ནགས་ཕྲན་པ་བསོད་ནམས་ཚེ་རིང་།
རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པ་ནས་བོད་མིས་རང་ལུས་མེ་རུ་སྤར་ཏེ་རྒྱ་གཞུང་ལ་ངོ་རྒོལ་བྱས་པའི་ཐོག་མ་ནི་ཕྱི་ལོ་ ༡༩༩༨ ལོའི་ཟླ་ ༤ པའི་ཚེས་ ༢༦ ཉིན་ཡིན་ལ། སྐབས་དེར་གསུམ་བཅུའི་དུས་སྐབས་ ༣༩ པའི་སྐབས་སུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སུ་དགོས་འདུན་དོན་ཚན་གསུམ་བཏོན་ཏེ། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་མ་ཤི་བར་གྱི་ཟས་བཅད་ངོ་རྒོལ་བྱས་པའི་སྐབས་རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱིས་ “༸གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག བོད་རྒྱལ་གྱུར་ཅིག” ཅེས་སྐད་འབོད་སྒྲོགས་བཞིན་རང་ལུས་མེ་རུ་སྤར་བ་རེད། དེ་ནས་མི་ལོ་ ༡༡ གི་རྗེས་སུ་སྟེ། ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧ ཉིན་རྒྱལ་གཅེས་དཔའ་བོ་བཀྲ་བྷེ་ལགས་ཀྱིས་བོད་ནང་ནས་རང་ལུས་མེ་རུ་སྤར་ཡོད་པ་དང་། ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༦ ཉིན་རྒྱལ་གཅེས་དཔའ་བོ་ཕུན་ཚོགས་ལགས་ཀྱིས་རང་ལུས་མེ་རུ་སྤར་བ་རེད། དེ་ནས་བཟུང་མི་ལོ་གཅིག་གི་ལྷག་ཙམ་གྱི་རིང་ལ་རང་ལུས་མེ་རུ་སྤར་མཁན་གཅིག་འཕྲོ་གཉིས་མཐུད་དུ་བྱུང་སྟེ། ད་ལྟའི་བར་དུ་བོད་བཙན་བྱོལ་བོད་མིའི་ཁྲོད་ནས་མི་གྲངས་ ༥ དང་། གཞིས་བཞུགས་མི་ ༤༩ བྱུང་བའི་གནས་ཚུལ་ཁུངས་ལྡན་དང་གསལ་པོར་གྱུར་ཡོད་པ་རེད། རྒྱལ་གཅེས་དཔའ་བོ་དེ་དག་ནི་བོད་མདོ་དབུས་ཁམས་གསུམ་མམ། བོད་ཕྱི་ནང་གཉིས་སུ་བྱུང་བའི་རྩོད་མེད་ཡོངས་ཀྱིས་རང་ལུས་མེར་བསྲེག་གཏོང་མཁན་དག་ཡིན་པ་དང་། ད་དུང་བོད་ནང་གི་བརྡའ་འཕྲིན་དང་གནས་ཚུལ་ཕྱིར་གྱར་མི་ཡོང་བར་དམ་དྲག་ཧ་ཅང་ཆེ་བར་བརྟེན་ང་ཚོས་ཤེས་རྟོགས་མ་བྱུང་བའམ་ཡོངས་གྲགས་སུ་མ་གྱུར་བའི་བོད་རྩ་དོན་ཆེད་རང་ལུས་མེ་རུ་སྤར་མཁན་ཡོད་མེད་ཐད་ལ་ཡང་ཞིབ་འཇུག་བྱ་དགོས་པར་གྱུར་ཡོད་ལ། གོང་འཁོད་རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་དག་ལས་མི་གྲངས་ ༢༨ ཙམ་གྱིས་རང་སྲོག་མེ་རུ་སྤར་བའི་དགོས་འདུན་དང་། ཐུགས་རེ་གང་ཡིན་དངོས་སུ་ཞལ་ཆེམས་བཞག་པ་དང་འབོད་སྒྲ་བསྒྲགས་པ་ཙན་བྱོལ་བོད་མིའི་བརྒྱུད་ལམ་ཁག་ཏུ་ཐོན་འདུག ཡིན་ནའང་། ད་དུང་ཁོང་རྣམས་པའི་ཞལ་ཆེམས་སམ་འབོད་སྒྲ་མང་དག་ཅིག་བརྒྱུད་ལམ་དུ་སླེབས་མེད་པར་བརྟེན། ང་ཚོས་དེ་དག་ལ་ཡང་ཞིབ་འཇུག་བྱེད་རྒྱུ་གལ་ཆེན་དོན་ཆེན་དུ་གྱུར་ཡོད་པར་འདོད།
ང་ཚོའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་བརྒྱུད་ལམ་ཁག་ཏུ་གསར་འགྱུར་ཡོང་ཁུངས་གཅིག་པ་མིན་ན་རྒྱལ་གཅེས་དཔའ་བོ་མི་གཅིག་གི་འབོད་སྒྲ་ཡང་གཅིག་གྱུར་ཞིག་སླེབས་ཀྱི་མེད་པ་ལྟར་སྣང་། དཔེ་མཚོན་གཅིག་བཞག་ན་རྒྱལ་གཅེས་དཔའ་བོ་གྲྭ་ཕུན་ཚོགས་ཀྱིས་རང་ལུས་མེ་རུ་སྤར་སྐབས་ཀྱི་འབོད་སྒྲ་བོད་མི་མང་སྤྱི་འཐུས་ཀྱི་དྲ་བའི་ནང་ “བོད་རང་བཙན་ཡིན། ྋརྒྱལ་བ་རིན་པོ་ཆེ་ཁྲི་ལོར་བརྟན་པར་ཤོག” ཁོད་ཡོད་པ་དང་། དབུས་བོད་མིའི་སྒྲིག་འཛུགས། “༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་སོགས་ཀྱི་རྒྱ་ནག་གཞུང་ལ་ཞི་རྒོལ་སྐད་འབོད་བྱས་འདུག” ཅེས་འཁོད་འདུག དེ་བཞིན་བོད་ཀྱི་དུས་བབ་དྲ་བར་ “ བོད་ལ་འགྲོ་བ་མིའི་ཐོབ་ཐང་དགོས་” ཅེས་དང་། བོད་ཀྱི་བང་ཆེན་ནང་དུ་“༧རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས་པ་དང། བོད་རང་བཙན་ཡིན་པའི་སྐད་འབོད་གནང་” པའི་སྐོར་ཞིག་བོད་ཀྱི་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་ཀྱིས་བཤད་པ་ཞིག་འཁོད་འདུག དཔེ་མཚོན་དེ་བཞིན་ཨ་རི་རླུང་འཕྲིན་དང་ཨ་ཤ་ཡ་རང་དབང་རླུང་འཕྲིན། ནོར་ཝེ་རླུང་འཕྲིན་དེ་དག་གི་ནང་དུ་ཡང་འབོད་སྒྲ་གཅིག་གྱུར་ཡོང་གི་མེད་པའི་སྐོར་ཡང་ཤོད་རྒྱུ་འདུག དེར་བརྟེན་ཕྱོགས་གཅིག་ནས་བཤད་ན་ང་ཚོའི་བརྒྱུད་ལམ་ཁག་ནས་བོད་ནང་གི་གནས་ཚུལ་ཆ་ཚང་བ་ཞིག་རག་ཐུབ་ཀྱི་མེད་པའི་དཀའ་ངལ་དེ་མཚོན་ཡོད་ལ། ཕྱོགས་གཞན་ཞིག་ནས་བཤད་ན་རྒྱལ་གཅེས་དཔའ་བོ་ཁོང་རྣམས་ཀྱི་དགོས་འདུན་དང་འབོད་སྒྲ་དེ་དག་གསར་འགྱུར་མཁོ་སྤྲོད་པ་ཚོའི་མངོན་འདོད་ཀྱི་ཕྱོགས་སུ་ཤོར་ཀྱི་ཡོད་མིན་ཡང་བློ་དོགས་སྐྱེས་ཡོང་ཞིག་ཀྱང་རེད། གང་ལྟར་རྒྱལ་དཔའ་བོ་དེ་དག་གི་འབོད་སྒྲ་དང་ཞལ་ཆེམས་ཁག་གིས་བོད་ནང་གི་གནས་སྟངས་ངོ་མ་མཚོན་པ་དང་། བོད་མིའི་མངོན་འདོད་ངོ་མ་སྟོན་གྱི་ཡོད་པས་བོད་མིའི་རྩ་དོན་རྩོད་ལེན་བྱེད་པ་ལ་ཤེས་དགོས་ངེས་ཀྱི་གནད་དོན་ཞིག་ཏུ་གྱུར་ཡོད། དེར་བརྟེན་དེ་རིང་ངས་འདིར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་རྒྱ་དང་། བོད་མི་མང་སྤྱི་འཐུས་ཀྱི་དྲྭ་རྒྱ། བོད་ཀྱི་བང་ཆེན་དྲྭ་རྒྱ་བཅས་སུ་བཀོད་འདུག་པའི་རང་ལུས་མེར་བསྲེག་གཏོང་མཁན་གྱི་ཞལ་ཆེམས་དང་འབོད་སྒྲ་ཁག་ཚང་མ་ཕྱོགས་བསྡུས་བྱས་ནས་རྒྱ་ཆེས་མི་མང་གི་ཤེས་རྟོགས་སྔར་ལྷག་ཡོང་ཆེད་བཀོད་རྒྱུ་ཡིན། འོད་ཀྱང་གནས་ཚུལ་འདི་དག་རང་ཉིད་ཀྱིས་ལས་ཞོར་དུ་བསྡུ་བསྒྲིགས་བྱས་པའི་ཟིན་བྲིས་ཙམ་ཡིན་པས་ན། ད་དུང་དྲྭ་རྒྱ་དེ་དག་ལས་བསྡུ་མ་ཐུབ་པ་དང་། དྲྭ་རྒྱ་དེ་དག་ལ་མ་འཁོད་པའི་གནས་ཚུལ་དང་འབོད་སྒྲ་གཞན་ཡང་ཡོད་སྲིད་པས་ཀློག་པ་པོ་དག་གིས་དེ་ལུགས་ཐུགས་འཇགས་ཡོང་བ་ཞུ།
༡༽ ཕྱི་ལོ་ ༡༩༩༨ ལོའི་ཟླ་ ༤ པའི་ཚེས་ ༢༦ ཉིན་རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་གྱི་རང་ལུས་མེར་བསྲེག་གཏོང་སྐབས་“༸གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག བོད་རྒྱལ་གྱུར་ཅིག” ཅེས་སྐད་འབོད་བྱས་པ་དང་། གཞོན་ནུས་ཟད་བཅད་ངོ་རྒོལ་ཀྱི་འགེངས་ཤོག་ནང་ “བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ད་རེས་ཀྱི་ལས་འགུལ་འདི་སྤེལ་བར་བསྔགས་བརྗོད་ཞུ། ལྷག་པར་བོད་མི་ས་ཡ་དྲུག་དང་བོད་ནང་གི་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་ལ་རྗེས་སུ་ཡི་རང་ཞུ་བ་ཆ བ་གཅིག རང་ཉིོད་ལས་འགུལ་འདིའི་རྗེས་སུ་ཞུགས་རྒྱུའི་གོ་སྐབས་བཟང་པོ་ཏོབ་པར་དགའ་སྤོབས་ཤིན་ཏུ་ཆེ་ན་བློ་འགྱོད་རྩ་བ་ནས་མེད། མ་འོངས་པར་བོད་མི་ཚང་མས་འདི་ལྟ་བུའི་ལས་འགུལ་ནང་ངེས་པར་འཛུལ་ཞུགས་དང་། ལྷག་པར་༸གོང་ས་མཆོག་གི་བླ་ན་མ་མཆིས་པའི་དགོངས་པ་དབུ་མའི་ལམ་ཐོག་གུས་རང་ཡིད་ཆེས་གཙང་མ་ཡོད་ན། བོད་མི་ཚོས་དེ་ལྟར་དགོངས་བཞེས་གནང་གལ་ཆེ།” ཅེས་ཞལ་ཆེམས་སུ་འཁོད་ཡོད་པ་རེད་འདུག
༢༽ ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་༡༦ ཉིན་རྒྱལ་གཅེས་དཔའ་བོ་གྲྭ་ཕུན་ཚོགས་ཀྱིས་རང་ལུས་མེར་བསྲེག་གཏོང་སྐབས་ “བོད་རང་བཙན་ཡིན། ྋརྒྱལ་བ་རིན་པོ་ཆེ་ཁྲི་ལོར་བརྟན་པར་ཤོག བོད་ལ་འགྲོ་བ་མིའི་ཐོབ་ཐང་དགོས༧རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས་” སོགས་ཀྱི་འབོད་ཚིག་བསྒྲགས་ཡོད་འདུག
༣༽ ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༡༥ ཉིན་རྒྱལ་གཅེས་དཔའ་བོ་གྲྭ་ཚེ་དབང་ནོར་བུ་(ཡོངས་གྲགས་ནོར་ཁོ།)ལགས་ཀྱིས་རང་ལུས་མེར་བསྲེག་གཏོང་སྐབས་“བོད་ལ་རང་དབང་དགོས། ང་ཚོར་མཐོང་ཆུང་བྱེད་ཀྱི་འདུག རྩ་བའི་བླ་༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་ཞུ་དགོས།” ཞེས་སྐད་འབོད་བྱས་པ་དང་དེ་ལྟར་ཡིག་ཆ་གང་སར་བཀྲམ་ཡོད་འདུག
༤༽ ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་༢༦ ཉིན་རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་སྐལ་བཟང་དང་། རྒྱལ་གཅེས་དཔའ་བོ་བློ་བཟང་དཀོན་མཆོག་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་བ་ནི་ “རྒྱ་ནག་གཞུང་ཕྱོགས་ནས་བོད་ནང་བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་། བདེ་སྐྱིད་རྩ་བ་ནས་སྤྲོད་ཀྱི་མེད་”པས་རེད་ཅེས་བརྒྱུད་ལམ་དུ་གསལ།
༥༽ ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༧ ཉིན་རྒྱལ་གཅེས་དཔའ་མོ་བཙུན་མ་བསྟན་འཛིན་དབང་མོས་རང་ལུས་མེར་བསྲེག་གཏོང་སྐབས་”༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས། བོད་ལ་ཆོས་དད་རང་དབང་དགོས་”ཞེས་སོགས་སྐད་འབོད་བྱས་ཡོད་འདུག
༦༽ ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་༧ ཉིན་རྒྱལ་གཅེས་དཔའ་བོ་ཆོས་འཕེལ་དང་། རྒྱལ་གཅེས་དཔའ་བོ་མཁའ་དབྱངས་གཉིས་ཀྱིས་རང་ལུས་མེར་བསྲེགས་གཏོང་སྐབས་“བོད་ལ་རང་དབང་དགོས། ང་ཚོར་འགྲོ་བ་མིའི་ཐོབ་ཐང་དགོས། ༧རྒྱལ་བ་རིན་པོ་ཆེ་བོད་ནང་གདན་འདྲེན་ཞུ་དགོས། བོད་མི་ཚང་མ་ལོངས་ཤོག”་ཅེས་པའི་སྐད་འབོད་བྱས་འདུག
༧༽ ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་༡༥ ཉིན་རྒྱལ་གཅེས་དཔའ་བོ་ནོར་བུ་དགྲ་འདུལ་ཀྱིས་རང་ལུས་མེར་བསྲེག་གཏོང་སྐབས་ “བོད་ཁ་བ་ཅན་ལ་རང་དབང་རང་བཙན་དགོས། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་”ཞེས་འབོད་བྱས་ཡོད་འདུག
༨༽ ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་༡༧ ཉིན་རྒྱལ་གཅེས་དཔའ་མོ་བཙུན་མ་བསྟན་འཛིན་དབང་མོས་རང་ལུས་མེར་བསྲེག་གཏོང་སྐབས་ “༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས། བོད་ལ་ཆོས་དད་རང་དབང་དགོས་”ཞེས་སྐད་འབོད་བྱས་ཡོད་འདུག
༩༽ ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༥ ཉིན་རྒྱལ་གཅེས་དཔའ་བོ་གྲྭ་ཟླ་བ་ཚེ་རིང་ལགས་ཀྱིས་རང་ལུས་མེར་བསྲེག་གཏོང་སྐབས་ “༸རྒྱལ་བ་རིན་པོ་ཆེ། བོད་ལ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས། མི་རིགས་འདྲ་མཉམ་དགོས། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག་”ཅེས། སོགས་འབོད་སྒྲ་བསྒྲགས་ཡོད་འདུག
༡༠༽ ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༣ ཉིན་རྒྱལ་གཅེས་དཔའ་མོ་བཙུན་མ་དཔལ་ལྡན་ཆོས་མཚོས་རང་ལུས་མེར་བསྲེག་གཏོང་སྐབས་“བོད་ལ་རང་དབང་དགོས། གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག གོང་ས་མཆོག་བོད་ལ་གདན་ཞུ་བྱེད་དགོས་” ཞེས་འབོད་སྒྲ་བསྒྲགས་འདུག
༡༢༽ ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༡ ཉིན་རྒྱལ་གཅེས་དཔའ་བོ་རོང་ཚ་བསྟན་འཛིན་ཕུན་ཚོགས་ཀྱིས་རང་ལུས་མེ་སྲེག་གཏོང་སྐབས་ “༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཁྱེན།” ཞེས་འབོད་ཚིག་བསྒྲགས་པ་དང་། ཁ་ཆེམས་ཡི་གེ་བཞག་པའི་ནང་༡༽ བོད་ཀྱི་ཁྱད་ཆོས་ནང་པ་སངས་རྒྱས་པའི་ཆོས་ལུགས་ཡང་དག་པའི་ལྟ་བ་མ་ནོར་བར་ལེགས་པར་འཛིན་སྐྱོང་བྱེད་པའི་ཀརྨ་དགོན་མཁན་བློ་གྲོས་རབ་གསལ་དང༌། རྣམ་སྲས་བསོད་ནམས། གྲྭ་བཙུན་ཐམས་ཅད་བཙོན་བཟུང་རྡུང་རྡེག་འདི་འདྲ་བཟོས་ན་ངེད་ཀརྨ་དགོན་མཁན་སློབ་འབྲེལ་ཡོད་ཐམས་ཅད་སྡུག་བསྔལ་གྱིས་ཤི་ན་དགའ་འདུག ཅེས་ཕྲན་ལ་རྒྱ་འཛིན་པའི་ཐ་ཤལ་པ་བསྟན་འཛིན་ཕུན་ཚོགས་ནས་བྲིས། སྤུན་ཟླ་ཚོ། སེམས་མ་ཕམ། དཔའ་མ་ཞུམ། ༢༽ བདག་གཞན་བརྗེ་བའི་ཆོས་གྲོགས་ཚོ། བསྟན་པ་འཛིན་པའི་མཁན་པོ་རྣམ་གཉིས་དང༌། གྲྭ་བཙུན་ཚོ་ལ་བསམ་མནོ་ཞིག་གཏང་དང། ཆོས་ལུགས་སྤེལ་མི་ཆོག་པའི་དབང་བསྡུས་ལ་ཡིད་ཆེས་འདུག་ལགས་སམ། བསྟན་འཛིན་ཕུན་ཚོགས་ནས་བྲིས། ༣༽ ཀརྨ་དགོན་ཆོས་གྲོགས་ཚོ། བསླབ་གསུམ་གྱི་མཁན་པོ་དང་གྲྭ་བཙུན་དེ་ཚོ་ལ་བསམ་ནས་བསྡད་ན་ཅི་ཕན། ཡར་ལ་ལོངས་ཤོག རྙེད་བཀུར་ཆོས་བརྒྱད་གྲགས་པའི་རོ་རྣམས་ལ།། རི་དྭགས་དགྲ་ལ་འཇིགས་བཞིན་རབ་ཏུ་འབྲོས།། མནོག་ཆུང་ཚེ་འདིས་བསླུ་བ་མ་ནུས་པའི།། སངས་རྒྱས་མཉན་པའི་ཞབས་ལ་གསོལ་བ་འདེབས།། སྡུག་བསྔལ་གྱིས་ཁེངས་པའི་ཐ་ཤལ་བསྟན་འཛིན་ཕུན་ཚོགས་ནས་བྲིས། ༤༽ བོད་ཁམས་སྤྱི་དང་ད་ལོ་ཀརྨ་དགོན་པའི་སྡུག་བསྔལ་འདི་བསམ་ཚེ་བདག་འཇིག་རྟེན་འདིར་བསྡད་ན་ཚེ་འགྲོ་ཐབས་མི་འདུག་ཅེས་འཁོད་ཡོད་འདུག
༡༣༽ ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༦ ཉིན་རྒྱལ་གཅེས་དཔའ་བོ་ཚུལ་ཁྲིམས་དང་། རྒྱལ་གཅེས་དཔའ་བོ་བསྟན་ཉི་གཉིས་ཀྱིས་རང་ལུས་མེར་བསྲེག་གཏོང་སྐབས་ “རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་དགོས། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག་”ཅེས་སྐད་འབོད་བྱས་ཡོད་འདུག
༡༤༽ ཕྱི་ལོ་ ༢༠༡༢ ཟླ་བ་ ༡ ཚེས་ ༨ ཉིན་རྒྱལ་གཅེས་དཔའ་བོ་སྤྲུལ་སྐུ་བསོད་ནམས་དབང་རྒྱལ་ལམ་མཚན་གཞན་བསོད་བྷེ་ཀྱིས་རང་ལུས་མེར་བསྲེག་གཏོང་སྐབས་ “རྒྱལ་བ་རིན་པོ་ཆེ་བོད་ནང་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས། བོད་ནང་ཆོས་དད་རང་དབང་མི་འདུག་”ཞེས་སོགས་ཀྱི་འབོད་ཚིག་སྒྲགས་ཡོད་པས་མ་ཚད་ཞལ་ཆེམས་བཞག་པའི་ནང་འདི་ལྟར་འཁོད་འདུག ” བོད་མི་ས་ཡ་དྲུག་གི་གཙོས་རྒྱལ་ཕྱི་ནང་གི་བོད་རིགས་སྤུན་ཟླ་ཡོངས་ལ། དེ་སྔ་འདས་སོང་བའི་དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱི་གཙོས་རྒྱལ་ཕྱི་ནང་གི་དཔའ་བོ་དཔའ་མོ་ཐམས་ཅད་ཀྱིས། བོད་མི་ཡ་ས་དྲུག་གི་གཞིས་བྱེས་ལྷན་འཛོམས་ཀྱི་ཆེད་དང་། བོད་ཀྱི་བདེ་དོན་ཆེད་དུ་སྐུ་སྲོག་བཏང་བ་ཡིན་པས་ཁོང་རྣམ་པ་ཚང་མར་བཀའ་དྲིན་ཆེ་ཞུ་བ་དང་ཆབས་གཅིག་ཏུ། བདག་ལྟ་བུར་མཚོན་ན་ད་ལྟ་ལོ་ན་བཞི་བཅུའི་ནང་དུ་སོན་ཡོད་མོད། ད་བར་དུ་དེ་ལྟ་བུའི་སྙིང་སྟོབས་མ་ཡོད་པར་ལྷག་བསྡད་པ་རེད། ཡིན་ན་ཡང་། བོད་ཀྱི་རིག་གནས་ཆེ་བ་ལྔ་དང་། ཆུང་བ་ལྔ་བཅས་དར་སྤེལ་ཙམ་རེ་བྱས་པ་ཡིན། ད་ལྟ་ནི་དུས་རབས་ཉེར་གཅིག་པ་ཡིན་ལ། ད་ལོ་ནི་སྐུ་སྲོག་བློས་བཏང་བའི་དཔའ་བོ་དཔའ་མོ་མང་པོ་ཞིག་གཤེགས་སོང་བའི་ལོ་རེད། དེས་ན་ངས་ཁོང་རྣམ་པར་ལུས་ཤ་ཁྲག་གི་མཚོན་བྱེད་ཙམ་ལས། རང་གི་བྱས་རྗེས་དང་གཟི་བརྗིད་ཙམ་གྱི་ཆེད་མ་ཡིན་པར། སྙིང་ཐག་པ་ནས་སོར་བྱང་སྔགས་གསུམ་དང་། སྔགས་ཀྱི་ནང་ནས་སྔགས་ཀྱི་དམ་ཚིག་གི་གཙོ་བོ་རང་རང་གི་ལུས་དང་སྲོག་བཏང་སྟེ་འགྱོད་བཤགས་བྱེད་རྒྱུ་དེ་རེད། ཁྱད་པར་དུ་རིས་སུ་མ་ཆད་པའི་སེམས་ཅན་ཐམས་ཅད་ཕ་མར་མ་གྱུར་བ་མེད། མཐའ་མེད་པའི་སེམས་ཅན་དེ་དག་ནི་ཀླ་ཀློ་དང་དེ་ལྟ་བའི་ཆོས་མིན་གྱི་དབང་དུ་སོང་སྟེ། མི་དགེ་བའི་ལས་ཚབས་ཆེན་བསགས་བཞིན་ཡོད་པས། སྙིང་ཐག་པ་ནས་དེ་རྣམས་ཀྱི་ལས་སྒྲིབ་སྦྱང་ཕྱིར་དང་། གཞན་ཡང་ཤིག་དང་སྲོ་མང་ཡན་ཆོད་དབུགས་ལ་བརྟེན་ཚད་དེ་ནམ་མཁས་གར་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱིས་འཆི་ཁ་མནར་གཅོད་ཀྱི་སྡུག་བསྔལ་མི་མྱོང་བར་མགོན་པོ་འོད་དཔག་མེད་པའི་སྐུ་དྲུང་དུ་སྐྱེས་ཏེ། རྣམ་མཁྱེན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཕྱིར་དུ། རང་གི་ཚེ་དང་སྲོག་གི་མཆོད་པ་འདི་ཕུལ་བ་ཡིན།
དེ་ནས་༧གོང་ས་ལྷ་མིའི་རྣམ་འདྲེན་༧རྒྱལ་དབང་བསྟན་འཛིན་རྒྱ་མཚོ་དབུ་བཞུགས་པའི་བླ་སྤྲུལ་ཡོངས་རྫོགས་ཀྱི་སྐུ་ཚེ་ཞབས་པད་བརྟན་ཆེད་རང་གི་ལུས་དང་སྲོག་འདི་མཎྜལ་གྱི་ཚུལ་དུ་ཕུལ་བ་ཡིན། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམས།། རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི།། སངས་རྒྱས་ཞིང་ལ་དམིགས་ཏེ་ཕུལ་བ་ཡིས།། འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག། བདག་གཞན་ལུས་ངག་ཡིད་གསུམ་དུས་གསུམ་དགེ་ཚོགས་བཅས།། རིན་ཆེན་མཎྜལ་བཟང་པོ་ཀུན་བཟང་མཆོད་པའི་ཚོགས་བཅས་པ།། བློ་ཡི་དམིགས་ནས་བླ་མ་དཀོན་མཆོག་གསུམ་ལ་འབུལ།། ཐུགས་རྗེའི་དབང་གིས་བཞེས་ནས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ།། ཨེ་དཾ་གུ་རུ་རདྣ་མཎྜ་ལ་ཁཾ་ནིརྱ་ཏ་ཡ་མི།
ད་ང་རང་གི་མི་སྒེར་གྱི་དབང་གིས་འདི་ལྟ་བུའི་ལས་བགྱིས་པ་མ་ཡིན་ལ། འདོད་དང་བསྙེན་བཀུར་གྱི་དབང་གིས་ཡང་འདི་ལྟ་བུ་བྱས་པ་མ་ཡིན། རང་གི་བསམ་པ་རྣམ་པར་དག་པའི་སྒོ་ནས་རང་གི་ཚེ་འདི་སྙིང་སྟོབས་ཆེན་པོས་སྟག་མོ་ལ་ལུས་ཡོངས་སུ་བཏང་བ་ལྟར་བཏང་བ་ཡིན། དེ་བཞིན་དུ་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ཀྱིས་ཀྱང་དེ་བཞིན་སྲོག་བཏང་བ་ཡིན་མོད། ལག་ལེན་གྱི་ཐོག་ནས་ཞེ་སྡང་ལྟ་བུའི་ངང་ནས་གཤེགས་སོང་བ་ཡིན་པས་ཐར་ལམ་བགྲོད་ཐུབ་མིན་དཀའ་མོ་རེད། དེར་བརྟེན་དེ་དག་གི་ལམ་སྣ་འདྲེན་པའི་དེད་དཔོན་དང་། འདི་ལྟ་བུའི་མཆོད་པ་ཕུལ་བའི་དགེ་བའི་མཐུ་ལ་བརྟེན་ནས་མ་འོངས་པར་སེམས་ཅན་ཐམས་ཅད་རྣམ་མཁྱེན་བླ་ན་མེད་པ་སངས་རྒྱས་ཀྱི་སར་བགྲོད་པའི་སྨོན་འདུན་དང་། རྒྱལ་ཕྱི་ནང་གི་བླ་སྤྲུལ་ཡོངས་ཀྱི་སྐུ་ཚེ་བརྟན་པ་དང་། ཁྱད་པར་དུ་༧རྒྱལ་དབང་བསྟན་འཛིན་རྒྱ་མཚོ་མི་འཇིགས་གདོང་ལྔའི་ཁྲི་ལ་མངའ་གསོལ་ཏེ། བོད་ཀྱི་ཆོས་སྲིད་གཉིས་ཀྱི་མངའ་བདག་ཏུ་བཞུགས་པའི་སྨོན་འདུན་དུ། གངས་རིའི་ར་བས་བསྐོར་བའི་ཞིང་ཁམས་འདིར།། ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས།། སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི།། ཞབས་པད་སྲིད་མཐུའི་བར་དུ་བརྟན་གྱུར་ཅིག། འཕྲིན་ལས་ནམ་མཁའ་ལྟ་བུར་ཁྱབ་པར་ཤོག།
སྨོན་ལམ་ལོག་པའི་རྒྱལ་བའི་བསྟན་པ་ལ།། འཁུ་བའི་ནག་ཕྱོགས་གཟུགས་ཅན་གཟུགས་མེད་སྡེ།། བསམ་སྦྱོར་ངན་པའི་འཇུག་པ་མ་ལུས་པ།། མཆོག་གསུམ་བདེན་པས་རྩད་ནས་གཅོད་གྱུར་ཅིག། ༼འདི་ལྟར་བགྱིས་པའི་རྣམ་དཀར་སོགས་ཤོ་ལོ་ཀ་གཉིས་དང་། སྨོན་ལམ་རྒྱལ་པོ་འདི་དག་སོགས་ཤོ་ལོ་ཀ་གཅིག འདི་དང་དུས་གསུམ་སོགས་ཤོ་ལོ་ཀ་གཅིག ཏདྱཐ། པཎྩ་ཏྲི་ཡ་ཕྱག་འཚལ་བའི་གཟུངས་ལན་གསུམ་གསུང་འདུག༽
ཡ་དེ་ནས་རྡོ་རྗེའི་སྤུན་གྲོགས་རྣམས་དང་། ཕྱོགས་སོ་སོ་ན་ཡོད་པའི་དད་ལྡན་ཡོངས་ལ་ཞུ་རྒྱུ་ཞིག་ལ། ཐམས་ཅད་ཀྱིས་མཐུན་སྒྲིལ་ལག་སྡང་སྤྲེལ་ནས་བོད་མི་རིགས་ཟེར་བ་འདི་མ་འོངས་པར་འོད་སྟོང་འབར་བའི་གཟི་བྱིན་ཅན་གྱི་རྒྱལ་ཁབ་ཞིག་ཏུ་བསྐྲུན་ཐུབ་རྒྱུ་འདི་དཔའ་བོ་དཔའ་བོ་རྣམས་ཀྱི་ཐུགས་བཞེད་ཡིན། དེས་ན་ཁྱེད་རྣམས་ཀྱིས་ཁ་མཐུན་གྲོས་ཀྱི་སྒོ་ནས་ནང་ཁུལ་ནས་ས་རྩོད་དང་ཆུ་རྩོད་ལ་སོགས་པ་མི་དགོས་པའི་བྱ་བ་ངན་རིགས་མི་བྱེད་པར་མཐུན་པའི་ལམ་ནས། ལོ་ཆུང་རྣམས་ཀྱིས་བཅུ་ཕྲག་རིག་གཞུང་ལ་སྦྱང་བརྩོན་དང་གཅེས་སྤྲས་བྱོས། ལོ་ལོན་རྣམས་ཀྱིས་རང་རང་གི་ལུས་ངག་ཡིད་གསུམ་དགེ་བ་ལ་བཀོལ་ཏེ། བོད་མིའི་ཡུལ་སྲོལ་དང་གོམས་གཤིས་དང་། སྐད་ཡིག་སོགས་ཉམ་དུ་མི་འཇུག་པར་བོད་མིའི་ངོ་བོ་རྒྱུན་འཛིན་ཐུབ་པ་དགོས། དེ་བཞིན་དུ་བོད་མིའི་བདེ་དོན་དང་། སེམས་ཅན་ཐམས་ཅད་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་ཆེད་ཆོས་རྣམ་པར་དག་པ་ཞིག་བསྒྲུབ་རྒྱུ་གལ་ཆེན་པོ་རེད། བཀྲ་ཤིས་བདེ་ལེགས།
དེ་ནས་ང་རང་གི་འཁོར་སྡེ་བརྒྱད་དང་། ཡུལ་བ་དང་ཉེ་རིང་ཡོངས་སུ་རྫོགས་པ། གཙོ་བོ་༼མི་ཞིག་གི་མིང་ནས་སྨྲོས་ཀྱང་མི་གསལ།༽སོགས་འདི་དག་ཚང་མར་ཞུ་རྒྱུར། ང་རང་ལ་རྒྱུ་ཁབ་སྐུད་ཙམ་ཡང་མེད། གང་ཡོད་པ་ཚང་མ་སྔོན་མ་ནས་ཆོས་ཕྱོགས་སུ་བཏང་ཚར། རྗེས་སུ་ཅིག་ཅིག་ན་སྒོར་ཁྲི་མང་པོ་ཡོད་ཟེར་བ་དང་། ཅིག་བྱས་པ་རེད་ཉུག་བྱས་པ་རེད་སོགས་བཤད་རྒྱུ་གཏམ་རྒྱུ་གང་ཡང་མེད་པས། ཤ་ཕུ་ནུ། གཉེན་ཉེ་འབྲེལ་ཡོངས་དང་། ཡུལ་སྡེ་ཕྱོགས་སོ་སོ་ན་ཡོད་པའི་སྦྱིན་བདག་ཚང་མས་དེ་དོན་ཡིད་ལ་འཇགས་པར་ཞུ་ཞུ།
དེ་མིན་བར་འདུག་བྱས་ཡོད་པ་དང་། བཅའ་དངོས་གཞན་པ་རྣམས་སྦྱིན་བདག་རྣམས་ཀྱིས། ཡུལ་སྡེ་མི་སྡེ། བླ་སྤྲུལ་སུ་ཡིན་ལ་ཡག་པོ་ཞིག་སྤྲོད་རྒྱུ་རེ་བ་ཡིན།
དེ་ནས་རང་གཞན་གཉིས་ཀྱིས་དུས་གསུམ་དུ་བསགས་པའི་དགེ་རྩ་ཐམས་ཅད་མ་རྒན་སེམས་ཅན་ཐམས་ཅད་དང་། སྒོས་སུ་དམྱལ་ཁམས་སོགས་ན་སྡུག་བསྔལ་མྱོང་བཞིན་པ་རྣམས་ཐར་བ་ཐོབ་ཕྱིར་བསྔོ་སྨོན་འདི་ལྟར་མཛོད། ༼སྨོན་ལམ་རྒྱལ་པོ་སོགས་ཤོ་ལོ་ཀ་གཅིག་དང་། འདི་དང་དུས་གསུམ་སོགས་ཤོ་ལོ་གཅིག་གསུང་འདུག༽
ད་རྒྱལ་ཕྱི་ནང་གི་ཆོས་གྲོགས་ཕོ་མོ་ཡོངས་ལ་ངས་ཞུ་རྒྱུ་ཞིག་ལ། ཁྱེད་ཅག་གི་ཐུགས་མ་ཕམ། བླ་མ་དགེ་བའི་དགེ་གཉེན་ལ་གསོལ་བ་རྩེ་གཅིག་ཏུ་ཐོབས་དང་། ཇི་སྲིད་བྱང་ཆུབ་མ་ཐོབ་བར་དུ་སྐད་ཅིག་ཙམ་ཡང་འབྲལ་བ་མེད། དེ་བཞིན་དུ་རྒ་རྒས་རྣམས་དང་། མང་ཚོགས་ཚང་མར་དེ་བཞིན་ཡིན། སྐྱིད་ན་སྡུག་ན། ཡག་ན་ཉེས་ན། བཟང་ན་ངན་ན་སྐྱབས་དཀོན་མཆོག་གསུམ་མ་གཏོགས་རེ་ས་ཡོད་ནི་མ་རེད། དེ་ཁྱེད་རྣམས་ཀྱིས་བརྗེད་མི་ཉན། བཀྲ་ཤིས་བདེ་ལེགས།
༡༥༽ ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༦ ཉིན་རྒྱལ་གཅེས་དཔའ་བོ་ཚུལ་ཁྲིམས་ཀྱིས་རང་ལུས་མེར་བསྲེག་གཏོང་སྐབས་“རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་དགོས། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག”ཅེས་སྐད་འབོད་བྱས་ཡོད་འདུག
༡༦༽ ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༡༤ ཉིན་རྒྱལ་གཅེས་དཔའ་བོ་བློ་བཟང་འཇམ་དབྱངས་ཀྱིས་རང་ལུས་མེར་བསྲེག་གཏོང་སྐབས་“༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་ལ་རང་དབང་དགོས་”ཞེས་སོགས་ཀྱི་འབོད་ཚིག་བསྒྲགས་ཡོད་འདུག
༡༧༽ ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༡ ཉིན་རྒྱལ་གཅེས་དཔའ་མོ་བཙུན་མ་བསྟན་འཛིན་ཆོས་སྒྲོན་གྱིས་རང་ལུས་མེར་བསྲེག་གཏོང་སྐབས་“༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས་”ཞེས་འབོད་ཚིག་བསྒྲགས་ཡོད་འདུག
༡༨༽ ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༩ ཉིན་རྒྱལ་གཅེས་དཔའ་བོ་སྣང་གྲོལ་ལགས་ཀྱིས་རང་ལུས་མེར་བསྲེག་གཏོང་སྐབས་ཞལ་ཆེམས་ཡི་གེ་ཞིག་ཀྱང་བཞག་ཡོད་པའི་ནང་། “ལ་རྒྱའི་སྙིང་སྟོབས་མ་ཞན་མགོ་བོ་ཁྱོགས། མིང་སྣང་གྲོལ་ང་ཡི་ལ་རྒྱ། ངའི་དྲིན་ཅན་ཕ་ལོ་མ་ལོ། ངའི་འདང་ཅན་ཕུ་ནུ་ཉེ་འཁོར། ང་མི་འདུག་འགྲོ་རན་བྱུང་ཐལ། ངས་དྲིན་ཅན་བོད་མིའི་དོན་ལ། ངའི་ཚེ་སྲོག་མེ་ལ་བསྐུར་ནས། བོད་མི་རིགས་ཕོ་མོ་རྣམ་པ། བུ་ང་ཡི་རེ་བ་ཡིན་ན། ཁྱེད་ཚང་མར་མཐུན་སྒྲིལ་ཡོད་དགོས། བོད་ཡིན་ན་བོད་ལྭ་གྱོན་དགོས། དེའི་མི་ཚད་བོད་སྐད་བཤད་དགོས། བོད་ཡིན་ནོ་སེམས་ནས་མ་བརྗེད། བོད་ཡིན་ན་བྱམས་དང་སྙིང་རྗེ་དགོས། ཕ་མ་ལ་བཀུར་དགོས། མི་རིགས་ལ་མཐུན་སྒྲིལ་ཡོད་དགོས། དུད་འགྲོ་ལ་སྙིང་རྗེ་སྒོམ་དགོས། སེམས་ཅན་གྱི་ཚེ་སྲོག་ལ་འཛེམ་དགོས། ༧རྒྱལ་དབང་བསྟན་འཛིན་རྒྱལ་མཚོའི་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོར་བརྟན་པར་ཤོག བོད་གངས་ཅན་གྱི་བླ་སྤྲུལ་མཁན་པོ་སོགས་ཀྱི་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་མི་རིགས་རྒྱ་ངན་འདིའི་འོག་ནས་ཐར་བར་ཤོག རྒྱ་ངན་འདིའི་འོག་ནས་བོད་ལ་སྡུག་བསྔལ་ཆེ། སྔུག་བསྔལ་དེ་བཟོད་ཐབས་ཧ་ཅང་དཀའ། རྒྱ་ངན་འདིས་བོད་ལ་བཙན་བཟུང་བྱེད། ཁྲིམས་ངན་འདིའི་འོག་ནས་འདུག་ཐབས་མེད། རྨ་མེད་པའི་གཅར་རྡུང་བཟོད་ཀྱི་དཀའ། རྒྱ་ངན་དེར་བྱམས་དང་སྙིང་རྗེ་མེད། མཐའ་གཞུག་ལ་བོད་ཀྱི་ཚེ་སྲོག་བཅད། རྒྱལ་དབང་བསྟན་འཛིན་རྒྱལ་མཚོའི་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོར་བརྟན་པར་ཤོག་ཅེས་གསུངས་འདུག
ལ་རྒྱའི་སྙིང་སྟོབས་མ་ཞན་མགོ་བོ་ཁྱོགས། མིང་སྣང་གྲོལ་ང་ཡི་ལ་རྒྱ། ངའི་དྲིན་ཅན་ཕ་ལོ་མ་ལོ། ངའི་འདང་ཅན་ཕུ་ནུ་ཉེ་འཁོར། ང་མི་འདུག་འགྲོ་རན་བྱུང་ཐལ། ངས་དྲིན་ཅན་བོད་མིའི་དོན་ལ། ངའི་ཚེ་སྲོག་མེ་ལ་བསྐུར་ནས། བོད་མི་རིགས་ཕོ་མོ་རྣམ་པ། བུ་ང་ཡི་རེ་བ་ཡིན་ན། ཁྱེད་ཚང་མར་མཐུན་སྒྲིལ་ཡོད་དགོས། བོད་ཡིན་ན་བོད་ལྭ་གྱོན་དགོས། དེའི་མི་ཚད་བོད་སྐད་བཤད་དགོས། བོད་ཡིན་ནོ་སེམས་ནས་མ་བརྗེད། བོད་ཡིན་ན་བྱམས་དང་སྙིང་རྗེ་དགོས། ཕ་མ་ལ་བཀུར་དགོས། མི་རིགས་ལ་མཐུན་སྒྲིལ་ཡོད་དགོས། དུད་འགྲོ་ལ་སྙིང་རྗེ་སྒོམ་དགོས། སེམས་ཅན་གྱི་ཚེ་སྲོག་ལ་འཛེམ་དགོས། ༧རྒྱལ་དབང་བསྟན་འཛིན་རྒྱལ་མཚོའི་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོར་བརྟན་པར་ཤོག བོད་གངས་ཅན་གྱི་བླ་སྤྲུལ་མཁན་པོ་སོགས་ཀྱི་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་མི་རིགས་རྒྱ་ངན་འདིའི་འོག་ནས་ཐར་བར་ཤོག རྒྱ་ངན་འདིའི་འོག་ནས་བོད་ལ་སྡུག་བསྔལ་ཆེ། སྔུག་བསྔལ་དེ་བཟོད་ཐབས་ཧ་ཅང་དཀའ། རྒྱ་ངན་འདིས་བོད་ལ་བཙན་བཟུང་བྱེད། ཁྲིམས་ངན་འདིའི་འོག་ནས་འདུག་ཐབས་མེད། རྨ་མེད་པའི་གཅར་རྡུང་བཟོད་ཀྱི་དཀའ། རྒྱ་ངན་དེར་བྱམས་དང་སྙིང་རྗེ་མེད། མཐའ་གཞུག་ལ་བོད་ཀྱི་ཚེ་སྲོག་བཅད། རྒྱལ་དབང་བསྟན་འཛིན་རྒྱལ་མཚོའི་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོར་བརྟན་པར་ཤོག་ཅེས་གསུངས་འདུག
༡༩༽ ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་༣ ཉིན་རྒྱལ་གཅེས་དཔའ་མོ་ཚེ་རིང་སྐྱིད་ཀྱིས་རང་ལུས་མེར་བསྲེག་གཏོང་སྐབས་ “༧རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་སུ་འཇུག་དགོས། རྒྱ་ནག་གཞུང་གིས་བོད་ལ་རང་དབང་སྤྲོད་དགོས་”ཞེས་སྐད་འབོད་བྱས་ཡོད་འདུག
༢༠༽ ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས ༤ ཉིན་རྒྱལ་གཅེས་དཔའ་མོ་རིན་ཆེན་གྱིས་རང་ལུས་མེར་སྲེག་གཏོང་སྐབས། “༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས་”ཞེས་སྐད་འབོད་བྱས་ཡོད་འདུག
༢༡༽ ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༤ ཉིན་རྒྱལ་གཅེས་དཔའ་བོ་གྲྭ་འཇམ་དབྱངས་དཔལ་ལྡན་ལགས་ཀྱིས་རང་ལུས་མེ་བསྲེག་གཏོང་སྐབས་ “༧རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས།” “བོད་མི་རིགས་དང་སྐད་ཡིག་ལ་རང་དབང་དགོས།”ཞེས་སྐད་འབོད་བརྒྱབ་ཡོད་འདུག “གངས་རི་ར་བས་བསྐོར་བའི་ཞིང་ཁམས་སུ།། ཞེས་སོགས་༸གོང་ས་མཆོག་གི་གསོལ་འདེབས་དབྱངས་སུ་སྐྱོར་བ་དང། རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་སུ་འཇུག་དགོས།” ཞེས་སྐད་འབོད་བརྒྱབ་ཡོད་འདུག
༢༢༽ ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢༦ ཉིན་རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ཀྱིས་རང་ལུས་མེར་བསྲེག་གཏོང་སྐབས་དོན་ཚན་ ༥ ཅན་གྱི་ཞལ་ཆེམས་ཡི་གེ་དེའི་ནང་། “ གཅིག འཛམ་གླིང་ཞི་བདེ་དེད་དཔོན་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་སྐུ་ཚེ་ཁྲི་ཕྲག་ནས་ཁྲི་ཕྲག་བརྟན་པར་ཤོག བོད་ལ་གདན་འདྲེན་ཞུ་དགོས། ཤ་རུས་གདོང་རྒྱུད་གཅིག་པའི་སྤུན་ཟླ་ཚོ་མཉམ་འཛོམས་བྱས་ནས། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕོ་བྲང་པོ་ཏ་ལའི་མདུན་དུ་འབྲུག་སྒྲ་གྲགས་པ་ནང་བཞིན་ཡོང་བའི་སྨོན་ལམ་དང་ཡིད་ཆེས་བརྟན་པོ་ཡོད། གཉིས། སྤུན་ཟླ་ཚོ། མ་འོངས་བདེ་བ་དང་མདུན་ལམ་བསམས་ན་ལ་རྒྱ་དགོས། ལ་རྒྱ་ནི་མི་རིགས་ཤིག་གི་བློ་སྲོག་ཡིན། ད་དུང་དྲང་བདེན་འཚོལ་བའི་སྤོབས་པ་ཡིན། མ་འོངས་བདེ་བའི་སྣ་འདྲེན་ཡང་ཡིན། སྤུན་ཟླ་ཚོ། འཛམ་གླིང་མི་མང་འདྲ་མཉམ་འཚོལ་བའི་བདེ་སྐྱིད་བསམ་ན། ལ་རྒྱ་ཟེར་བའི་ཚིག་འདི་སེམས་ལ་བཅངས་དགོས། བྱ་བ་ཆེ་ཆུང་སོགས་ལ་འབད་བརྩོན་གནང་དགོས། སྤྱིར་ལ་རྒྱ་ནི་བདེན་རྫུན་འབྱེད་བའི་ཤེས་རབ་ཡིན། གསུམ། རང་དབང་ནི་སྲོག་ལྡན་ཡོངས་ཀྱི་བདེ་སྐྱིད་གཞི་མ་ཡིན། རང་དབང་མེད་ན་རླུང་ནང་མར་མེ་འབར་བ་ནང་བཞིན་ཡིན། བོད་མི་ས་ཡ་དྲུག་གི་ཁ་ཕྱོགས་འདྲ་བོ། ཆོས་ཁ་གསུམ་གྱི་སྤྲུན་ཟླ་ཚོས་ནུས་ཤུགས་གཅིག་ཏུ་བསྒྲུབ་པ་ལ་འབྲས་བུ་ཐོབ་པ་ང་ཚོས་ཤེས་གསལ་རེད། སེམས་ཤུགས་མ་ཆགས་རོགས། བཞི། གུས་པས་བརྗོད་པ་ནི་བོད་མི་ས་ཡ་དྲུག་གི་གནས་དོན་ཞིག་ཡིན། མི་རིགས་ཀྱི་མཐའ་བརྩོད་སྐབས་དགོས་པ་ནི། དཔའ་འབྱོར་ཡོད་ན་བེད་སྤྱོད་གཏང་བའི་དུས་ཚོད་རེད། ཡོན་ཏན་ཡོད་ན་ནུས་པ་སྒྲིལ་དགོས་པའི་ཛ་དྲག་གི་དུས་ཚོད་ལ་སླེབས་པ། སྲོག་ཡོད་ན་རང་སྲོག་བློས་གཏང་བའི་ཉིན་མོ་རེད་དྲན་གྱི་ཡོད། དུས་རབས་ཉི་ཤུ་རྩ་གཅིག་ནང་ལ་མི་ལུས་རིན་ཆེན་མེ་ལ་འཕུལ་བ་ནི། འཛམ་གླིང་མི་མང་ལ་བོད་མི་ས་ཡ་དྲུག་གི་སྡུག་བསྔལ་དེ་འགྲོ་བ་མིའི་ཐོབ་ཐང་འདྲ་མཉམ་མེད་པའི་རྟགས་མཚན་ཡིན། ཤ་ཚ་སྙིང་རྗེ་ཡོད་ན་ཉམས་ཆུང་བོད་མི་ལ་གཟིགས་རོགས་གནང་། ལྔ། ང་རང་ཚོའི་ཕ་མའི་ཆོས། རིགས་པའི་གཞུང་ལུགས་དང་སྐད་ཡིག་སོགས་ལ་རང་དབང་དགོས། འཛམ་གླིང་མི་མང་ཐོབ་ཐང་འདྲ་མཉམ་དགོས། འཛམ་གླིང་མི་མང་ང་ཚོའི་རྒྱབ་ཏུ་ལངས་ཤོག བོད་ཀྱི་བདག་པོ་བོད་མི་ཡིན། བོད་རྒྱལ་ལོ།” རྟའུ་འཇམ་དཔལ་ཡེ་ཤེས་ནས་ཕུལ། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༦ ཉིན། ཅེས་འཁོད་ཡོད་འདུག
༢༣༽ ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༡༩ ཆོས་འཕགས་སྐྱབས་ལགས་དང༌། བསོད་ནམས་གཉིས་ཀྱིས་རང་ལུས་མེར་བསྲེག་གཏོང་སྐབས་ཞལ་ཆེམས་བཞག་པའི་ནང་འཁོད་དོན། བོད་མི་རིགས་འདི་གཞན་དང་མི་མཚུངས་པའི་ཆོས་དང་རིག་གནས། བྱམས་དང་སྙིང་རྗེ་ལྡན་པ། གཞན་ལ་ཕན་སེམས་ཆེ་བའི་མི་རིགས་ཤིག་ཡིན། ཡིན་ན་ཡང༌། བོད་མི་རིགས་འདི་རྒྱ་ནག་གིས་བཙན་བཟུང་དང་དྲག་གནོན་མགོ་སྐོར་བྱས་པས། ང་ཚོ་བོད་མི་རིགས་ལ་འགྲོ་བ་མིའི་ཐོབ་ཐང་མེད་པའི་སྡུག་བསྔལ་དང༌། འཛམ་གླིང་ཞི་བདེ་ཡོང་ཆེད་དུ་ངས་རང་ལུས་མེར་བསྲེགས་པ་ཡིན། ང་ཚོ་བོད་མི་རིགས་ལ་རང་དབང་མེད་པའི་སྡུག་བསྔལ་འདི་ངས་རང་ལུས་མེར་བསྲེགས་པ་ལས་སྔུག་བསྔལ་ལྷག་ཏུ་ཆེ།
འཇིག་རྟེན་འདི་ན་ཆེས་དྲིན་ཆེ་བའི་ཕ་མ་དང་ཁྱིམ་མི་བཟའ་ཚང༌། ཕུ་ནུ་ཉེ་འབྲེལ་རྣམ་པ། ངེད་གཉིས་ཀྱིས་ཁྱེད་ཅག་ལ་འདང་མ་བརྒྱབ་པ་ཡང་མིན། ངེད་གཉིས་ཀྱིས་སེམས་བསམ་པ་མཉམ་པའི་སྒོ་ནས། བོད་ལ་རང་དབང་ཐོབ་པ། སངས་རྒྱས་ཀྱི་བསྟན་པ་དར་བ། སེམས་ཅན་ལ་བདེ་སྐྱིད་བསྐྲུན་ཐུབ་པ། འཛམ་གླིང་ཞི་བདེ་ཡོང་བའི་ཆེད་དུ་ངེད་གཉིས་ཀྱི་རང་ལུས་མེར་བསྲེགས་པ་ཡིན།
ཡིན་ན་ཁྱེད་ཅག་གིས་ངེད་གཉིས་ཀྱི་ཁ་ཆེམས་ལྟར་བསྒྲུབ་དགོས། ངེད་གཉིས་རྒྱ་ལག་ཏུ་ཤོར་ཡང་ཁྱེད་ཅག་གིས་ཅི་ཡང་བྱེད་མི་དགོས། ངེད་གཉིས་ཀྱི་ཆེད་དུ་མི་གཅིག་ལ་གནོད་འཚེ་མེད་ན་ངེད་གཉིས་ཀྱི་བསམ་པ་འགྲུབ་པ་ཡིན། ངེད་གཉིས་ཀྱི་ཆེད་དུ་ཁྱེད་ཅག་གིས་སེམས་སྐྱོ་ན། མཁས་བ་དང་མཁན་སྤྲུལ་རྣམས་ཀྱིས་ཁར་ཉོན་ནས་རིག་གནས་སྦྱང་ན་རིག་གནས་སྦྱོང་བའི་ཁ་ཕྱོགས་མི་ནོར་བ་དང༌། རང་རིགས་ལ་དུངས་ཞེན་དང༌། རང་གི་རིགས་གནས་ལ་འབད་བརྩོན་བྱས་ནས་རང་ཚིགས་མ་ཤོར་བར་རྡོག་རྩ་གཅིག་སྒྲིལ་བྱས་ན་ངེད་གཉིས་ཀྱི་རེ་བ་འགྲུབ་པ་ཡིན། ངེད་གཉིས་ཀྱི་ཁ་ཆེམས་ལྟར་བསྒྲུབ་པར་སྙིང་ནས་རེ་བ་ཡིན་ཞེས་གསུངས་འདུག
༢༤༽ ཕྱི་ལོ ༢༠༡༢ ཟླ ༦ ཚེས ༡༥ ཉིན་དཔའ་བོ་རྟ་མགྲིན་ཐར་གྱིས་རང་ལུས་མེར་བསྲེག་གཏོང་སྐབས་ཞལ་ཆེམས་ཤིག་བཞག་ཡོད་པའི་ནང་“བླ་མ་ཡི་དམ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆིའོ། །འཛམ་གླིང་ལ་ཞི་བདེ་ཡོང་བའི་རེ་བ་དང་། རྒྱལ་དབང་རིན་པོ་ཆེ་རང་ཡུལ་དུ་ཕེབས་པའི་རེ་འདུན། བོད་རྒྱལ་ཁབ་རང་ས་ཟིན་པའི་དོན་དུ་རང་ལུས་མེ་མཆོད་དུ་འབུལ་རྒྱུ་ཡིན།” ཞེས་འཁོད་འདུག
༢༥༽ ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༢༠ ཉིན་རྒྱལ་གཅེས་དཔའ་བོ་དབང་ནོར་འཕེལ་དང་། བསྟན་འཛིན་མཁས་གྲུབ་གཉིས་ཀྱིས་རང་ལུས་མེར་བསྲེག་གཏོང་སྐབས་བོད་ཀྱི་རྒྱལ་དར་ཕྱར་ནས་ “བོད་རང་བཙན་དགོས་༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་”ཟེར་ནས་སྐད་འབོད་བྱས་ཡོད་པས་མ་ཚད། ཁོང་གཉིས་ཀྱིས་ཞལ་ཆེམས་ཡི་གེ་ཞིག་པའི་ནང་“ངེད་གཉིས་ལ་མཚོན་ན་བོད་ཀྱི་ཆོས་དང་རིག་གནས་སོགས་གང་ལ་ཡང་ནུས་པ་འདོན་མི་ཐུབ་ཅིང་། དཔལ་འབྱོར་གྱི་ཕྱོགས་ནས་བོད་མི་མང་ལ་ཕན་པའི་ལས་ཀ་ཅི་ཡང་བྱེད་མི་ཐུབ། དེའི་ཕྱིར་ངེད་གཉིས་ཀྱིས་རང་གི་ནུས་ཚོད་ཀྱིས་བོད་མི་རིགས་དང་ལྷག་ཏུ་༧གོང་ས་མཆོག་སྐུ་ཚེ་ཁྲི་ཕྲག་ནས་ཁྲི་ཕྲག་བརྟན་པ་དང་། ཁོང་མྱུར་དུ་བོད་ལ་ཞབས་སོར་ཐུབ་པའི་རམ་འདེགས་སུ་རང་ལུས་མེར་བསྲེགས་ཀྱི་ལས་གཞི་འདི་བདམས་པ་ཡིན། ངེད་གཉིས་དང་འདྲ་བའི་བོད་ཀྱི་གཞོན་སྐྱེས་ཚོར་ཞུ་སྙིང་། ང་ཚོའི་བོད་ནང་ཁུལ་ནས་རྒྱག་རེས་རྒྱག་རྒྱུ་དང་ནང་རྩོད་བྱེད་རྒྱུའི་བྱ་སྤྱོད་རིགས་ནམ་ཡང་མི་བྱེད་པའི་དམ་བཅའ་དང་ཚང་མས་རྡོག་རྩ་གཅིག་སྒྲིལ་གྱིས་བོད་མི་རིགས་ཀྱི་ལ་རྒྱ་འཛིན་ཐུབ་རྒྱུའི་རེ་བ་དང་ཡིད་ཆེས་ཡོད།”ཅེས་འཁོད་འདུག
༢༦༽ ཕྱི་ལོ་ ༢༠༡༢ ཟླ ༦ ཚེས ༢༧ ཉིན་རྒྱལ་གཅེས་དཔའ་མོ་བདེ་སྐྱིད་ཆོས་འཛོམས་ཀྱིས་རང་ལུས་མེར་བསྲེག་གཏོང་སྐབས་“རང་ས་རང་དབང་དང་། རང་རྒྱུ་རང་དབང་”གི་སྐད་འབོད་བྱས་ཡོད་འདུག
༢༧༽ ཕྱི་ལོ་༢༠༡༢ ཟླ ༨ ཚེས ༧ ཉིན་རྒྱལ་གཅེས་དཔའ་མོ་སྒྲོལ་དཀར་མཚོས་རང་ལུས་མེར་བསྲེག་གཏོང་སྐབས་ “རྒྱལ་བ་རིན་པོ་ཆེ་བོད་ལ་ཕྱིར་ཕེབས་དགོས། བོད་མི་རིགས་ལ་རང་དབང་མི་འདུག” ཅེས་སྐད་འབོད་བྱས་ཡོད་འདུག
༢༨༽ ཕྱི་ལོ་༢༠༡༢ ཟླ་༨ ཚེས་༦ ཉིན་རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་ཚུལ་ཁྲིམས་ཀྱིས་རང་ལུས་མེར་བསྲེག་གཏོང་སྐབས་ “༧གོང་ས་མཆོག་བོད་ལ་ཕེབས་འཇུག་དགོས། སྐྱབས་རྗེ་ཀིརྟི་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས། ཀིརྟི་དགོན་པའི་སློབ་གྲྭ་སྒོ་ཕྱེ་དགོས།” ཞེས་སྐད་འབོད་བྱས་ཡོད་འདུག དེ་བཞིན་ཁོང་གིས་ཤུལ་དུ་ཁ་ཆེམས་ཤིག་བཞག་ཡོད་འདུག་ཀྱང་འདི་ནས་ལག་སོན་མ་བྱུང་།
ནགས་ཕྲན་པ་བསོད་ནམས་ཚེ་རིང་ནས།༢༠༡༢ཟླ་ ༨ ཚེས་ ༢༦ ཉིན།