—-ཚུལ་ཁྲིམས་དཔལ་ལྡན།
སྤྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༡༨ ཉིན་བོད་ནང་ནས་རྒྱལ་གཅེས་དཔའ་བོ་པདྨ་རྒྱལ་མཚན་མཆོག་གིས་་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ངོ་རྒོལ་བྱས་ནས་གྲོས་ཚོགས་ར་བ་ནས་ཕྱི་ལ་ཐོན་ཡོད།
ངོ་རྒོལ་མི་འདྲ་བ་འདི་གཉིས་ཉི་མ་གཅིག་ལ་སྤེལ་ཡོད། དུས་ཚོད་ཀྱང་ཧ་ལམ་གཅིག་པ་ཆགས་ཡོད། བོད་ནང་གི་ཕྱི་དྲོའི་ཆུ་ཚོད་བཞི་པ་ཙམ་ལ་གཞིས་བཞུགས་རྒྱལ་གཅེས་དཔའ་བོ་ཉག་རོང་པདྨ་རྒྱལ་མཚན་མཆོག་གིས་རང་ལུས་མེར་སྲེག་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད། རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་བཅུ་དང་སྐར་མ་ཞེ་གཉིས་ལ་བློ་བཟང་སེང་གེས་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ལ་ངོ་རྒོལ་བྱས་ཏེ་གྲོས་ཚོགས་ར་བ་ནས་ཕྱི་ལ་ཐོན་པ་རེད།
བོད་མི་མང་སྤྱི་འཐུས་སྐབས་བཅུ་དྲུག་པའི་ཚོགས་ཐེངས་དང་པོའི་ཐོག བཀའ་ཤག་དང་འོས་བསྡུ་ལས་ཁུངས་ནས་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཀྱི་ཟིན་བྲིས་ཤིག་གྲོས་ཚོགས་ལ་ཕུལ་ནས་འོས་བསྡུའི་སྒྲིག་གཞི་ལ་བསྐྱར་བཅོས་དགོས་ཚུལ་ཞུས་ཡོད། དེ་ལ་གྲོས་ཚོགས་འཐུས་མི་མང་པོས་འདི་འདྲའི་བྲེལ་བ་བྱེད་དོན་ཅི་ཡིན་སོགས་ལ་དྲི་བའང་བཏང་ཡོད་རེད། ཡིན་ནའང་། གྲོས་ཚོགས་ཀྱིས་བཀའ་ཤག་དང་འོས་བསྡུ་ལས་ཁུངས་ཀྱི་རེ་བ་ལྟར་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་ཟེར་བ་བཙུགས་ཡོད།
སྤྱི་ལོ་ ༢༠༡༦ ལོའི་སྲིད་སྐྱོང་འོས་བསྡུའི་ལས་རིམ་དེ་ཧ་ཅང་འཁྲུག་ཆ་དོད་པོ་བྱུང་ཡོད། འཁྲུག་ཆ་དོད་པ་དེར་སྤྱི་ཚོགས་ནང་ངོས་འཛིན་ཞེད་སྣང་ཚ་པོ་ཞིག་བྱས་པ་རེད། དེ་གང་རེད་ཟེར་ན། སྲིད་སྐྱོང་འོས་བསྡུའི་མཇུག་འབྲས་ལ་སྤྱི་ཚོགས་དུམ་བུ་གཉིས་ཆགས་པ་དེ། སྲིད་སྐྱོང་འོས་མི་ཁག་ཅིག་གིས་བདེན་པ་བཤད་ནས་མང་ཚོགས་ཀྱི་མདུན་ལ་ཐོན་པ་དང་། ཁག་ཅིག་གིས་ཧམ་པ་དང་རྫུན་གཏམ་བཤད་ནས་སྤྱི་ཚོགས་ཀྱི་མདུན་ལ་ཐོན་སོང་བར་ངོས་འཛིན་བྱས་པ་རེད། བོད་ཀྱི་དུས་བབ། བོད་ཀྱི་བང་ཆེན། ཁ་བརྡ་དྲ་ཚིགས། ངོ་དེབ། སྐད་འཕྲིན་སོགས་སྤྱི་ཚོགས་དྲ་རྒྱའི་སྟེང་གི་གླེང་སྟངས་བརྒྱ་ཆ་མང་ཤོས་ནི་ཡིག་ཐོག་ནས་གླེང་བ་ཆགས་ཡོད་པ་རེད། དེ་ཚོས་སྲིད་སྐྱོང་འོས་མི་རེ་རེའི་ལས་དོན་སྒྲུབ་སྟངས་དང་འགན་ཁུར་བྱེད་སྟངས་གླེང་ཡོད་པ་ལ་བརྟེན་ནས། འོས་བསྡུའི་ལས་རིམ་ནང་ལ་ནུས་པ་དང་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་རེད། ཟླ་བ་འགའི་སྔོན་ལ་དོ་སྣང་ཅན་ཁག་ཅིག་གིས་རྩོམ་ཡིག་དེ་དག་ཕྱོགས་བསྒྲིགས་གནང་གིན་ཡོད་པ་ཞིག་གོ་ཐོས་བྱུང་། དེ་བདེན་ན། དེ་ནི་ལོ་རྒྱུས་ཀྱི་ཡིག་ཚགས་ཤིག་ཆགས་རྒྱུ་རེད། མ་འོངས་པར་ ༢༠༡༦ ལོར་བསྐྱར་ཞིབ་བྱེད་མཁན་ལ་དཔྱད་གཞིའི་ཡིག་ཆ་གལ་ཆེན་ཆགས་ངེས་པ་རེད།
ཡིན་ནའང་། སྲིད་སྐྱོང་འོས་མི་ཚང་མས་རྩོམ་ཡིག་དེ་དག་ལོ་རྒྱུས་ཡིག་ཚགས་ནང་ལྷག་ན་འདོད་ཀྱི་ཡོད་པ་མ་རེད། གང་ལ་ཟེར་ན། དེ་ལོ་རྒྱུས་ཀྱི་ཡིག་ཚགས་ནང་ལྷག་པ་ཡིན་ན། རང་ཉིད་སྤྱི་ཚོགས་ཀྱི་ངོས་འཛིན་དེའི་ནང་ནས་ནག་པོ་ཆགས་ཀྱི་ཡོད་པར་བརྟེན། ངོས་འཛིན་དེའི་ནང་ནས་རང་ཉིད་ཕྱི་ལ་འབུད་ཐབས་བྱེད་ཀྱི་ཡོད། ཕྱི་ལ་འབུད་ཐབས་མངོན་གསལ་དོད་པོ་གཅིག་ནི། འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཟེར་བ་འདི་རེད།
ད་རེས་སྲིད་སྐྱོང་གིས་བསྐྱར་བཅོས་འདི་རང་ཉིད་ཀྱི་འདོད་པ་བཞིན་འགྲོ་བའི་ཆེད་གྲོས་ཚོགས་ཀྱི་གནང་སྟངས་ལ་ངོ་རྒོལ་གྱིས་གྲོས་ཚོགས་ར་བ་ནས་ཕྱི་ལ་ཐོན་པ་དེས། སྲིད་སྐྱོང་གིས་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ལ་ཤ་ཚ་ནས་མ་ཡིན་པར། སྔོན་འགྲོ་དང་དངོས་གཞིའི་འོས་བསྡུ་གཉིས་ཡོད་པ་དེ་འགྲིག་མེད་པ་དང་། ད་དུང་དེ་གཉིས་ཀྱི་བར་དུ་ཉིན་གྲངས་མང་པོ་བཞག་ཡོད་པ་འགྲིག་མེད་པ། དེ་ནི་སྤྱི་ཚོགས་ནང་དཀྲོགས་གཏམ་སྤེལ་བར་ཆེད་དུ་གོ་སྐབས་སྤྲད་པ་འདྲ་པོ་རེད་ཅེས་པའི་འགྲེལ་བཤད་བཟོས་ནས། སྤྱི་ཚོགས་ཀྱི་ངོས་འཛིན་ལས་རང་ཉིད་ལོགས་སུ་ཐོན་ལམ་བཙལ་གྱིན་ཡོད་པ་ཁ་ཇེ་གསལ་དུ་བཏང་བ་འདྲ་པོ་ཆགས་སོང་།
ཟམ་གདོང་རིན་པོ་ཆེ་སོགས་མཐོ་རིམ་མི་སྣ་མང་པོས། ༢༠༡༦ ལོའི་འོས་བསྡུའི་འཁྲུག་ཆ་དང་མཇུག་འབྲས་ནི་ད་ཡོད་ཀྱི་སྒྲིག་གཞིས་མ་འགྲིག་པ་མིན་པར། འོས་མི་ཚོས་འགན་ཁུར་སྟངས་དང་འོས་བསྡུའི་ལས་འགུལ་སྤེལ་སྟངས་དང་ཆ་ཤས་ལེན་སྟངས་ཀྱི་སྐྱོན་ཆ་ཡིན་པར་ངོས་འཛིན་བྱས་ཡོད་པ་རེད། དེ་འདྲ་ཡིན་པར་བརྟེན། གྲོས་ཚོགས་ནས་ཆེད་བཙུགས་ཚོགས་ཆུང་གིས། མང་ཚོགས་ཀྱི་བསམ་ཚུལ་འབྱོར་བ་དེ་དག་གིས་ཀྱང་སྒྲིག་གཞིས་མ་འགྲིག་པར་ངོས་འཛིན་བྱས་མེད་པར། སྔོན་འགྲོ་དང་དངོས་གཞིའི་འོས་བསྡུ་གཉིས་མུ་མཐུད་ནས་དགོས་པར་བསམ་ཚུལ་ཕུལ་ཡོད་པ་དེ་ལ་བརྟེན་ནས་ད་རེས་ བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གིས་ ༢༠༡༦ ཟླ་ ༣ ཚེས་ ༡༨ ཉིན་གྲོས་ཚོགས་སུ་ལས་བསྡོམས་དང་། གྲུབ་དོན་སྙན་ཐོ། འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཁག་ཅིག་བཅས་སྙན་སྒྲོན་ཞུས་པའི་ཡིག་ཆ་ཨང་ ༡༤ པ་དེས། བཀའ་ཤག་དང་འོས་བསྡུ་ལས་ཁུངས་གཉིས་ཀའི་དགོངས་པ་ཡིན་ཟེར་བ་དེར་དངོས་སུ་དོ་ཕོག་བཏང་བ་ཞིག་ཆགས་སོང་བ་རེད། བློ་བཟང་སེང་གེས་གྲོས་ཚོགས་ལ་ངོ་རྒོལ་བྱས་ཏེ་གྲོས་ཚོགས་ར་བ་ནས་ཐོན་ཕྱིན་ཡོད་ནའང་། ཚོགས་གཙོ་མཆོག་གིས་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་ལུང་འདྲེན་བྱས་ནས་འཆར་ཟིན་འདི་ཚུད་པར་བྱས་པ་ནི་གྲོས་ཚོགས་ཀྱི་གཟི་བརྗིད་རེད།
སྲིད་སྐྱོང་བློ་སེང་གིས་རྒྱལ་སྤྱིའི་ཁྲིམས་ལུགས་དང་། དམངས་གཙོའི་འགྲོ་སྟངས་ཤེས་ཀྱིན་ཡོད་པ་ཐག་ཆོད་རེད། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་ནས་མང་མོས་ཐོག་གཏན་འབེབས་བྱས་པའི་སྙན་ཐོ་རྩིས་མེད་བཏང་། གྲོས་ཚོགས་ནང་དེའི་སྐོར་ལ་བགྲོ་གླེང་ཙམ་ཡང་མ་བྱས་པར་ངོ་རྒོལ་གྱི་ཐོག་ནས་ཧ་ཝལ་སློབ་ཆེན་གྱི་ཁྲིམས་ལུགས་ལག་ཁྱེར་དྲུད་དེ་གྲོས་ཁང་ནས་ཕྱིར་ཐོན་པ་ནི། ང་ཁྲིམས་ལུགས་མཁས་དབང་ཡིན། དམངས་གཙོའི་འགྲོ་ལུགས་འགྲོ་སྟངས་ཡག་པོ་ཤེས་ཀྱིན་ཡོད་ཅེས་རང་གིས་རང་ཉིད་ངོ་སྤྲོད་བྱས་པ་རེད། ང་ཚོར་འདི་ལྟ་བུའི་སྲིད་སྐྱོང་ཞིག་ཡོད་པ་ནི་བསོད་ནམས་ཟད་མཐར་མ་གཏུག་པ་རང་རེད།
ད་རེས་སྲིད་སྐྱོང་གིས་གྲོས་ཚོགས་ལ་ཚོད་རྩིས་དམའ་དྲག་སོང་། གྲོས་ཚོགས་ཀྱི་ཚོགས་གཙོས་སྲིད་སྐྱོང་གི་གནང་སྟངས་དེ་སྔ་མོའི་ལམ་ལུགས་སྲོལ་རྙིང་པ་དང་མཉམ་དུ་གད་སྙིགས་ནང་ལ་གཡུགས་ནས། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་ལག་བསྟར་གནང་སོང་་བ་དེས། སྲིད་སྐྱོང་ཡར་ཕེབས་སྟངས་ལ་དཀའ་ངལ་བཟོས་ཡོད། ད་དུང་ཁྲིམས་འཆར་དེ་ཡར་ཚུད་བཅུག་པས་མ་ཚད། བརྗོད་པ་དང་པོ་སྟེ་བགྲོ་གླེང་དང་པོའང་ཟིན་པར་བྱས་ཡོད་པ་རེད། ད་སྲིད་སྐྱོང་མཆོག་གྲོས་ཚོགས་ལ་ཇི་ལྟར་ཕེབས་ཀྱི་ཡོད་པ་རེད།
གྲོས་ཚོགས་ནང་ནས། ཚོགས་གཙོ་དང་། སྤྱི་འཐུས་ཁག་ཅིག་གིས། བཀའ་ཤག་གི་འགན་ཁུར་དང་འཕོ་འགྱུར་ཟེར་བ་གླེང་མགོ་ཚུགས་སོང་། དེ་ཡང་། ཡག་རྟགས་ཤིག་མ་རེད། སྲིད་སྐྱོང་མཆོག་བཀའ་ཤག་གི་འགན་ཁུར་དང་འཕོ་འགྱུར་ཟེར་བ་འདི་གླེང་ན་སྐྲག་གི་རེད། རང་ཉིད་ལ་ནུས་པ་ཅི་ཡོད་པ་བསམ་བློའང་འཁོར་གི་རེད། གཟའ་ཟླ་བ་ནས་སྲིད་སྐྱོང་གྲོས་ཚོགས་ལ་མ་ཕེབས་རང་ཕེབས་རེད། ཕེབས་ཡོང་གི་རེད།་
གཟའ་ཟླ་བའི་ཉིན། སྲིད་སྐྱོང་གིས་བཀའ་བློན་ཚོས་ངོ་དྲུད་ནས་གྲོས་ཚོགས་ནང་མི་ཡོང་རང་ཡོང་ཆགས་པ་རེད། ད་ཐེངས་གྲོས་ཚོགས་ཀྱི་ཚོགས་གཙོ་དང་འཐུས་མི་ཚོས་རང་ཚུགས་འཛིན་ཐུབ་སོང་། བཀའ་ཤག་ཕམ་ཁའི་སྒོ་རྩར་བཙན་འདེད་བྱས་སོང་། ད་བློ་སེང་གིས་ཁྲིམས་ལུགས་རབ་འབྱམས་པའི་ལག་ཁྱེར་གྱིས་ཕན་ཐོག་མེད་པ་གཞི་ནས་ཤེས་ཡོད་སྲིད།
སྤྱི་ཡི་ཆ་ནས་ནོར་འཁྲུལ་མེད་པའི་མི་ཞིག་གང་ན་ཡོད་་་་དེ་བཞིན་བཀའ་བློན་དང་སྤྱི་མཐུས་སུ་ཡིན་ན་སྐྱོན་གྱི་མ་གུས་པ་ཞིག་(སུ)་ཡོད། ཁོ་ཚོའི་ནང་ཁུར་ལ་གྲོས་མོལ་དང་གླེང་མོལ་ཏོག་ཙམ་ཡང་བྱེད་ས་མེད་པ་ཅི་ཡིན་ནམ། སྐྱོན་འཛུགས་རྐྱང་རྐྱང་བྱེད་ནས་ཆུ་ཚོད་འགྲོ་ཐབས་བྱེད་པ་ལ་བློ་ཕམ་ཡོད། བཙན་བྱོལ་ནང་ལ་ང་ཚོ་ཁ་ཤས་ཤིག་མ་གཏོགས་མེད་པའི་་་་ཁྱོད་ཅིག་ཅིག་་་ཁོང་ཅིག་ཅིག་ཟེར་ནས་སོ་སོའི་ལྟ་བ་མ་མཐུན་པར་ཚང་མ་ལོག་སུ་བཀལ་ནས་དེ་ལ་སྡུག་རུ་སྡུག་ཚད་ཀྱི་ངན་གཡོག་ནས་སྤྱི་ཚོགས་ནས་ཕུད་ཐབས་བྱེད་པ་ནི་ཆེས་ཐབས་སྐྱོ་བོ་ཞིག་ལ་ངོས་འཛིན་ཡོད། བོད་པ་གཅིག་ཡིན་ན་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་པ་གལ་ཆེན་དུ་མཐོང་་་་བོད་མི་རིགས་ཀྱི་ཆེད་དུ་ང་ཚོའི་ནུས་པ་གཅིག་ཏུ་སྤུང་ནས་མ་འོང་གི་ལམ་ཁ་ཡག་རུ་ཕྱིན་པ་ལ་འབད་རྩོན་བྱེད་དགོས་པར་མཁྱེན།
རྒྱལ་གཅེས་དཔའ་བོས་རྒྱ་གཞུང་ལ་ངོ་རྒོལ་།རྒྱ་མིན་བོད་མིན་སྲིད་སྐྱོང་ལ་ངོ་རྒོལ་་།
རྩོམ་འདིའི་ནང་ལ། ༢༠༡༦ ལོའི་འོས་བསྡུའི་སྐོར་གྱི་རྩོམ་ཡིག་ཚང་མ་ཕྱོགས་བསྒྲིགས་བྱེད་ཀྱི་ཡོད་པ་ཞིག་བྲིས་འདུག དེ་ཕྱོགས་བསྒྲིགས་བྱས་པ་ཡིན་ན། ༢༠༡༦ ལོའི་སྲིད་སྐྱོང་འོས་བསྡུའི་སྐབས་ཀྱི་གནས་སྟངས་མང་པོ་ཞིག་གསལ་བའི་ལོ་རྒྱུས་དེབ་ཅིག་ཆགས་ས་རེད།