སུའུ་ཞོ་ཀང་(苏晓康)གིས་བརྩམས།
ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་སྒྱུར།
དེ་རིང་འདི་ལྟར་རྒྱ་ནག་དབུས་ཁུལ་རྫབ་རུལ་དུ་གྱུར་བའི་སྐབས་སུ། ཡུལ་མཐའ་འཁོབ་ནས་དེ་ལས་ལྡོག་སྟེ་སྣང་གསལ་དཀར་མེ་སྦར་སྐལ་བྱུང་ཞིང་། དེས་རྒྱ་ནག་མུན་པའི་གླིང་གི་རྣམ་ཤེས་འཁྱམས་པོ་ཚོར་འོད་ཟེར་གྱི་སྐལ་བ་སྦྱིན་སོང་། དཔྱིད་ཁར་ཐའེ་ཝན་ནས་”མེ་ཏོག་ཉི་མ་ལོག་གསར་བརྗེ”འཚུབ་མ་བཞིན་ལྡང་བ་དེས། སྟོན་ཁར་ཧོང་ཀོང་ནས་”ཉི་གདུགས་གསར་བརྗེ་”ལ་མེ་ཁ་གསོས། དེ་མུར་སྙིང་རླུང་སྟོད་ལ་འཚངས་པའི་པེ་ཅིན་ནས་”སྐམ་སའི་རྒྱ་གཞུང་གིས་ཐའེ་ཝན་གྱི་མདུན་ལམ་ཐག་གཅོད་དགོས་”ལུགས་དང་། ཧོང་ཀོང་ཐོག་<<རྒྱབ་ཤ་དཀར་པོའི་དེབ>>བཏོན་པ་སོགས་དྲིལ་བསྒྲགས་བྱས་ཀྱང་། ད་ནི་ཕྱི་རྐྱེན་དང་ནང་རྐྱེན་གང་ཐད་ནས་དཀའ་ངལ་གྱི་རྒྱ་རུ་ཚུད་པར་བརྟེན། “རྒྱ་ནག་གཅིག་གྱུར་ཆེན་པོའི་”རྩིག་གྱང་རྨང་ནས་འཐོར་པ་དེར་གཡོལ་ཐབས་མེད། དེ་རིང་ང་ཚོས་མཐོང་ཐུབ་པ་ནི། པེ་ཅིན་གཞུང་གིས་རྟ་ལྕགས་ལག་མགོར་དཀྲིས་ནས་ཐའེ་ཝན་ལ་རྫིག་ཉམས་སྟོན་པ་དང་། ཞེ་མེར་སེམས་གཏིང་ནས་སྐྱེས་བསྡད་ཡོད་པའི་ཧོང་ཀོང་བ་ཚོར་བཟོད་སྲན་ཐུབ་མིན་ཙམ་མ་ཡིན་པར། རང་གི་ལག་ནང་ལ་ཐད་གར་བཙུར་བསྡད་ཡོད་པའི་བོད་ཀྱི་ངོ་རྒོལ་མེ་རུ་འབར་ནས། མི་གྲངས་བརྒྱ་དང་བཞི་བཅུ་མ་ཟིན་ཙམ་རང་བསྲེགས་བྱས་པའི་རྐྱེན་ངན་ལྷག་པ་དང་། ཤར་ཏིར་ཀི་སི་ཐན་གྱི་ངོ་རྒོལ་དྲག་པོའི་འཐབ་རྩོད་ལ་བསྒྱུར་ཚར་ཡོད། གནད་དོན་འདི་དག་གཞི་གཅིག་ལ་བཞག་ན། རྒྱལ་སྐྱོང་ཁྲིམས་ལུགས་མེད་པའི་ཉེར་ལེན་གྱིས་___པེ་ཅིན་ཟེར་བའི་དབུས་ས་འདི་བཞིན”སྲོལ་ཉམས་སྐྱིད་བརླག”ལ་གྱུར་བར་བརྟེན། དབུས་དང་མཐའ་འབྲེལ་གྱི་འགལ་བ་འོས་ཤིང་འཚམས་པའི་ངང་འདུམ་སྒྲིག་བྱེད་པའི་ཁྲིམས་ས་ཞིག་གི་གོ་བབ་གཏན་ནས་ཤོར་སོང་བ་རེད།
མཐའ་བཞིའི་ལས་དབང་གཅིག་སྦྲེལ།
ཧོང་ཀོང་གི་དེ་རིང་ཏག་ཏག་ལྷ་སའི་ཁ་སང་ཡིན། རྒྱུན་འདི་ལ་བལྟས་བ་ཙམ་ཀྱིས་མཐོང་ཐུབ་ལ། དང་པོ་ཡར་ལ་ལངས་ནས་”རྒྱ་ནག་གཅིག་གྱུར་ཆེན་མོར་”རྒོལ་བ་རྩོམ་མཁན་བོད་རེད། ཞི་རྒོལ་སྐབས་གྲྭ་བཙུན་ཚོ་གདོང་ལ་བུད་ཡོད། ༡༩༨༧ ལོ་ནས་ངོ་རྒོལ་ཐོག་མར་བྱུང་བ་ནས། སྔ་རྗེས་སུ་མི་གྲངས་སུམ་སྟོང་ལྷག་འཛིན་བཟུང་བྱས། ཛ་དྲག་ཤོས་དེ་ཕྱི་ལོ ༡༩༨༩ ཟླ་༣པའི་དྲག་གནོན་ཆེན་མོ་རེད། དེ་ནི་གནམ་བདེ་སྒོ་མོ་ཆེ་ལས་འགུལ་ལ་དྲག་གནོན་མ་བྱས་པའི་སྔ་ནུབ་ལ་འཁེལ། དེ་དུས་”ཧོང་ཀོང་དབྱིན་ཇིའི་འོག་མེས་རྒྱལ་ཁྱིམ་ཚང་ནང་ཕྱིར་ལོག་རྒྱུའི་”སྤྲོ་སྣང་ལ་འཐོམ་བསྡད་ཡོད། སྐབས་དེར་ཐའེ་ཝན་ནང་ཆབ་སྲིད་ཚོགས་པའི་བར་དབང་ཆ་བརྗེ་བསྒྱུར་བྱས་པའི་དབང་གིས། ས་གནས་རང་བདག་གི་གོ་རྟོགས་ཀྱི་སྐད་ཆ་གཙོ་རྒྱུག་སྤྱི་ཚོགས་ཀྱི་གདེང་ཆར་གཞི་ནས་སླེབས་གྲབས་ཡོད། ཤར་ཏིར་ཀི་སི་ཐན་ལ་ཆགས་བཞག་ན་དེ་དུས་རྡོག་རྩ་ཆིག་སྒྲིལ་གྱི་གོ་རྟོགས་སད་རྒྱུར་ལྷག་འདུག དེ་ནས་བཟུང་ལོ་ངོ་ཉེར་ལྔ་ཙམ་ཕྱིན་པའི་རིང་ལ། མཐའ་འཁོབ་གྱི་ཡུལ་གྲུ་དག་ཚ་ཚ་འུར་འུར་ཆགས་པ་དང་། རྒྱ་དམར་གཞུང་གིས་ཤར་ཏིར་ཀི་སི་ཐན་དང་བོད་པ་ལྟ་བུའི་མི་རིགས་གཞན་པ་ཚོར་ཅུང་གུ་ཡངས་སྤྲོད་རྒྱུའི་ཚབ་ལ། དྲག་ཤུགས་ཁོ་ནས་མཐར་སྐྲོད་བཏང་བ་རེད།
ཕྱི་ལོ ༡༩༩༧ ནས་བཟུང་རྒྱ་དམར་གཞུང་གིས་ཧོང་ཀོང་ལ་”ཟ་རྔམ་ཅན་”གྱི་སྲིད་བྱུས་ཤིག་ཞོར་ལྕོགས་ངང་ལག་བསྟར་བྱས་ཤིང་། སྲིད་བྱུས་དེ་ཏག་ཏག་ཤར་ཏིར་ཀི་སི་ཐན་དང་། བོད་ཀྱི་ཐོག་ལག་བསྟར་བྱས་ནས་དུས་རབས་ཕྱེད་ཀ་ལྷག་ཕྱིན། དེ་ནས་ལམ་འགྲོ་རྒྱུགས་པའི་ཉམས་མྱོང་ལ་གཞིགས་སྟེ། གཞི་ནས་ཧོང་ཀོང་ཐོག་ཁུར་ཡོང་ཡོད། དེར་བརྟེན་ཧོང་ཀོང་བ་ཚོས་ཤར་ཏིར་ཀི་སི་ཐན་དང་། བོད་ཀྱི་དེ་རིང་གི་གནས་སྟངས་ལས་སོ་སོའི་སང་ཉིན་མཐོང་ཡོད་ན། ཧོང་ཀོང་ན་ཡོད་པའི་ཐའེ་ཝན་གྱི་ཤེས་ཡོན་ཅན་སྐུ་ཞབས་ལང་ཝིན་(梁文)ལགས་ཀྱིས་བརྗོད་དོན། པེ་ཅིན་མ་ལག་ནང་གི་”ཧོང་ཀོང་དང་ཐའེ་ཝན་ཐོག་ལ་འཛིན་པའི་ངེས་མེད་ཇུས་གཞི་”ལྟར་ན། དེ་རིང་ཉི་མ་རེ་ལ་ཧོང་ཀོང་ནང་རྒྱ་ནག་སྐམ་སའི་ཡུལ་མི་ཆ་སྙོམས་༡༥༠ གཞིས་ཆགས་པར་གནས་སྤོར་ནས་ཡོང་གི་ཡོད་ལ། ཡུལ་སྐོར་བ་མིན་པ་ཡིན་ན། དེ་ལྟར་ཆོག་མཆན་སྤྲོད་རྒྱུའི་དབང་ཆའང་ཧོང་ཀོང་གི་གཞུང་འཛིན་ལག་ན་མེད་པར་པེ་ཅིན་རང་ལ་འདུག ཁོ་ཚོ་ཧོང་ཀོང་ནས་ལོ་བདུན་ལ་བསྡད་ཚེ་ཧོང་ཀོང་གི་མི་སེར་དཔང་ཡིག་རག་གི་ཡོད།
དེ་བས་ཧོང་ཀོང་གི་ཡུལ་མིའི་གྲུབ་ཆའི་ངོས་ནས་བཤད་ན། ལེང་ཀྲན་དབྱིན་གྱི་བཅའ་སྟངས་ལས་སྟངས་ག་ཚོད་ཅིག་སྡུག་རུང་། ཡུལ་མི་སུམ་ཆ་གཅིག་གིས་ཁོ་པར་རྒྱབ་སྐྱོར་བྱེད་ཀྱིན་པའི་གནས་སྟངས་ཡང་དེར་ཐུག་ཡོད། གནས་སྟངས་དེས་ཧོང་ཀོང་ནང་རང་དབང་ལ་ཕྱོགས་པའི་གོམ་སྟབས་ས་གནས་རང་ནས་དབུགས་ལུམས་བརྒྱབས་ཏེ་བསད་ཚར། ཁོ་བ་ཚོས་ཁྱུར་མུད་གཏོང་སྟངས་ཀྱི་སྐེ་ཐེམ་དང་པོ་ཡིན་ན། “མི་སྤོར”(མི་སེར་གནས་སྤོར)དང་། “དངུལ་སྤོར”(མ་དངུལ་གྱིས་ཚོང་འབྲེལ་ཚད་འཛིན་བྱེད་པ) བཅས་ཡིན་པ་དང་། སྐེ་ཐེམ་གཉིས་པར་”ས་མཚམས་རྩ་མེད་བཟོ་དགོས”སྟབས། ཧོང་ཀོང་། ཨོ་མན། ཀྲུའུ་ཧེ་དང་ཧྲིན་ཀྲིན་བཅས”གཞི་སྒྲོམ་གཅིག་ལ་བཅིངས་ནས” ཡོད་ལ། ད་ཆ་ཉིན་རེ་བཟའ་འདུག་སྤྱོད་གསུམ་གྱི་འཚོ་བའི་མགོ་རྔ་ཐག་སྣེ་གཅིག་གིས་སྦྲེལ་ཏེ། ཆུ་ཚོད་གཉིས་ཀྱི་ནང་སྐོར་བ་རེ་ཐེབས་ཐུབ་པ་བཟོས་འདུག དེ་ནི་ཧོང་ཀོང་དང་། ཨོ་མན་”རྒྱ་ནག་སྐམ་ས་ཅན་ལ་བསྒྱུར་བའི་”དན་རྟགས་རེད།
དེ་ན་ཝའེ་ཝན་གྱི་གནས་སྟངས་ག་འདྲ་ཆགས་འདུག་ཟེར་ན། ཧོང་ཀོང་གི་དེ་རིང་ལ་གཞིགས་ན་ཐའེ་ཝན་བ་ཚོའི་སང་ཉིན་མཐོང་ཐུབ། དེ་ལྟར་ཧོང་ཀོང་གི་ཁ་ཐུར་ལ་ཕྱིན་ཏེ། ལྟས་ངན་སྣ་ཚོགས་མིག་སྔར་ལྷག་ཡོང་དུས། ཐའེ་ཝན་ནང་གཞི་ནས་”ཚོང་ལས་གཞོགས་འདེགས་ཀྱི་གྲོས་འཆམ་”《服贸协议》(༡) ལ་འགོག་རྒོལ་གྱིས”མེ་ཏོག་ཉི་མ་ལོག་” སློབ་མའི་ལས་འགུལ་བྱུང་བ་རེད། དེ་ཡང་”མི་སྤོར”དང་”དངུལ་སྤོར”སྟེ། གནད་དོན་འདི་གཉིས་སྟེང་ནས་ཁོ་ཚོར་དངངས་འཚབ་ལངས་པ་རེད། ཉེ་སྔོན་ཐའེ་ཝན་ནང་ཏིན་ཞིན་ཚོང་ཚོགས་ཀྱི་སྣུམ་རྫུན་དོན་རྐྱེན་(鼎新集团的心油事件) (༢) བྱུང་རྗེས། བརྙན་འཕྲིན་ཁག་ནང་”ཁེ་བ་གཙུག་ཏོར་དམར་པོ་ཅན”ཟེར་ནས་ཟུར་ཟའི་་མིང་ཚིག་གསར་བ་ཞིག་སྤྱོད་ཀྱིན་པ་ལྟར། ཚིག་གསར་དེས་བསྟན་དོན་ནི། ལོ་ངོ་ཉི་ཤུ་ཙམ་རིང་ལ་རྒྱ་ནག་སྐམ་ས་ཆེན་མོ་ནས་ཚོད་ཚོད་ལ་རྒྱུ་ཐོག་ལ་བརྒྱབས་པའི་ཐའེ་ཝན་གྱི་ཁེ་ལས་བ་ཚོ་ཡིན་པ་དང་། དེ་དག་ནང་ཆ་བཞག་ན་ཏིན་ཞིན་གྱི་ཚོང་བདག་ཝེའེ་( 魏)ཚང་ཁྱིམ་རྒྱུད་ལྟ་བུ་རེད། སྐབས་ཤིག་ལ་མངོན་མངོན་རྒྱས་རྒྱས་ཁ་དར་ཞིང་། དེ་ལ་སྲིད་འཛིན་མཱ་ཡན་ཅིག་གི་བཤད་སྟངས་ནི” ཉ་ཆུང་གསེར་མིག་རང་ཡུལ་ལ་ཕྱིར་འཁོར་དུས། མི་ཤ་བརྗེན་པར་ཟ་མཁན་གྱི་ཆུ་སྲིན་ལ་གྱུར་འདུག” སྐད་བརྗོད།
དངོས་གནས་ཁོ་ཚོས་རྒྱ་ནག་སྐམ་ས་ནས་མི་ལོ་ཉི་ཤུའི་རིང་ལ་རྒྱ་ཡན་དུ་སྤྱད་པའི་”ཁེ་དཔོན་”ངན་འབྲེལ་གྱི་དབང་ཤུགས་ཐའེ་ཝན་ནང་དྲངས་ཡོང་ནས། ད་ཆ་མཚོ་ངོགས་གཉིས་དང་། གླིང་ཕྲན་གསུམ་པོ་མཉམ་པར་ཁྱུར་མུད་གཏོང་འགོ་བཙུགས་སྟེ། དེ་རིང་ཝའེ་ཝན་དང་ཧོང་ཀོང་གི་འབངས་ཕྲུག་གཤིས་གྱོང་ཚོ་ཡིན་ན། རྒྱ་ནག་སྐམ་སའི་རྩྭ་མི་ཤིང་མི་ཚོ་ནང་བཞིན་རྐང་འོག་ལ་བཅག་བཅག་བྱ་ཆོག་ཆོག་རེད། འདི་ནི་”རྒྱ་ནག་སྟོབས་ཀྱིས་འགྲེངས་བའི་”་རང་གཤིས་ངོ་མ་དེ་ཡིན་ཁར། ད་དུང་ཀྲུང་གོ་(རྒྱ་ནག) འདི་བ་ཚང་”ཁ་བྲལ་”ལ་མ་སོང་བར་གཅིག་གྱུར་ངང་གནས་ཡོད་སྟབས། ཁོ་བོར་མཐུན་རྐྱེན་ངང་གིས་འཛོམས་ནས་མངའ་ཁོངས་རྒྱ་སྐྱེད་ལ་འབད་བཞིན་པའང་། མདོར་ན་ཧམ་ཤེད་ཕྱི་ལོགས་ལ་ཁྱབ་སྤེལ་བྱས་པ་ལས་མ་འདས།
པེ་ཅིན”ཁྲེལ་མེད་ལུགས་མེད”།
མཚོ་ངོགས་གཉིས་དང་གླིང་ཕྲན་གསུམ་ཀྱི་མི་སེར་རྣམས་ཀྱིས། ད་ནི་”སྐྱིད་ན་རྟ་ཕོ་མཉམ་བཞོན་དང་། སྡུག་ན་ཁུར་བོ་མཉམ་འཁུར་”བྱ་རྒྱུའི་སྐལ་བར་གང་མགྱོགས་རོལ་ཐུབ་སོང་བ་ཨེ་རེད། དེ་ནི་ཆུང་ས་ནས་བཤད་ན”གོ་ལ་གཅིག་གྱུར”ཅིག་རེད་དམ་མ་རེད། རིམ་པ་དེ་ནས་བལྟས་ན། “ཐའེ་ཝན་རང་བཙན”དང་། “ཧོང་ཀོང་རང་བཙན” “བོད་རང་བཙན”ལ་སོགས་པའི་ཁ་གཡང་བཙན་པོ་དེ་ཚོ་གཏན་ནས་བཞུད་ཚར་ལ། ཚང་མ་མགྲིན་པ་ཡན་ཆད་ཀྱི་སྐད་ཆ་ཡ་མ་བརླ་འདྲ་བོ་ཞིག་རེད་སོང་། འོན་ཏེ་རྗེ་བོས་མ་གཟིགས་པ་ནི། ཏིང་ཞོ་ཕིང་གི་ཐུགས་བཀོད་ཀྱི་”རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས” ཟེར་བའི་སྲིད་བྱུས། ད་ཆ་ནམ་ཟླའི་འཁོར་ཕྱོགས་ཀྱི་རྗེས་ཤུལ་ལ་ལྷག་པ་དང་ཆབས་ཅིག ཀྲུང་ནན་ཧེ་རང་ནས་རྩིས་མེད་ལ་བཏང་སོང་བ་དེ་རེད།
སུས་ཀྱང་ཤེས་གསལ་ལ། ཧོང་ཀོང་དེ་”རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་” ཀྱི་ཚོད་ལྟའི་ས་ཁུལ་ཅིག་བྱེད་དོན་ནི། ཐའེ་ཝན་ལ་མིག་དཔེ་སྟོན་ཆེད་རེད། དེ་ལྟ་ནའང་༢༠༠༤ ལོར་ཐའེ་ཝན་གཞུང་འཛིན་ཚོགས་པ་གོ་མིན་ཏང་འོས་འདེམས་ཁྲོད་ཉམ་དམས་ཕྱིན་པ་དང་། ཆབ་སྲིད་འོས་མི་འགྲན་ཤོར་བ་ལེན་ཀྲན་(连战)ཁོ་བ་གཉིས་རྗེས་སུ་ཧུའུ་ཅིན་ཐོ་ལ་མཇལ་བཅར་ཆེད་རྒྱ་ནག་སྐམ་སར་ཕྱིན། དེ་བས་དེ་རིང་པེ་ཅན་ནས་གསལ་བོ་མཐོང་ཡོད་པ་ཞིག་ལ། དངུལ་དངོས་དང་མི་རིགས་ཀྱི་འགལ་བ་གང་ཡིན་རུང་། ཁེ་དཔོན་དབང་གྲགས་ཅན་ཚོ་བསླུ་འགུག་གིས། གོ་མིན་ཏང་(ཕྱི་ཡོང་བ)ལ་རྒྱབ་སྐྱོར་བྱས་ནས། ཐའེ་ཝན་གྱི་རང་བཙན་མངོན་ཕྱོགས་ལ་ཚད་འཛིན་བཟོས་ཐོག དེས་”རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་” ཟེར་བའི་དགེ་མཚན་གྱི་ཚབ་བྱས་ནས་དེ་རིང་བར་སྟབས་བསྟུན་གྱིས་ཡོང་པ་རེད།
དེའི་ནང་དོན་ཚིག་གཅིག་གིས་བཤད་ན། “རྒྱ་ནག་གི་མི་དམངས་དངུལ་སྒོར་རྒྱ་མཚོའི་ཕ་མཐར་བརྒལ་ཐབས་དང་། ཁེ་ལས་མ་ལག་གཅིག་ལ་གཅིག་སྒྲིལ་གྱིས་ཐའེ་ཝན་བསླུ་ཉོ་བྱ་རྒྱུ”ཙམ་ཡིན། ཆབས་ཅིག གོ་མེན་ཏང་གིས་ཀྱང་གསལ་བོ་ཤེས་ཡོད་པ་ནི། སུ་ཞིག་གིས་རྒྱ་གཞུང་གི་གཏེ་ཆེ་བའི་དཔལ་འབྱོར་ལ་རྒྱབ་བརྟེན་བཅོལ་ཡ་བྱུང་ན། ད་གཟོད་ཁོ་པས་ཐའེ་ཝན་གྱི་སྲིད་དབང་རྒྱུན་མཐུད་ངང་འཛིན་ཐུབ་པ་དེ་ཡིན། སོང་ཙང་མཱ་ཡིན་ཅིག་ལ་འདོད་མོས་མེད་བཞིན་དུ། ལེན་ཀྲན་གྱི་བུ་ལེན་ཧྲིན་ཝིན་(连胜文)ཐའེ་པེ་གྲོང་ཁྱེར་གྱི་སྤྱི་ཁྱབ་ལ་འོས་འདོན་བྱས་པ་དང་། འཕོ་འགྱུར་དེ་ལ་རྒྱབ་གཤོལ་བརྒྱབས་ནས་ལྟོས་ན། སྔོན་ཕྱི་ལོ༢༠༠༥་ ནས་འགོ་བཙུགས་འདུག དེར་བརྟེན་ཐའེ་པེ་གྲོང་ཁྱེར་གྱི་སྤྱི་ཁྱབ་འོས་འདེམས་དང་༢༠༡༦ ལོའི་རྒྱལ་ཡོངས་འོས་འདེམས་ཆེན་མོ་གང་ཡིན་རུང་། ཐའེ་ཝན་འདེམས་དམངས་ཀྱིས་རྒྱ་ནག་སྐམ་སའི་དམར་ཤོག་གཞུང་ལ་འོས་འགྲན་རྩེད་ཀྱིན་པ་དེ་རེད།
དོན་དངོས་ཐོག ཧོང་ཀོང་དང་ཐའེ་ཝན་གཉིས་ཀ་རྒྱ་དམར་གཞུང་གི་འགྱིག་(མིག་མངས་ཀྱི་དོན)རྩིས་འོག མུ་མཐུད་གཅིག་རྒྱུ་གཅིག་རྐྱེན་གྱི་ངང་ཚུལ་དུ་གནས་ཡོད། ཐའེ་ཝན་ལ་”རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཟེར་བའི་མཚུངས་དཔེ་དགོས་མཁོ་མེད་པ་ཡིན་ཙང་། པེ་ཅིན་གཞུང་གིས་ཧོང་ཀོང་གི་ཁ་དན་རྒྱབ་འགལ་གྱིས། ཧམ་སྤྱོད་དང་། མཁྲེགས་འཛིན་བྱས་པ་རེད། དེ་ནི་<<ཧོང་ཀོང་གནས་བབ་སྐོར་གྱི་རྒྱབ་ཤ་དཀར་པོའི་དེབ་>>འདོན་སྤེལ་བྱས་པའི་ཆབ་སྲིད་རྒྱབ་ལྗོངས་ཡིན་སྟབས། པེ་ཅིན་ནས་ཧམ་བཤད་ལ་ཚམ་ཚོན་མེད་པར་”ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་ཚད་མཐོའི་རང་སྐྱོང་དབང་ཆ་དེ་ཡང་རང་བཞིན་གྱིས་ཡོད་པ་ཞིག་མ་ཡིན་པར…..དབུས་གཞུང་གིས་ཁྱོད་ལ་དབང་ཆ་ག་ཚོད་ཅིག་གསོལ་རས་གནང་ན། ཧོང་ཀོང་གིས་དབང་ཆ་དེ་ཙམ་ཞིག་བཀོད་སྤྱོད་ཆོག་པ་ལས། ‘དབང་ཆ་ལྷག་མ’ཞིག་ཡོང་གཞི་མེད་”ལུགས་དཀྲོགས་པའང་དེར་ཐུག་ཡོད། སྐད་ཆ་དེའི་རྒྱབ་ལོགས་ན་གོ་བ་ག་རེ་བཏང་ཡོད་མེད་ཐའེ་ཝན་མང་ཚོགས་ཀྱིས་ལོས་ཀྱང་ཤེས། དེར་ཐའེ་པེ་ཧྥིན་ཀྲོན་མུའུ་(风传媒)ཟེར་བའི་བརྙན་འཕྲིན་ཁང་གསར་འཛུགས་བྱེད་མཁན། སྐུ་ཞབས་ཝང་ཅན་ཀྲུང་(王健壮) གིས་ཆེད་གཉེར་ཟིན་བྲིས་ནང་བཀོད་པ་གཤམ་གསལ།
དང་པོ། “ཨ་ཇོའི་” ང་ཆེ་ང་གྲགས་སྙམ་པའི་ངོ་གདོང་གཞི་ནས་མངོན་པ་དང་ཆབས་ཅིག ཁྱོད་ཚོར་བཙན་བཀའ་ཕབས་འདུག
གཉིས་པ། “ཨ་ཇོས་”ཁྱོད་ལ་བཀའ་བགྱོན་གནང་སྟངས་ཀྱང་སྤྱིན་བདག་གིས་ཚེ་གཡོག་ཚོར་གཤེ་གཤེ་གཏོང་བ་བཞིན། “ངས་ཁྱོད་ལ་ག་ཚོད་ཅིག་སྤྲད་ན། ཁྱོད་ལ་དེ་ཙམ་ཞིག་ཐོབ་པ་ལས། དེ་ལས་མང་བ་ཞིག་ཐོབ་རེས་ཀྱི་སྟོང་བསམ་མ་འཆིངས”ལབ་པ་རེད།
གསུམ་ནས། “ཨ་ཇོས” ད་དུང་ཁྱོད་ལ་ཞེན་སྣང་བསྐུར་སྟེ། ཁྱོད་ལ་ད་ཆ་སྤྲད་པའི་ཚད་ངེས་ཅན་གྱི་དབང་ཆ་དེ་ཡང་”ལྷན་སྐྱེས་ནས་ཡོད་པ་”མ་རེད་ཟེར། སྐད་ཆའི་ནང་གི་སྐད་ཆ། དེ་རིང་ཁྱོད་ལ་གང་ཡོད་པ་དེའང་། སང་ཉིན་དེ་ག་རང་བདག་ཆོག་པ་ཞིག་མིན། མདོར་ན་”ཨ་ཇོས”ག་དུས་ཡིན་ཡང་དབང་ཆ་དེ་ཕྱིར་བསྡུ་ཆོག་ཆོག་ཡོད་ཅེས་པ་དེ་རེད།
འདི་ལྟ་བུའི་ངོ་གདོང་ཞིག འདི་ལྟ་བུའི་སྐད་ཆ་ཤིག ད་དུང་འདི་ལྟ་བུའི་རྫིག་ཉམས་སྟོན་སྟངས་ཤིག ཧམ་ཤེད་ཁོ་ན་ཚད་པ་མི་ན་ཅི་རེད། བཤད་སྟངས་འདི་ཚོ་བཀས་བཀོད་རྒྱུད་འཛིན་གྱི་དྲི་ངལ་མ་ཡལ་པའི་”དམངས་དབང་གསོལ་རས་སྩལ་པ” ཟེར་བ་རང་རེད་ལ། མདོར་ན་ཁྱི་ལ་རུསཔ་གཡུག་ནས་”སྦྲང་ཟས་ཟ་བཅུག་པའི་དབང་ཆ” ཙམ་མོ། དེ་བས་སྐུ་ཞབས་ཤུས་དབྱིན་ཧྲི་(余英时)ལགས་ཀྱི་བཤད་སྟངས་ལ་ཁག་ཅི་ཡོད། ཁོང་གིས་” ད་ནི་ཧོང་ཀོང་བ་ཚོ་གྲལ་རྔའི་ཚ་བོ་སྐལ་མེད་བྱས་ནས་འདུག་རྒྱུའི་ཚད་མིན། དེ་ལྟར་སྡུག་བསྒོམས་བརྒྱབས་ནས་བསྡད་ཀྱང་སླར་ཡང་བཀའ་རྒྱ་རྗེས་མ་བོ་སླེབས་ངེས། ཁྱོད་ཚོས་ད་དུང་སྡུག་བསྒོམས་བརྒྱབས་ནས་བསྡད་ན། ཐེངས་གསུམ་པར་ཡོང་རྒྱུ་ཡང་དེ་ག་རང་ཡིན། མཐའ་མཇུག་ཁྱོད་ལ་འགྲོ་ས་གཅིག་ཡོད་པ་ནི་ཚེ་གཡོག་ཅིག་ཆགས་རྒྱུ་བརྒྱ་ཆ་བརྒྱ་རེད།
རེད་དེ།
རྒྱ་ནག་སྐམ་སའི་ངོས་ནས་བལྟས་ན། ཚིག་དོན་དེར་གོ་བ་གཞན་ཞིག་འགྲེལ་ཆོག གོ་སྐབས་རིང་ལུགས་ཀྱི་མཐའ་ལ་ལྷུང་བའི་དམར་ཤོག་གཞུང་དེ་ཡིན་ན། ཁོ་ཚོས་”བཅོས་བསྒྱུར་སྒོ་འབྱེད་ཀྱི་འཆར་འགོད་པ་ཆེན་མོས” གསར་གཏོད་གནང་བའི་”རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཟེར་བའི་རྩེད་ཆས་དེ་བཞིན། སྤྱོད་སྒོ་དེ་ཙམ་མེད་པ་མཐོང་ཚེ། དེ་མ་ཉིད་དུ་སྙིགས་རོ་བཞིན་ཁྱིམ་ཕྱག་ནང་གཡུག་རྐྱང་ཡིན། རིག་གསར་རྗེས་སུ་མར་ལའེ་རིང་ལུགས་སྙིགས་རོ་བཞིན་དོར་བ་དང་གཅིག་མཚུངས་ཡིན་ན། དེ་ཡང་པེ་ཅིན་འདི་”ཁྲེལ་མེད་ལུགས་མེད་”ཡིན་པའི་ཕྱོགས་གཅིག་རེད།
“ལམ་དབུ་མའི་” ལམ་ཁ་ག་བ།
ད་ལོའི་སྟོན་མཇུག་ལ། ང་རང་རྒྱལ་ས་ཝ་ཤིན་ཀྲོན་དུ་བོད་དོན་སྐོར་གྱི་ཚོགས་འདུ་ཞིག་ལ་ཕྱིན་སྟེ། ཚོགས་ཐོག་ནས་མིའི་སྣང་བར་དེ་ཙམ་མི་འགྲོ་བའི་ཚིག་འགའ་ཁ་ནས་ཤོར་སོང་། ངས་རྒྱ་དམར་གཞུང་གིས་ཏཱ་ལའི་བླ་མར་གྲོས་མོལ་(༣) མ་བྱས་པར་བསྟེན། དེ་རིང་”ལམ་དབུ་མ”ངལ་བ་འབྲས་མེད་དུ་གྱུར་ཚར་ཡོད། བོད་མི་མང་ཡང་དེ་ལ་ཡིད་ཐང་ཆད་པ་དང་ཆབ་ཅིག རང་ལུས་མེར་བསྲེགས་གནང་དགོས་ཐུག་པ་རེད། སོང་ཙང་བོད་ཀྱི་ཤེས་ཡོན་པའི་སྡེ་ནས་”ལམ་དབུ་མ”བཤད་མཁན་བཙན་བྱོལ་བོད་གཞུང་གི་སྤྱོད་ཡོན་ལ་དོགས་སློང་ཡོང་བཞིན་པ་མ་ཟད། ཕྱི་ལོགས་ན་རྒྱ་མིར་མཐུན་ལམ་འཛིན་དགོས་སྐོར་ཞེད་པོ་བཤད་ནས་རྒྱུག་མཁན་ཚོར་ཡང་སུན་སྣང་བྱེད་ཀྱིན་འདུག
རྒྱལ་སྤྱིའི་སྤྱི་ཚོགས་དངུལ་དངོས་ཀྱི་ཁེ་ཕན་ཆེད་རྒྱ་གཞུང་ལ་བསྟུན་དགོས་སྟབས། ༸གོང་ས་མཆོག་གི་ཕེབས་སྒོ་ཡང་གང་ཙམ་འགོག་ཐུབ་གི་ཡོད་ལ། དེའི་མཇུག་འབྲས་སུ་ཁོང་ཚང་”རྒྱལ་སྤྱིའི་ཐོག་བདེན་སྐྱོང་དབུ་ཁྲིད་ཞིག་ཡིན་པ་”དང་”བོད་མི་རིགས་ཀྱི་གཙོ་འཛིན་ཡིན་པ”གཉིས་ཁ་ཁར་གཏོང་དགོས་པ་བཟོས་ཡོད། དེ་བས་ཀྱང་རྒྱ་དམར་གཞུང་གིས་”གང་ཞིག་ཏཱ་ལའི་རྗེས་ལ་སྐྱུར་དགོས་པའི་” སྲིད་བྱུས་བཏང་ཚར་ཡོད་སྟབས། ད་ཆ་”ལམ་དབུ་མ”ཟེར་བ་དེ། ངོ་མ་བཤད་ན་གང་ལའང་འགྲོ་ས་མེད་པའི་འགྱིག་རྡེའུ་ཤི་རོ་ཞིག་རེད་སོང་། ཚོགས་འདུའི་མགྲོན་བདག་ངའི་བསམ་ཚུལ་ལ་འཐད་པ་མ་བྱུང་། ཁོ་ཚོས་”ལམ་དབུ་མ་”ཟེར་ན་ཆབ་སྲིད་ཀྱི་རྣམ་དཔྱོད་ཡན་གར་བ་ཞིག་ཡོད་རབས།དེ་ལས་ལྷག་གི་འགྲོ་ས་མེད་རབས་བཤད། ང་ཚོའི་བར་ན་སྐད་ཆ་དངོས་མ་ཞིག་གི་ཐོག་འབབ་ས་མེད་གི རང་རང་ས་ན་རང་གི་ཞེ་འདོད་རེ་བཤད་ནས་བསྡད་འདུག “ལམ་དབུ་མའི་”མངོན་རྟོགས་བརྗོད་ཏེ། ཉི་མ་འདི་ལྟར་བཏང་ནས་འདུག་མཁན་གྱི་མི་ང་ཚོར་ཉུང་དྲགས་འདུག་གམ།
ལོ་འདི་དག་གི་རིང་ལ་ཏཱ་ལའི་བླ་མས་རྒྱ་རིགས་ནང་བོད་ཀྱི་དཔལ་ཡོན་ལ་དགའ་མོས་ཡོང་ཐབས་ཀྱི་རྩོལ་བ་གནང་བཞིན་པ་ནི། དགོངས་པ་རླབས་ཆེན་ཞིག་ལོས་ཀྱང་ཡིན། རེད་དེ་རྒྱ་མི་དཀྱུས་མ་ཞིག་ལ་རྒྱ་ནག་གི་སྲིད་བྱུས་གཏན་འབེབས་གནང་རྒྱུའི་གོ་སྐབས་མེད། རྒྱ་དམར་གཞུང་འདི་བ་”ཁྲིམས་ལ་ལྟོས་མེད་”ཀྱི་རྒྱལ་ཁབ་ཅིག་རེད། གང་ཞིག་ཀྲུང་ནན་ཧེ་སྣང་བར་མ་སོང་ཕྱིན། ཁོ་ཚོས་རྒྱལ་ཁྲིམས་དང་། རང་གི་ཏང་ཁྲིམས་གང་ཡིན་རུང་ཚམ་ཚོམ་མེད་པར་རྩིས་མེད་གཏོང་རྐྱང་ཡིན། ཁ་ཉིན་ཧོང་ཀོང་ནང་གི་བྱ་སྤྱོད་དེ་ཡིན་ན་དམར་དམར་བརྗེན་བརྗེན་གྱི་དཔེ་མཚོན་ཞིག་རེད། ཏིང་ཞོ་ཕང་གིས་བཟོས་པའི་”རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཟེར་བ་དེ་ཡིན་ན། “མངའ་ཁུངས་”དང་”ལམ་ལུགས”གཉིས་ཁ་ཁར་དབྱེ་བའི་རྩེད་མོ་ཞིག་ཡིན། དེ་བས་”ལམ་ལུགས་”དང་”མངའ་ཁུངས་”བརྗེ་བོ་བརྒྱག་ཆོག་པ་ཞིག་སྟེ། དེ་ཙམ་ལ་རང་གིས་ཡ་མཚན་ཞིག་ཤེས་ཡོད་པར་རློམས།
དངོས་གནས་བཤད་ན་ཧོང་ཀོང་དང་ཐའེ་ཝན་ཕྱོགས་ནས་”ཁྱོད་ཀྱི་ལམ་ལུགས་ངེས་པར་དུ་བསྒྱུར་དགོས་པས་”འདོད་ཚུལ་རྒྱུན་འཁྱོངས་བྱེད་ཀྱིན་ཡོད་ལ། རྒྱ་དམར་གཞུང་གི་ལམ་ལུགས་བཅོས་བསྒྱུར་བྱས་པ་ཡིན་ན། ད་གཟོད་”རྒྱལ་ཁབ་གཅིག་གྱུར་” ཐོག་སྐད་ཆ་ཡོང་ཆོག་པར་བཤད། དེ་ལ་སྐུ་ཞབས་ཟོང་ཁྲུའུ་དབྱེ་(宋楚瑜)ལགས་ཀྱི་བཤད་སྟངས་བྱས་ན་”རྒྱལ་ཁབ་གཅིག་སྤྱོད་བཟང་གིས་སྐྱོངས་”དགོས་པའོ། དེ་ཡིན་ན། བོད་ཀྱི་”ལམ་དབུ་མའི་”ཆབ་སྲིད་ཀྱི་མདོ་རྩ་དངོས་ནི། “བོད་ལ་རང་བཙན་མི་དགོས། ད་ལྟའི་རྒྱ་དམར་གཞུང་གི་རྩ་ཁྲིམས་ནང་གང་ཡོད་པའི་མི་རིགས་ས་གནས་རང་སྐྱོངས་ཤིག་འཚོལ་བཞིན་པ་”དེ་ཙམ་ཞིག་རེད། མཚམས་འདི་ནས་ཁྱེད་ཀྱིས་མཐོང་ཐུབ་པ་ནི། དེ་རིང་གི་རྒྱ་ནག་རྩ་ཁྲིམས་རྫུན་མ་ཞིག་གི་འོག་དུ། རྒྱལ་ཁབ་”སྤྱོད་བཟང་གིས་སྐྱོངས་བའི་”ལམ་ལུགས་མེད་ས་ནས། རྒྱ་ནག་གི་ཤེས་ཡོན་ཅན་ཚོས་”རྒྱལ་ཁབ་རྩ་ཁྲིམས་ཀྱིས་སྐྱོངས་དགོས་པའི་ལས་འགུལ་”སྤེལ་ན་ཁྲིམས་ལ་སྦྱོར་བཞིན་པའི་སྐབས་སུ__བོད་ཀྱི་”ལམ་དབུ་མར་”ལམ་ཞིག་མེད་པ་ས་རིས་ཐང་གསལ་རེད།
དེེ་རིང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཟེར་བ་དེ་ཧོང་ཀོང་དང་ཐའེ་ཝན་ནང་རྩ་མེད་དུ་ཕྱིན་ཚར་ཡོད། ད་ནི་ང་རང་གི་བསམ་ཚུལ་ལ། བོད་པ་དང་། ཡུ་གུར་བ་ཚོས་གོ་སྐབས་འདིར་འཇུག་ནས། “རྒྱལ་ཁབ་སྤྱོད་བཟང་གིས་སྐྱོངས་རྒྱུར” རེ་སྐུལ་བྱས་ན་འདྲ། ཆབས་ཅིག་”མི་རིགས་ས་གནས་རང་སྐྱོངས་”ལག་བསྟར་བྱས་མ་སོང་བ་ལབ་ན་རེད། གང་ལྟར་རྒྱ་ནག་ནང་གི “རྩ་ཁྲིམས་ཀྱིས་སྐྱོངས་དགོས་པའི་ལས་འགུལ་”སྤེལ་མཁན་ཚོར་མཉམ་སྡེབས་ཀྱིས། རྒྱ་ནག་གི་ཆབ་སྲིད་རྨང་ནས་བཅོས་བསྒྱུར་གཏོང་རྒྱུར་རམ་འདེགས་ཐུབ་ན་ག་འདྲ་འདུག
མཐའ་བཞིའི་རྒོལ་སྲུང་མཐུན་ཕྱོགས།
རྒྱ་གཞུང་གིས་སླར་ཡང་ཏཱ་ལའི་བླ་མ་དང་མཉམ་པོར་གྲོས་མོལ་བསྐྱར་གསོ་བྱ་སྲིད་དམ་ཟེར་ན། ཀྲུང་ནན་ཧེ་ལ་ཕྱི་ནང་གི་གནོན་ཤུགས་སྣ་ཚོགས་འཕྲད་བཞིན་པ་དང་། ཁོ་ཚོའི་དབང་ཆའི་ཁྲིམས་མཐུན་རང་བཞིན་ཛ་དྲགས་ངང་ཉམ་དམས་འགྲོ་བཞིན་པའི་སྣང་ཚུལ་འོག རྒྱ་གཞུང་གི་འགོ་ཁྲིད་འདི་ཚོ་མི་ཐོག་གཅིག་ལས་གཅིག་རྒྱུད་རྩོག་ཁོག་ནག་རྐྱང་ཡིན་མོད། ད་དུང་ཁོ་ཚོར་མགོ་བོ་བདེ་འཁྲབ་སའི་ས་ཁོད་ངེས་ཅན་ཞིག་ཡོད་སྟངས། སླར་ཡང་ཏཱ་ལའི་བླ་མ་མཉམ་པོར་གྲོས་མོལ་ཟེར་བའི་རྩེད་མོ་རྩེད་རྒྱུའི་ཉེན་ཁ་མེད་པ་མིན། ཡང་རྩེད་མོ་དེ་དུས་སྐབས་གང་འདྲ་ཤིག་ལ་རྩེད་སྲིད་དམ་ཟེར་ན། ཐའེ་ཝན་དང་། ཧོང་ཀོང་། ཤར་ཏིར་ཀི་སི་ཐན་བཅས་ཀྱི་ནང་གྱེན་ལོག་བསྟུན་མར་བྱུང་ནས་བསྡོད་མ་ཚུགས་པའི་སྐབས་དེར། བོད་ཀྱི་ཕྱོགས་འདི་ཞི་འཇགས་ངང་གནས་ཐབས་ན་རབ་ཡིན་ཙང་། སྙོམས་སྒྲིག་དེ་འདྲ་ཤིག་ཆེད་དུ་དེ་ལྟར་འཁྲབ་སྲིད། དཔེར་ན། ཁ་ཉིན་འདིར་”ཏཱ་ལའི་བླ་མ་རྒྱ་ནག་རི་བོ་རྩེ་ལྔར་གནས་གཟིགས་ལ་ཕེབས་འཆར་”ཡོད་སྐོར་བརྒྱུད་ལམ་ཁག་ན་འགྲོ་བཞིན་པ་ལྟར་རེད། དེ་ལ་ཡིད་རྟོན་ཡོད་མེད་མ་ཡིན་པར། མ་གཞི་འཕེལ་ཕྱོགས་འདི་ཚོ་གོང་ནས་བཤད་པ་ལྟར་གྱི་མངོན་རྟགས་ཤིག་ཡིན་ཆོག
རྒྱ་ནག་གིས་ཕྱི་ལ་སྒོ་མོ་གཏད་ནས་མགོ་བཏུམ་བསྡད་ཡོད་པའི་དུས་དེར། ནང་ལོགས་ནས་མི་གྲགས་ཁྲི་ཕྲག་མང་པོ་ལྟོག་ཤི་ཐེབས་ཡོད་ཀྱང་། ཕྱིའི་འཇིན་རྟེན་ལ་རྒྱ་ནག་གི་ཤུགས་རྐྱེན་སླེབས་པ་ཧ་ཅང་ཆུང་ཆུང་རེད། དེ་རིང་ཁོ་ཚོ་གྲོད་ཁོག་རྒྱགས་པ་ཆགས་ཡོད་ཙང་། ལམ་ལུགས་ངན་པ་དེའི་ཤུགས་རྐྱེན་ཡང་ཕྱི་ཕྱོགས་ལ་ངང་གིས་ཁྱབ་བརྡལ་དུ་ཕྱིན་དེ། ད་ནི་འཛམ་གླིང་ཧྲིལ་བོའི་ཨར་མ་སྟེན་པར་ཡོད་ན། མཐའ་བཞིའི་མངའ་ཁུལ་ཚོ་ཨ་ཅང་ཅང་། རྒྱ་ནག་ནང་ས་དང་ཤར་ཏིར་ཀི་སི་ཐན། བོད་བཅས་ཀྱི་བར་མི་རིགས་ཀྱི་འགལ་བ་དང་། རང་བཙན་དང་གཅིག་གྱུར་གྱི་འགལ་བ། ད་དུང་”འཚོ་གནས་ས་ཁོད”སྟེ། ཐོན་ཁུངས་སོགས་རང་ས་རང་བདག་གི་འགལ་བ་ཡོད་ལ། གོང་གི་འགལ་བ་འདི་དག་ཧོང་ཀོང་དང་། ཐའེ་ཝན་ནང་དེ་ཙམ་མངོན་གསལ་དང་ཛ་དྲག་མིན་མོད། གལ་ཆེ་ཤོས་ལམ་ལུགས་ཀྱི་འགལ་བ་ཆགས་ཡོད།
དེ་ན་ང་ཚོས་གསལ་བོ་མཐོང་ཐུབ་པ་ནི། རྒྱ་ནག་གིས་ཆབ་སྲིད་ལམ་ལུགས་ཀྱི་གནད་དོན་ཐག་གཅོད་མ་བྱས་པར། རྒྱལ་ཁབ་ལ་”སྤྱོད་བཟང་”མེད་སོང་བ་ཡིན་ན། ཁོ་ཚོར་ཤར་ཏིར་ཀི་སི་ཐན་དང་། བོད་ཀྱི་འགལ་བ་ཐག་གཅོད་ཐུབ་པའི་གཞི་རྩ་མེད་སྟབས། ཤར་ཏིར་ཀི་སི་ཐན་དང་། བོད། ཧོང་ཀོང་། ཐའེ་ཝན་བཅས་ཀྱི་ཁེ་ཕན་དང་། ལས་སྐལ་ཕྱོགས་གཅིག་ལ་དམ་པོར་སྒྲིལ་ཡོད། “རྒྱལ་ཁབ་གོང་བུ་གཅིག་གྱུར་གྱི་རླབས་ཆེན་བྱ་བཞགས”ཟེར་བ་དེ་ཡིན་ན། རྒྱ་དམར་གཞུང་འདི་བས་སྲིད་དབང་ཁྲིམས་མཐུན་ལ་གཞི་བཅོལ་སའི་ཟས་སྙིགས་ཕོར་བ་གང་ཡིན། དེ་ནི་”མི་རིགས་རིང་ལུགས”ཀྱིས་ཀླད་པ་འཁྲུས་ཚར་བའི་རྒྱ་ནག་སྐམ་སའི་ཡུལ་མི་ཚོ་ཁོ་ནར་སྤྱོད་སྒོ་ཡོད་པ་ཞིག་རེད། ད་ནི་མཐའ་བཞིའི་མངའ་ཁུལ་ནས་ལག་གདེངས་བསྒྲིལ་ཏེ་”རྒྱལ་ཁབ་གོང་བུ་གཅིག་གྱུར་”ཟེར་བར་རྒོལ་བ་རྩོམ་ཐུབ་པ་ཡིན་ན། རྒྱ་དམར་གཞུང་གི་སྲིད་དབང་ཁྲིམས་མཐུན་རང་བཞིན་འབོ་ལུག་རྒྱུར་བརྟེན། དེ་ཡིས་རྒྱ་ནག་སྐམ་སའི་ནང་ཁུལ་གྱི་འགྱུར་བར་ཡང་སྐུལ་སྤེལ་ཐུབ་གི་རེད།
དེ་རིང་ཧོང་ཀོང་གི་ཁྲོམ་དཀྱིལ་རྒོལ་འཛིན་“占中事件”(༤) ལས་འགུལ་ལ་པེ་ཅིན་ཞེད་ཐག་ཆོད་དོན་ཡང་དེ་ག་རང་རེད། མངའ་ཁུལ་གཅིག་ཁེར་རྐྱང་ངང་ཡར་ལངས་ན་སྟོབས་ཤུགས་འདེངས་ངས་ཤིག་མེད། ཧོང་ཀོང་དང་ཐའེ་ཝན་ལྟ་བུར་མཚོན་ན་ས་ཁོད་ཀྱི་ཆ་ནས་རྒྱབ་ཆད་དཔུང་ཡལ་ལྟ་བུ་རེད། ཤར་ཏིར་ཀི་སི་ཐན་ས་རྒྱ་ཆེ་ཁར་འཐབ་རྩོད་ལ་གཅིག་གྱུར་གྱི་བཀོད་པ་གཏོང་ཐུབ་མཁན་མེད་པའི་སྣང་ཚུལ་འདུག ད་དུང་ལྷོ་སོག་”南蒙古”(༥) ལྟོས་འཇོག་གིས་བོད་འདི་ཡག་པོ་མེད་འགྲོ མངའ་ཁུལ་བཞི་བོ་མཉམ་འབྲེལ་གྱིས་སྒེར་གཅོད་གཞུང་ལ་རྒོལ་བ་རྩོམ་ཐུབ་ན། དེ་ཡིས་རྒྱ་ནག་དམངས་གཙོ་ཅན་ལ་སྐུལ་སྤེལ་གཏོང་རྒྱུའི་ལས་དོན་ལ་རྣམ་པ་གསར་བ་ཞིག་མཐོང་ཐུབ་པར་གདོན་མི་ཟ།
ལོས་ཡིན། དེ་ལྟ་བུའི་མཐུན་ཕྱོགས་སྟོབས་ཤུགས་ཞིག་ལོ་རྒྱུས་ཐོག་བྱུང་མྱོང་མེད། ལས་ཀ་ལས་ཞོར་གོ་པ་སྤོ་ཞོར་བྱ་དགོས། ཆ་བཞག་ན། རྒྱ་དམར་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་མངའ་ཁུལ་བཞི་མཉམ་འབྲེལ་གྱིས་ཁ་རྡུང་གཏོང་བ་དང་། རྒྱ་གཞུང་གི་སྒོར་མོས་རྒྱལ་སྤྱིའི་སྤྱི་ཚོགས་བཙན་ཁྲིད་བྱེད་བཞིན་པར་མངའ་ཁུལ་བཞི་བོའི་ཚོགས་སྡེ་ཁག་གིས་རྒྱལ་སྤྱིའི་ཐོག་ཐུན་མོང་གི་བསྒྲགས་གཏམ་སྤེལ་རྒྱུ་སོགས། ཕྱོགས་གང་ཐད་ནས་མཉམ་ལས་ལ་ཤུགས་བརྒྱག་དགོས། གཞན་ཡང་རྒྱལ་སྤྱིའི་ཚད་གཞི་ལོན་པའི་ཆེད་ལས་མི་སྣ་དང་། འགོ་འཁྲིད་གསོ་སྐྱོངས་བྱ་རྒྱུ་སོགས་འདུ་ཡོད། རྒྱ་ནག་འདི་གནའ་ནས་ད་བར་”གཅིག་ཆགས་རྗེས་སུ་འཐོར་ངེས་ལ། འཐོར་ཚར་རྒྱབ་ཏུ་སྒྲིལ་ངེས་བ”ཞིག་ཡོད། དེ་ནི་དབུས་ཀྱི་དར་རྒུད་ཁོ་ནར་བརྟེན་ནས་བྱུང་བ་རེད།
རྒྱ་ནག་འདི་བ་ས་སྒང་གོ་ལའི་ཐོག་ཡིག་རིགས་གཅིག་གི་ཁྱབ་ཁོངས་ནས་མི་གྲངས་དུང་ཕྱུར་འགའི་བྱུང་བ་ཟིན་ཐོར་བཀོད་པའི་མི་རིགས་ཞིག་སྟེ། དཔལ་ཡོན་སྣ་ཁ་གཅིག་གིས་གྲུབ་པ་དེ་འདྲ་མཐོང་དཀོན་པོ་རེད། དེ་བས་ས་བསྒོས་ཡུལ་བཅད་ཀྱི་སྣང་ཚུལ་དེ་ཙམ་ཆེན་པོ་མེད་ཙང་། “ཁ་བྲལ་”ཟེར་ན་ཁྲིམས་འགལ་ཡིན་པ་འདྲ་བོ་ཞིག་ལ་བརྩི་སྲོལ་དར་བ་རེད། རྒྱ་དམར་གཞུང་གིས་ཀྱང་གནད་དོན་དེ་ནི་རང་གིས་སྲིད་དབང་མུ་མཐུད་དུ་འཛིན་དགོས་པའི་ཁྲིམས་མཐུན་སྒྲུབ་བྱེད་ལ་འགྲེལ་ཁུལ་བྱེད་མོད། དེ་གཉིས་རྦད་དེ་ཐ་དད་ཡིན། དབུས་ཀྱི་སྒེར་གཅོད་གཞུང་རུལ་སོངས་དུ་གྱུར་བ་དང་། ཁྲིམས་མེད་ལུགས་མེད་ཆགས་དུས། དཀའ་ངལ་ཡོངས་རྫོགས་ཀྱི་རྐྱེན་རྩ་སྒེར་གཅོད་གཞུང་ལ་ཐུག་ཡོད། དཔོན་ངན་ཧམ་ཤེད་ཅན་དེ་ཚོར་རང་གི་ཞེ་འདོད་སྒྲུབ་རྒྱུར་མན་ངག་ཅིག་ཡོད་ན། དེ་ནི་རྒྱལ་ཁྲིམས་ཟུར་ལ་བཞག་སྟེ་རང་འདོད་སྒེར་གཅོད་བྱེད་ཀྱིན་པ་དེ་རེད། དེ་རིང་འདི་ལྟར་རྒྱ་ནག་དབུས་ཁུལ་རྫབ་རུལ་དུ་གྱུར་བའི་སྐབས་འདིར། ཡུལ་མཐའ་འཁོབ་ནས་དེ་ལས་ལྡོག་སྟེ་སྣང་གསལ་དཀར་མེ་སྦར་སྐལ་བྱུང་ཞིང་། དེས་རྒྱ་ནག་མུན་པའི་གླིང་གི་རྣམ་ཤེས་འཁྱམས་པོ་ཚོར་འོད་ཟེར་གྱི་སྐལ་བ་སྤྱིན་སོང་། རྒྱལ་སྤྱིའི་གནས་བབ་ནས་བལྟས་ན། གྲང་དམག་མཇུག་སྒྲིལ་བ་དང་མཉམ་པོར། དབྱིན་ཇི་དང་ཡུ་རོབ་ཨ་རི་བཅས་པ་སླར་ཡང་དཀྱིལ་ཤར་གྱི་དཀའ་རྙོག་ནང་ཚུད། དེ་བས་རྒྱ་ནག་རྒྱགས་པ་ཆགས་པ་རེད།
དཔྱད་བརྗོད་པ་སྐུ་ཞབས་ཧུའུ་ཕེན་(胡平) ལགས་ཀྱིས་རྒྱ་”རྒྱགས་པ”འདིས་སྐོར་ལ་འདི་ལྟར་བརྗོད། “སྡིག་རྩུབ་ལ་བརྟེན་ནས་སྟོབས་ཤུགས་རྒྱས་པའི་རྒྱལ་ཁབ་ཅིག་ལ་མཚོན་ན། ཁོ་པ་སྔར་ལས་གདེངས་ཚོད་ཡོད་པས་སྒོ་ནས་སྔར་ལས་ཧམ་སྤྱོད་ཅན་གྱི་སྒེར་གཅོད་གཞུང་དེ་རྒྱ་སྐྱེད་གཏོང་རྒྱུ་ཉག་གཅིག་ཡིན་ན། དེ་ནི་འགྲོ་བ་མིའི་ཐོབ་ཐང་དང་། དམངས་གཙོ་དྲང་བདེན་སོགས་ཀྱི་དགྲ་བོ་དྭངས་མ་ཡིན་ལ། འགྲོ་བ་མིའི་རིགས་ཀྱི་རང་དབང་དང་ཞི་བདེ་ལ་ཉེན་འཚབ་སྤྲོད་རྒྱུ་ངེས་གཏན་ཡོད་ཅེས་ལབ་འདུག
གཞན་ཡང་དག་དག་ཨུ་རུ་སུ་རྒྱལ་ཁབ་”དབང་པོ་མ་ཚང་བའི་འཕོ་འགྱུར་ཕྱིན་པ”དེ་ལ་བརྟེན་ནས། ཨུ་རུ་སུ་རྒྱ་སྐྱེད་རིང་ལུགས་ཀྱིས་དེ་སྔའི་”ར་ཤི་ཡའི་ཧམ་ཤེད་”གོ་བབ་བཟུང་སྟེ། ཡུ་རོབ་མནའ་འབྲེལ་ལ་མུ་མཐུད་སྣེ་བཏོགས་བཞིན་ཡོད། སྐབས་འདིར་རྒྱ་ནག་དང་ཨུ་རུ་སུ་གཉིས་ཁ་མཐུན་ཆགས་སྟེ། རྒྱལ་སྤྱིའི་ཐོག་སྤུན་མཆེད་གཉིས་ཀྱིས་དམངས་གཙོའི་ལམ་ལུགས་ལ་རྒོལ་བའི་”གྲང་དམག”གསར་བ་ཞིག་རྣམ་པ་ཅི་རིགས་ཐོག་ནས་སྤེལ་བཞིན་ཡོད། ང་ཚོས་མདུན་ལ་བཤམས་པའི་རི་མོ་འདིར་གཞིགས་ན། ཧོང་ཀོང་དང་། ཐའེ་ཝན། ཤར་ཏིར་ཀི་སི་ཐན། བོད་བཅས་མངའ་ཁུལ་བཞི་བོ་གཡུལ་ས་མདུན་མ་ན་ཡོད་པ་བཤད་མ་དགོས། སྐད་ཆ་གཅིག་བཤད་ན། པེ་ཅིན་གྱི་ཡག་ཉེས་ནི། དེ་རིང་ནིའུ་ཡོག་གི་སྣུམ་གོང་འཕར་ཆག་ལ་ཐད་གར་འབྲེལ་བ་ཡོད་ངེས་ན། ཧོང་ཀོང་གཙོས་མཐའ་ཡི་མངའ་ཁུལ་འདི་བཞི་བོ། མིའི་རིགས་ཀྱི་ཚེ་སྲོག་ལ་བརྩི་འཇོག་ཡོད་སའི་གནས་དེ་ཁོ་ནའོ།། ཕྱི་ལོ2014ཟླ11 ཚེས་ 22 ཉིན་རྩོམ་པ་པོས་ཨ་རི་ནས་བྲིས།
བསྒྱུར་མཁར་གྱི་མཆན:
༡《服贸协议 》ཚོང་ལས་གཞོགས་འདེགས་གྲོས་འཆམ : ནི་རྒྱ་ནག་དང་ཐའེ་ཝན་བར་གྱི་ཚོང་ལས་ལ་གཞུང་གིས་མཐུན་སྦྱོར་བྱེད་ཕྱོགས་ཀྱི་གྲོས་འཆམ་ཞིག་ཡིན། གྲོས་འཆམ་དེ་ལྟར་ཕྱིན་ན་ཐའེ་ཝན་རྒྱ་ནག་སྐམ་སའི་རྒྱུ་ཤུགས་དང་དབང་ཤུགས་འོག་ཚུལ་རྒྱུ་ཡིན་པར་གླེང་ཕྱོགས་ཡོད་བཞིན་དུ། གོ་མིན་ཏང་གཞུང་གིས་གྲོས་འཆམ་དེ་ལག་བསྟར་ཡོང་ཐབས་ལ་མངོན་ལྐོག་གཉིས་ནས་འབད་རྩོན་བྱས་པར་བརྟེན། མཐོ་རིམ་སློབ་མ་གཙོས་མང་ཚོགས་ཀྱིས་ངོ་རྒོལ་བྱས་པ་དང་། ཕྱི་ལོ༢༠༡༤ཟླ་༤ ནང་ཞི་རྒོལ་བ་རྣམས་གྲོས་ཚོགས་ནང་འཛུལ་ནས། གྲོས་ཚོགས་གཞུང་འབྲེལ་ལས་མཚམས་འཇོག་དགོས་ཐུག་ཡོད།
༢ “鼎新集团的心油事件” ཏིན་ཞེན་མཐུན་ཚོགས་ཀྱི་སྣུམ་རྫུན་དོན་རྐྱེན: ཏིན་ཞེན་མཐུན་ཚོགས་ནི་ཐའེ་ཝན་ནང་གི་བཟའ་བཅའི་ཚོང་ལས་ཆེ་ཤོས་ཡིན། མཐུན་ཚོགས་དེའི་བཟའ་བཅའི་མཚོ་ངོགས་གཉིས་གཙོས་ཡུལ་ཕྱོགས་གང་སར་ཁྱབ་ཡོད། ཚོང་ཚོགས་འདི་ཐོག་མར་ཐའེ་ཝན་ནས་བཙུགས་པ་ཞིག་ཡིན་མོད། རྒྱ་ནག་ནང་ལོ་ཉི་ཤུར་ཚོང་གཉེར་བྱས་མཐར་རྒྱུ་སྟོབས་ཆེན་པོ་ཆགས་པ་དང་ཆབས་ཅིག ཚོང་ཟོག་རྒྱུ་སྤུས་ཇེ་ཞན་ཇེེ་སྡུག་སུ་ཕྱིན་སྟེ། ཕྱི་ལོ་༢༠༡༤ ཟླ་༡༠ནང་ཐའེ་ཝན་ནས་ཏིན་ཞིན་གྱིས་ལས་སྣོན་བྱས་པའི་སྟབས་བདེ་ཐུག་པ་སྣུམ་སྙིགས་ཙེར་བཙག་ནས་བཙོ་བཞིན་པ་ཤེས་རྟོགས་བྱུང་རྗེས། ཐའེ་ཐན་གྱི་སློབ་གྲྭ་ཁག་གཙོས་ཁྱོན་ཡོང་ནས་ཏིན་ཞིན་ཚོང་ཚོགས་ཀྱིས་ལས་སྣོན་བྱས་པའི་བཟའ་བཅོས་རིགས་གཏན་འགོག་བྱས་ཡོད།
༣ “中共和达赖喇嘛谈判”རྒྱ་གཞུང་དང་ཏཱ་ལའི་བླ་མའི་བར་གྱི་གྲོས་མོལ་འདི་བརྒྱུད: གྲོས་ཐག་མ་ཆོད་པར་ལྷགས་པའི་གནད་གཙོ་བོ་གང་ཡིན་མིན་ནི། གྲོལ་མོལ་ཡོང་མིན་ལས་ཀྱང་གནད་འགག་ཆགས་ཡོད། རྒྱ་མིས་ཏཱ་ལའི་བླ་མ་དང་ང་ཚོའི་བར་གྱི་སྐད་ཆ་”ཏཱ་ལའི་གནད་དོན་རྐྱང་བ་དང་། དེ་ལས་མང་ན་ཁོ་པའི་ཉེ་འཁོར་གྱི་མི་ཁ་ཤས་ཤིག་གི་མདུན་ལམ་གོ་སྒྲིག་ཆེད་ཡིན་པ་” ཐ་ཚིག་བསྒྲགས་ཡོད། དེ་བཞིན་གནད་དོན་དེའི་ཐད་སྐུའི་གཅེན་པོ་རྒྱ་ལོ་དོན་གྲུབ་བརྒྱུད་༢༠༠༢ ལོར་པེ་ཅིན་དང་རྡ་སའི་འབྲེལ་ལམ་བསྐྱར་མཐུད་བྱུང་རྗེས། ཁོས་”ངས་ད་ཐེངས་སྐུ་ཚབ་རྒྱ་རི་སྤྲུལ་སྐུ་དང་བཀའ་ཁྲི་ཟམ་གདོང་སོགས་ལ། ད་ཁྱེད་ཅག་ཕར་སོང་ནས་བོད་དོན་ཟེར་བ་ཉ་ཉོག་མང་པོ་མ་བཤད། རྒྱལ་བ་རིན་པོ་ཆེ་ཕྱིར་ཕེབས་རྒྱུ་ཁོ་ནས་ཐོག་སྐད་ཆ་ཤོད་ཞེས་མངག་ཆ་བྱས་ཡོད་” བརྗོད་སྐོར་དེ་དུས་བརྒྱུད་ལམ་ཁག་ལ་ཐོན་ཡོད། ཡང་འབྲེལ་ལམ་དེའི་རྗེས་སུ་བོད་མིའི་སྒྲིག་འཛུགས་ངོས་ནས་གོང་ས་མཆོག་གི་མཚན་གནས་རྗེས་འབྲེལ་གྱིས་པེ་ཅིན་ལ་གྲོས་མགོ་འདོན་བཞིན་པ་ནི། ཏཱ་ལའི་དང་ཡུལ་གྱར་གཞུང་གིས་(བོད་གཞུང་གི་མིང་ཙམ་ཡང་ལྷགས་མི་འཇུག་རྒྱུ། བཅའ་ཁྲིམས་ནང་གི་བོད་རྒྱལ་ཁབ་དང་བོད་གཞུང་རྩ་བ་ནས་བསུབས་རྒྱུ་རྒྱུ། ཏཱ་ལའི་བླ་མའི་ཤུགས་རྐྱེན་སྤྱད་ནས་རང་བཙན་པ་ཚོར་དངོས་ཤུགས་བརྒྱུད་གསུམ་ནས་འབུར་འཇོམ་གཏོང་རྒྱུ། ད་དུང་མདོ་སྨད་ཧྲིལ་བོ་དང་། འབྲི་ཆུའི་བཅད་པའི་ཁམས་ཕྱོགས་བཅས་ལོ་རྒྱུས་ཐོག་(རྒྱ་སྡེ་)ཡིན་རབ་རང་ངོས་ནས་དང་བླངས་ཐོག་དྲིལ་བསྒྲགས་རྒྱུ) སོགས་གྱི་སྔོན་འགྲོའི་ཆ་རྐྱེན་གང་དང་གང་ཁས་ལེན་བྱས་རྗེས། རྒྱ་ནག་ནང་གོང་ས་མཆོག་གནས་གཟིགས་ཙམ་ལ་ཕེབས་འཇུག་མིན་སྐོར་དང་། དེ་ཡི་ཞོར་ནས་དགའ་ལྡན་ཕོ་བྲང་བ་ཚང་གི་སྐུ་འཁོར་ནང་མ་ཚོའི་མདུན་ལམ་ཐོག་གྲོས་ཁ་མ་འཆམས་པར་ཡོད་ན་གང་ཤེས། མ་གཏོགས་གྲོལ་མོལ་འདིའི་ནང་བོད་ཀྱི་རྩ་དོན་དང་འབྲེལ་བའི་སྐད་ཆ་ཞིག་ཕར་ཟད། ཐ་ན་བོད་ལ་རང་དབང་དང་མང་གཙོ་དགོས་པའི་རེ་འདུན་ཙམ་ཡང་བཤད་ཐུབ་མེད།
༤ “占中事件” ཁྲོམ་དཀྱིལ་རྒོལ་འཛིན་དོན་རྐྱེན: ཕྱི་ལོ་༢༠༡༡ ལ་ཨ་རིར་ཁེ་དཔོན་དབང་གྲགས་ཅན་ཚོས་མང་ཚོགས་ཀྱི་ཟ་སྒོ་ཚང་མ་ཧམ་འཕྲོག་བྱས་པར་ངོ་རྒོལ་ཆེད། མང་ཚོགས་ཀྱིས་ཨ་རིའི་ཉིའུ་ཡོག་གི་མ་རྐང་ཚོང་རའི་མཐའ་བསྐོར་ཏེ་ (Occupy Wall Street) ཟེར་བའི་འབོད་ཚིག་འོག ལས་འགུལ་ཆེན་པོ་ཞིག་བྱུང་། ཧོང་ཀོང་ནས་དེར་མིག་དཔེ་བླངས་སྟེ་”ཁྲོམ་དཀྱིལ་རྒོལ་འཛིན་”གྱི་ལས་འགུལ་བསླངས་བར་བཤད། ལས་འགུལ་དེས་རྒྱུ་རྐྱེན་གཙོ་བོ་པེ་ཅན་ནས་ཧོང་ཀོང་གི་སྲིད་སྐྱོང་མི་མང་གིས་ཐད་གར་འདེམས་རྒྱུར་འགོག་རྐྱེན་་བཟོས་པ་དང་། <<ཧོང་ཀོང་གནས་བབ་སྐོར་གྱི་རྒྱབ་ཤ་དཀར་པོའི་དེབ>>ཟེར་བ་བཏོན་ནས། ཧོང་ཀོང་རྩིས་ལེན་སྐབས་དབྱིན་གཞུང་དང་རྒྱ་ནག་བར་བཞག་པའི་མཉམ་འབྲེལ་གསལ་བསྒྲགས་དང་། རྒྱ་གཞུང་རང་ནས་ཁས་ལེན་བྱས་པའི་”རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཟེར་བ་སོགས་ཀྱི་ཁ་དན་ལ་མ་གནས་པར་བརྟེན། ཕྱི་ལོ༢༠༡༤ཟླ་༩ཚེས༢༨ ཉིན་སློབ་མའི་འགོ་ཁྲིད་དེ་”ཉི་གདུགས་གསར་བརྗེ་” བྱུང་བའི་ཚབ་མཚོན་གྱི་མིང་ལ(占中) ཟེར། ལས་འགུལ་དེར་ཧོང་ཀོང་ས་གནས་དབང་འཛིན་པ་དང་། པེ་ཅིན་གཞུང་ངན་འབྲེལ་གྱིས་བཙན་ཤེད་ཐོག་མཚམས་འཇོག་དགོས་བྱུང་།
༥ “南蒙古”ལྷོ་སོག: ཁ་ཉིན་ང་རང་ཨ་རིར་ཡོད་སྐབས་སྐུ་ཞབས་སུའུ་ཞའོ་ཁང་གི་གཟིམ་ཤག་ལ་བཅར་ནས། ཉིན་གང་ལ་ལས་དོན་སྣ་ཚོགས་ཐོག་བཀའ་མོལ་བྱུང་། ཞོར་ནས་རྩོམ་ཡིག་འདི་བོད་བསྒྱུར་ཐད་ཀྱང་དགོངས་སྐོར་ཞུས། སྐབས་དེར་ལྕམ་རོལ་སི་ཐང་(Rose Tang) ལགས་ཀྱིས་ལྷོ་སོག་ཀྱང་མཐའ་བཞིའི་མཐུན་ཕྱོགས་ནང་བཅུག་ན་ཞེས་བཀའ་འདྲི་གནང་བར། རྩོམ་པ་པོས་དེ་མུར་ཞལ་བཞེས་གནང་ནས་”ཡིན་དང་ཡིན། བོད་འགྱུར་ནང་ལྷོ་སོག་ཀྱང་བཅུག་ཆོག ངས་འདིར་ལྷོ་སོག་མ་དྲངས་བ་ནི། ཕྱི་ལོག་ན་ལྷོ་སོག་གི་སྟོབས་ཤུགས་འདེངས་ངེས་ཞིག་མེད་ཙང་ཡིན་”གསུང་། དེ་བས་ཕྲན་གྱིས་ལྷོ་སོག་ཀྱང་ཁ་གསབ་བྱས་ཡོད།
རྩོམ་པ་པོའི་ལོ་རྒྱུས: [ སྐུ་ཞབས་སུའུ་ཞའོ་ཀང་(苏晓康)ལགས་ནི་(༡༩༤༩)ལོར་རྒྱ་ནག་ཧང་ཀྲུག་ནས་འཁྲུངས། ཁོང་ནི་རྒྱ་ནག་གི་སྙན་གྲགས་ཅན་གྱི་རྩོམ་པ་པོ་དང་། གསར་འགོད་པ། གཞུང་དང་བསམ་སྤྱོད་ཐ་དད་ཅན་བཅས་ཡིན། ལོ་རབས་བརྒྱད་བཅུ་བར་རྒྱ་ནག་གི་སྙན་ཞུའི་རྩོམ་ཡིག་འབྲི་མཁན་གྱི་ཚབ་མཚོན་མི་སྣ་ཡིན་པ་དང་། སྐབས་དེར་ཁོང་གིས་རྩོམ་སྒྲིག་གནང་བའི་<<ཆག་གྲུམ་ཤོར་བའི་གཙང་བོ>> (河残)ཞེས་བའི་དངོས་བྱུང་གློག་བརྙན་དེ་བཞིན། རྒྱ་མི་རིགས་ཀྱི་འགྲོ་འདུག་སྤྱོད་གསུམ་གཞིར་བཟུང་ཏེ། དཔལ་ཡོན་བསྐྱར་ཞིབ་ཀྱི་རྣམ་པ་ཅན་ཞིག་ཡིན། གློག་བརྙན་དེ་དང་འབྲེལ་ནས་སྐུ་ཞབས་སུའུ་ཞའོ་ཀང་གི་སྙན་གྲགས་རྒྱ་ནང་ཙམ་མ་ཟད་རྒྱལ་སྤྱིར་ཁྱབ། གཞན་ཡང་གློག་བརྙན་དེ་ནི་གྱ་དགུ་ལོའི་སློབ་མའི་འོས་ལངས་ཀྱི་བསམ་བློའི་རྒྱབ་ལྗོངས་ཡིན་པར་བསྙད་ནས། རྒྱ་གཞུང་གིས་གློག་བརྙན་གཏན་འགོག་བྱས་དང་ཆབས་ཅིག སྐུ་ཞབས་ཁོང་ཡང་བསྡོད་བཟོད་མེད་པར་གྱུར་ནས་མཐར་ཨ་རིར་བཙན་བྱོལ་དུ་ཕེབས། ཕྱིས་སུ་ཁོང་གིས་རྒྱ་ནག་དམངས་གཙོའི་འཐབ་ཕྱོགས་ཞེས་པའི་ཁེ་འཛིན་པ་དང་། <<རྒྱ་ནག་དམངས་གཙོ>>དུས་དེབ་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་བཅས་གནང་། ནམ་ཞག་ཁོང་གིས་བོད་དོན་དང་འབྲེལ་བའི་དཔྱད་གླེང་དང་རྩོམ་ཡིག་གང་མང་སྤེལ་གནང་ཡོད་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ ]
རྒྱ་དེའི་རྩོམ་ཡིག་གི་བརྗོད་བྱ་དང་ཅོ་རིའི་བསམ་ཚུལ་གཉིས་མཐུན་པའི་ཆ་མང་པོ་འདུག མཐའ་བཞིའི་རྒོལ་སྲུང་ཕྱོགས་མཐུན་ཟེར་བ་འདིའི་ཐོག་ཏུ་་་ཁྱི་ཧན་ན་ཟེར་བ་དེའི་རི་དྭགས་བརྒྱབ་སྟངས་ལ་དཔེར་བཞག་ནས་སྔོན་མར་ཐེངས་གཅིག་བཤད་མྱངས་ཡོད།
བོད་དང་ཡུར་ཧོར། ཐད་ཝན་དང་ཧོང་ཀོང་བཞི་པོ་སྟག་མོ་གུན་ཁྲན་ཏང་གི་ཁ་གཏད་དུ་ཁྱི་ཧན་ན་ལྟ་བུ་ཡིན། བོད་ཀྱིས་སེང་གེ་ཡིན་མདོག་མདོག་བྱས་བསྡད་པ་འདི་དངོས་ཡོད་དང་མི་མཐུན་པ་བྱེད་སྟངས་ཤིག་ཡིན། མི་རིགས་བཞི་པོ་འདི་དག་གིས་ཁྱི་ཧན་ན་ཡིས་རི་དྭགས་བརྒྱབ་པ་ལྟར་སྟག་མོ་གུན་ཁྲན་ཏང་ལ་འཐབ་ན་གྲུབ་འབྲས་ཡག་པོ་འཐོབ་ངེས་ཡིན།
དཔའ་ཁེ་རྒྱུགས་བྱེད་ན་སྟག་མོས་མཆེ་བའི་ཁ་ནས་སྲོག་ཤོར་གྱི་ལས་མེད། མི་རིགས་བཞི་པོས་མཉམ་དུ་རུབ་རྒྱབ་ན་སྟག་མོ་དཀའ་ལས་ཁག་བཟོ་ཐུབ་པ་མ་ཟད་་་རྒྱལ་ཁ་ཁྱི་ཧན་ན་བཞི་པོ་ལ་འཐོབ་ཐུབ། ཨ་ཧྥི་རི་ཀའི་ཡུལ་དུ་ཁྱི་ཧན་ན་ཡིས་སེང་གེ་དང་འཐབ་རྩོད་བྱེད་དུས་ཧང་སང་ཡ་ཡི་ལྟད་མོ་ཆེན་པོ་ཡོད། ཁྱི་ཧན་ན་ལ་མཉམ་རུབ་ཀྱི་འཐབ་རྩལ་ཧང་ཅང་ཡག་པོ་ཡོད། མི་རིགས་བཞི་པོས་ཁྱི་ཧན་ན་ཡི་རིག་གནས་དང་འཐབ་ཇུས་ཙམ་ཤེས་ཀྱི་མེད་ལ་ལག་ལེན་ཡང་མེད།་་་་ཧཧ
རྒྱ་རོ་དེའི་རྩོམ་ཡིག་རིང་ནས་ཆ་ཚང་ཀློག་ཐུབ་མ་སོང་།
རྒྱ་ཡི་རྩོམ་དང་རྒྱ་ཡི་སྲིད་བྱུས་སོགས།
ནག་པོའི་དུག་གི་ཆབ་སྲིད་ངོ་མ་རེད་།
རྒྱ་རོ་མཐོང་བ་ཙམ་གྱི་ང་ནི་ཁོང་ཁྲོོ་ཆེན་པོ་ལངས་།
རྒྱ་ཡིག་ལ་མཁས་པའི་བོད་པ་ཚོ་རྒྱ་ཡུལ་ལ་ཕེབས་ན་དགའ་ལེ་།
དགྲ་གི་སྐད་ཡིག་བོད་མིར་འགྲོ་དོན་མེད་།
དེ་བས་རྒྱ་ཡུལ་ལོག་ན་རྒྱ་ཁྱིའི་ལས་དཀའ་རག་ཡོང་།
ཇུས་ཏོག་ལགས། རྩོམ་འདི་འདྲའི་རིང་བོ་ཞིག་བསྒྱུར་བ་ལ་དཀའ་ལས་ག་ཚོད་ཡོད་པ་རེད། ཉི་མ་དང་དུས་ཚོད་ག་ཚད་བཏང་ཡོད་རྒྱུ་རེད། དེང་སང་བོད་མི་མང་བོས་བོད་ཡིག་འདི་སྐད་རིགས་གཞན་གྱི་ནང་དུ་བསྒྱུར་བ་ལས་སོ་སོའི་བོད་སྐད་ནང་ལ་བསྒྱུར་བ་ཆེས་ཉུང་ཉུང་མ་རེད་དམ། འདི་འདྲ་ཡིན་སྟབས། ང་ཚོས་ཁོང་ལ་ཐུགས་རྗེ་ཆེ་ཞུ་དགོས་པ་མ་རེད་དམ།
ཕ་བསད་དགྲ་ལ་ལེགས་སྐྱེས་འབུལ་མཁན་དང་།
ས་ཡ་གཉིས་ཀྱི་ཤ་ལན་མི་རྩོད་མཁན་།
དེ་འདྲ་མི་ལ་གལ་ཚིག་མེད་པའི་བརྟགས་།
དེ་འདྲའི་མི་ལ་ཁྲག་རྩ་མེད་པའི་བརྟགས་།
དགྲ་ལ་ཐུགས་རྗེ་ལེགས་འབུལ་ཕུལ་རོགས་གནང་།
དགོན་པ་དྲུག་སྟོང་རྩ་མེད་བཏང་།
ས་ཡ་གཉིས་འཆི་ལམ་འཁྲིད་།
ད་དུང་ཐུག་རྗེ་ཆེ་ཞུས་།ཧ་ཧ་
རྒྱ་ཞིག་གི་རྩོམ་ཞིག་བསྒྱུར་བ་ཐུགས་རྗེ་ཆེ་ཞུ་དགོས་པ་གང་ཡང་མ་མཐོང་ཧ་ལས་རྒྱུ་གང་ཡང་མེད་ཤེས་སོང་ངམ་?
ཨུ་ཧུ་ཧུ། མཆན་པའི་ནང་གི་ཀླད་ཆུང་མཁྲེགས་འཛིན་ཨུ་ཚུགས་ཅན་ལ་ལྟོས་དང་། གཡག་རྭའི་ཕུག་ཏུ་འཛུལ་ནས་འདུག
མ་གཞི་རྒྱ་ཡིག་བོད་སྐད་ནང་བསྒྱུར་ན་མི་དགའ་མཁན་ཡོད་ཆོག་གི་རེད་བསམ། འོན་ཀྱང་། རྒྱ་ཡིག་མ་ཤེས་པའི་ཉེར་ལེན་གྱིས་རྒྱ་ནག་གི་གནས་ཚུལ་ཧ་གོ་གི་མེད་པས། ཉེ་སྔོན་རྒྱལ་བ་རིན་པོ་ཆེ་མཆོག་ལའང་ཞིས་ཅིན་ཕེན་གྱི་སྐུ་ཚབ་ཡིན་ཟེར་མཁན་ཞིག་གིས་མགོ་བསྐོར་བཏང་བ་གསར་ལམ་དུ་ཐོན་པ་མ་རེད་དམ། དེ་ནི་ཧ་ཅང་གི་གནད་དོན་ཚབས་ཆེན་ཞིག་རེད། རྒྱལ་བ་རིན་པོ་ཆེ་མཆོག་ཀྱང་མགོ་བསྐོར་འོག་ཚུད་ཀྱི་ཡོད་དུས། བཙན་བྱོལ་བ་གཞན་དག་ནི་བཤད་མ་དགོས་པ་ཞིག་རེད་འདོད། དེ་བས། གནད་དོན་འདི་དག་སེལ་ཐབས་ནི་ཞེ་སྡང་ངམ་ངོ་སོ་སྲུང་རྒྱུ་དེ་མ་ཡིན་པར་ཐབས་བརྒྱ་ཇུས་སྟོང་གིས་རྒྱ་ནག་ཤེས་པར་བྱེད་པ་དང་། ལོ་རྒྱུས་ངོ་མའི་རིགས་ལ་རྒྱུས་ལོན་དང་ཕན་ཚུན་བར་ཤོད་རེས་བྱེད་རྒྱུ་དེའོ།