་ད་གཟོད་འུ་ཅག་ལ་དོན་འབྲས་ཤིག་ལོས་ཡོད། ཐེངས་འདིར་ཡང་དཔའ་བོ་དེ་ཉིད་ཀྱི་ཆེད་དུ་ཚང་མས་གདུང་སེམས་མཉམ་བསྐྱེད་གནང་བ་མཐོང་དུས་ཡིད་སེམས་ལ་རེ་བ་ཞིག་འདུག ང་ཚོ་སྤུན་ཟླ་ཚོའི་ལག་རྡང་ཇི་ལྟར་ཟབ་ན་དེས་ཚོད་ཀྱིས་རྒྱ་དམར་སྲིད་གཞུང་ལ་མི་བསྟུན་པའི་ནུས་པ་ཞིག་འཐོན་ངེས། མཐའ་དོན་རྒྱལ་གཅེས་དཔའ་བོ་དེ་ཉིད་ཀྱི་བསམ་དོན་ལྟར་འགྲུབ་པའི་སྨོན་ལམ་ཞུ།
དཔའ་བོ་རྡོ་རྗེ་ལྷུན་གྲུབ་དམ་པ་ཁོང་གི་འདོད་དོན་ལྷུན་གྱིས་གྲུབ་པའི་སྨོན་ལམ་ཞུ། བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། །གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། །དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས། །གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད།།
སྦྲ་དཔལ་ལྡན་ལགས་ཀྱིས་གསུང་པ་དེ་བདེན་པ་རེད། བཙན་བྱོལ་བ་ཚོས་ཀྱང་རྒྱལ་གཅེས་དཔའ་བོའི་ནང་མི་ལ་སེམས་གསོའི་གཏར་འཕྲིན་སོགས་བཏང་དགོས་པ་རེད། འདི་ལྟར་བཤད་དུས་མི་འགའ་རེས་བོད་ནང་གི་བོད་མི་ཚོར་གནོད་བསྐྱེལ་རྩིས་ཡོད་དམ་སོགས་བཀའ་བཀྱོན་བཏང་སྲིད་ཀྱང་། ཁོང་ཚོས་ནམ་རྒྱུན་རྒྱ་གཞུང་གི་མིག་ལམ་ན་མངོན་མི་ཆོག་པའི་གོང་ས་མཆོག་དང་སྲིད་སྐྱོང་མཆོག་གི་སྐུ་པར་དང་བོད་ཀྱི་རྒྱལ་དར་སོགས་མངོན་གསལ་དོད་པོས་གཤམ་འདུག་པ་དེས་མ་གནོད་ན། སེམས་གསོའི་གཏར་འཕྲིན་བཏང་བས་གནོད་དོན་མེད་པ་རེད། བོད་དོན་གྱི་ཆེད་དུ་བོད་མི་ཧ་ཅང་མང་པོས་རང་སྲོག་ཕུལ་ཟིན་པས། ད་ནི་ལས་ཅི་ལ་ཐུག་ཀྱང་མུ་མཐུད་ནས་འཐབ་རྩོད་བྱེད་པ་ལས་ཕྱིར་ལོག་གཏན་བས་བྱེད་རྒྱུ་མེད་པ་རེད། ད་ལྟ་ནི་འཐབ་རྩོད་ཀྱི་ཚད་གཞི་འཐོ་ཤོས་ལ་སླེབས་ཡོད་པས་འདི་ནས་ཕྱིར་ལོག་བྱས་ན་དེ་ནས་བོད་དོན་ལ་རེ་བ་གཏན་ནས་མེད་པ་འགྱུར་ངེས་རེད།
དཔའ་བོ་དེ་དག་འདི་ལྟར་བཞུད་ཤུལ་ནས་ང་ཚོས་ནམ་ཡང་ལྷོད་མི་རུང་བ་ཁོང་ཅག་གི་རེ་བསྙེག་ཁོ་ན་ལས་གཞན་གང་ཡང་ལྷག་མེད་པ་ངེས་པར་ཤེས་དགོས་དངོས་ཤིག་རེད་འདོད། བོད་མི་རིགས་ཀྱི་སྤྱི་ཚོགས་ལ་ཕན་པའི་ལས་གང་ཡང་རུང་བ་ཞིག་གི་སྣེ་ལ་འཇུ་ཕོབས་་པའི་དམ་བཅའ་རེ་འཇོག་ཐུབ་ན་འང་མེ་ནང་གི་རྣམ་ཤེས་ཚོ་སླར་ཡང་བོད་མི་རིགས་ལ་འཁྲུངས་རྒྱུ་རེད་བསམ་གིན་འདུག བོད་སྤྱི་དང་འབྲེལ་པའི་བདེ་སྡུག་ཆེད་དུ་རང་ལུས་མཆོད་མེ་ཕུལ་བའི་རྣམ་ཤེས་རྣམས་རང་དབང་ཞིག་ཡོད་ཐག་ཆོད་རེད་བསམ་པའི་ཡིད་ཆེས་ཞིག་སླེབས་སོང་། རྣམ་པ་ཚོ་དེ་འདྲ་ཨེ་རེད་དམ??????????
ཁ་བརྡ་ཚང་ལ་གནས་ཚུལ་གཏོང་མཁན་གྱི་བསོད་ནམས་ཟེར་བའི་མྱི་འདི་གནམ་གྱིས་སྲུང་རྒྱུ་ཞིག་རེད་འདུག་ཀ
བོད་མི་རིགས་འདི་ངོ་ནས་སྙིང་རྗེ། རང་གི་སྲོག་ཀྱང་མི་དབང་། ཐ་ན་མི་ཕལ་བ་བློ་སེང་འདྲ་བོ་ཞིག་ཀྱང་འདས་པའི་སྔས་མགོ་ལ་འཇོག་གི་འདུག ཇི་འདྲའི་མི་རིགས་དྲང་པོ་ཞིག་རེད་མི་འདུག་གམ། བོད་ནང་གི་བོད་མི་ཚོས་བློ་སེང་གིས་ལས་རོགས་བཀའ་བློན་ག་འདྲ་འདེམས་ཡོད་མེད་ཤེས་མེད་ཚོད། ཆོལ་ཁ་དབྱེ་འབྱེད་དང་ཕྱོགས་རེས་དཔུང་སྒྲིག་ག་ཚོད་བྱས་ཡོད་མེད་ཤེས་མེད་ཚོད་རེད། གང་ལྟར་བློ་སེང་ལ་རྒྱུས་མེད་བཞིན་དུ་གོང་དུ་བཀུར་མཁན་གྱི་བོད་མི་དྲང་པོ་རྣམས་ཀྱི་རེ་འདོད་འགྲུབ་པའི་སྨོན་འདུན་ཞུ། ནམ་ཞིག་སླུ་བྲིད་ཀྱི་ཡོལ་བའི་རྒྱབ་ཀྱི་གསང་བ་ཡོད་ཚད་རྟོག་པའི་རེ་བ་ཡོད།
གནས་ཚུལ་ཞིབ་ཕྲ་འདི་འདྲ་ཨེ་ཤི་ཡ་རང་དབང་ལས་ཁུངས་ནས་ཀྱང་སྟོན་ཐུབ་ཀྱི་མི་འདུག གནས་ཚུལ་སྦྲགས་པར་དང་བརྙན་འཕྲིན་འདྲ་བྱུང་ན་ནུས་པ་ཆེན་པོ་འདུག ཚོར་བ་མི་འདྲ་གི རྗེས་སུ་ཡི་རང་།
རྒྱལ་གཅེས་དཔའ་བོ་མཆོག་ལ་སེམས་གཏིང་ནས་གུས་འདུད་ཞུ་བ་དག་ཆབ་གཅིག་རེབ་གོང་མི་མང་གི་སྙིང་སྟོབས་ལ་ཡང་རྫེས་སུ་ཡུང་ཞུ། བོད་རྒྱལ་ལོ། བོད་ཀྱི་ཆེད་དུ་རང་སྲེག་གཏོང་མཁན་རྒྱལ་གཅེས་དཔའ་པོ་རྣམས་པ་རྒྱལ་ལོ།
དཔའ་བོ་ཁོ་ཚོ་ལ་གདུང་སེམས་དང་མྱ་ངན་གུས་འདུད་ཞུ།
པར་རིས་ནང་གསལ་གདུང་སེམས་མཉམ་བསྐྱེད་ཀྱིས་རྣམ་པར་འདི་མཇལ་དུས་དབང་མེད་དུ་མིག་ཆུ་ཤོར་སོང་། ཡང་སྟག་སྨྱོན་ཞེས་པའི་མཆན་དེ་མཐོང་དུས་ཞེར་མེར་ཡང་ལོང་སོང་། དྲ་བདག་ལགས་མཆན་འདི་རང་སོར་བཞག་གྱི་ནམ། ཡིན་ན་གཞིས་ལུས་སྤུན་ཟླ་ཚོས་དཀའ་སྡུག་ལ་ལེགས་སྐྱེལ་ཡིན་ནམ། ཁ་བརྡའི་སྒྲིག་གཞི་དང་མཐུན་པ་ཡིན་ནམ། ཞིབ་འཇུག་གནང་པ་ཡིན་ནམ། གལ་མི་ཆེ་བ་ཡིན་ནམ། ངས་ནོར་བ་ཡིན་ནམ།
སྟག་སྨྱོན་སྐྱག་གཟན་དང་རེབ་མཚོ་སྒྱིད་སྐྱག་གཟན།ཁྱོ་གཉིས་ལ་དྲུག་བ་བླུད་པ་ཡིན།དཔའ་བོ་རྣམས་རྒྱལ་ལོ།བོད་རྒྱལ་གྱུར་ཅིག
ཁ་བརྡ་དྲ་བ་ཁ་ཁོག་མི་མཐུན་གི། ཁ་ཁུར་བསམ་བཞིན་ཡན་པོར་གཏོང་གི་འདུག དཔེར་ན་སྐྱག་གཟན་སྟག་སྨྱོན་རེཔ་མཚོ་འདྲ།། ཁ་ཁུར་བསམ་བཞིན་བཀག་དང་འགོག་གི་འདུག། དཔེར་ན་གོང་ས་མཆོག་གི་མཛད་པ་འདྲ།།ཁ་བརྡས་འདི་འདྲ་བྱེད་ན་བསམ་བློ་ཐོངས།། ཁ་བརྡ་ཁ་ལས་མི་དགོས་ཁོ་ཐག་ཡིན།།
དཔའ་བོ་ཁོང་གི་མཆོད་ཤོམ་གྱི་སྐུ་པར་སྒྲིག་སྟངས་དེས་བོད་མི་ཚོ་ལ་བླ་ན་མེད་པའི་དད་སེམས་དང་ལ་རྒྱའི་གོང་བུ་གཅིག་ཏུ་སྒྲིལ་བའི་ནུས་པ་ཞིག་མཚོན་ཐུབ་ཀྱི་འདུག །དུས་ཚོད་ཛ་དྲག་ཅིག་ལ་གདུང་སེམས་མཉམ་སྐྱེད་བྱེད་པ་ནི་དངོས་གནས་རླབས་ཆེན་རེད།
གསར་གནས་འདིར་མཆན་སྒོ་བརྒྱབ་ཡོད།
གསར་གནས་འདིར་མཆན་བཏབས་པ་སྐོར་ཞིག་བསུབ་ཡོད། མཆན་བུ་འདེབས་མཁན་རིགས་གཅིག་གིས་སྨྱུག་མིང་སྣ་ཚོགས་སྤྱོད་ཀྱིན་འདུག་པ་འདི་ནས་ཐོག་མའི་སྨྱུག་མིང་རང་སྤྱོད་སྤྱོད་བར་རིམ་པས་འགོག་གིན་ཡོད།
ཁ་བརྡ་རྩོམ་སྒྲིག་པས།
http://www.khabdha.org
khabdha.gmail.com