༢༠༠༨ ལོའི་ཟླ་བ་ ༧ ཚེས་ ༢༤ ཉིན་ཨ་རིའི་ཝེ་སི་ཀོན་སིན་མངའ་སྡེའི་གྲོང་ཁྱེར་མེ་ཌི་སོན་དུ་བྱང་ཨ་རིའི་བོད་རིགས་ཚོས་༧རྒྱལ་བ་རིན་པོ་ཆེར་བརྟན་བཞུགས་ཕུལ་པ་རེད། སྐབས་དེའི་མཐོང་ཐོས་ཁག་གཅིག་འདིར་ཞུ་གི་ཡིན།
༡ བརྟན་བཞུགས་སྐབས་སུ་༧རྒྱལ་བ་རིན་པོ་ཆེས་མཛད་བྲེལ་ཇི་ཙམ་ཆེ་ན་ཡང་གཟུགས་པོར་ཐང་ཆད་པ་དེ་འདྲ་མི་ཡོང་བ་སོགས་གསུངས་ནས་ སྐུ་ཚེ་ཡུན་དུ་བརྟན་པའི་ཞལ་བཞེས་གནང་བྱུང་།
༢ ༧རྒྱལ་བ་རིན་པོ་ཆེས་བོད་པ་རྣམས་ཀྱིས་མི་རིགས་ཀྱི་ལར་ཞེན་རྒྱུན་འཛིན་བྱེད་གལ་ཆེན་པོ་རེད་ཅེས་གསུངས་ནས་རང་ཉིད་བོད་པ་ཞིག་ཡིན་པ་ལ་སྤོབས་པ་བྱེད་དགོས་གསུངས་སོང་།
༣ བཀའ་བློན་ཁྲི་པས་བོད་རྒྱ་འབྲེལ་མོལ་གྱི་སྐོར་ལ་གཏམ་བཤད་རྒྱས་པ་ཞིག་གནང་སོང་། འབྲེལ་མོལ་ཐེངས་བདུན་བྱུང་བའི་སྐབས་སུ་བོད་མི་ས་ཡ་དྲུག་གི་བདེ་སྡུག་ལས་༧རྒྱལ་བ་རིན་པོ་ཆེ་སྐུ་སྒེར་གྱི་གནད་དོན་ཚིག་གཅིག་ཀྱང་ཕར་བཤད་མ་མྱོང་ལ་ཚུར་ཉན་པ་ཡང་མེད་གསུངས་སོང་།
༤ བཀའ་བློན་ཁྲི་པས་ལོ་འདིའི་ནང་བོད་ནང་དུ་ཚེ་སྲོག་ཤོར་མཁན་གྱི་དཔའ་བོ་དང་དཔའ་མོ་རྣམས་ཀྱི་ཁྲག་གི་ཐིགས་པ་རེ་རེ་ཚུན་ནས་འཕྲོ་བརླག་ལ་འགྲོ་གི་མ་རེད་ཅེས་ཁས་ལེན་བྱས་བྱུང་།
༥ བོད་གཞུང་གིས་རྒྱ་ནག་གཞུང་ལ་མཚམས་འཇོག་གསུམ་ལག་བསྟར་བྱེད་དགོས་ཞེས་བཤད་ཡོད་གསུངས་སོང་ལ། མཚམས་འཇོག་གསུམ་ནི་བོད་ནང་དུ་དྲག་གནོན་མཚམས་འཇོག རྒྱལ་བ་རིན་པོ་ཆེར་མཚན་སྨད་མཚམས་འཇོག བོད་ཀྱི་ཁོར་ཡུག་ལ་གཏོར་བརླག་གཏོང་བ་མཚམས་འཇོག་བཅས་ཡིན་གསུངས།
༦ བོད་རྒྱའི་འབྲེལ་མོལ་ནང་གི་འགག་ས་ཆེན་པོ་གཉིས་ཡོད་པ་དེ་ནི། བོད་ཀྱི་ལོ་རྒྱུས་ཀྱི་གནད་དོན་དང་། བོད་རིགས་ས་ཁུལ་ཡོངས་རྫོགས་གཅིག་སྒྲིལ་གྱི་གནད་དོན་དེ་གཉིས་ཡིན་གསུངས་སོང་།
དཔེ་ཡག་པོ་བྱུང་བཞག རྒྱལ་དབང་ཁོང་གི་སྐུ་ཚེ་ལ་བར་ཆད་མ་བྱུང་བ་ཞིག་བྱུང་ན་ང་ཚོར་སྐྱིད་པའི་ཉི་མ་ལོས་ཤར། སྔོན་མ་པཎ་ཆེན་རིན་པོ་ཆེས། རྒྱལ་བ་རིན་པོ་ཆེར་སྐུ་ཚེ་རིང་པོ་ཞུགས་དགོས་པ་དང་། ཁོང་སྐུ་ཚེ་རིང་པོ་ཞུགས་ཐུབ་ན་བོད་མི་དམངས་ཀྱི་རེ་འདོད་སྒྲུབ་པར་ཡུན་མི་རིང་གསུངས་ནས་པེ་ཅིང་ནས་བརྟན་ཞུགས་ཕུལ་བ་རེད་ཅེས་པན་ཆེན་རིན་པོ་ཆེའི་ནང་མ་སྒར་གྱི་ཞབས་ཕྱི་ཚོས་གསུངས་བ་ཐོས་བྱུང་།
བྱང་ཨ་རིའི་བོད་མི་ཚོས་༧གོང་ས་མཆོག་ལ་བརྟན་བཞུགས་ཕུལ་བའི་གནས་ཚུལ་རྣམས་དྲ་རྒྱ་དང་བརྙན་འཕྲིན། ཚགས་པར་སོགས་ནས་མཐོང་ཐོས་བྱུང༌། མགོན་པ་གང་གི་སྐུ་ཚེ་བརྟན་ན་ཇི་འདྲའི་དགའ་བ་ལ། ཇི་འདྲའི་སྐྱིད་པ་ལ། ལྷག་པར་དུ་བོད་ནང་གི་བོད་མི་ཚོས་མགོན་པོ་གང་གི་གསེར་ཞལ་མཇལ་ཐུབ་ན་བསམ་བའི་སྨོན་ལམ་ཞིག་ང་ལ་རྟག་ཏུ་ཡོད།
འོན་ཀྱང༌། ང་ལ་སེམས་ཁྲལ་གཞན་ཞིག་ཡོད། དེ་ནི་བོད་པ་རྣམས་ཀྱིས་སྒོ་གསུམ་གྱི་ངོས་ནས་༧གོང་ས་མཆོག་ལ་བཀུར་བསྟི་བྱེད་སྟངས་དང་མགོན་པོ་གང་གི་གསུངས་རྣམས་ལག་ལེན་ལ་འདེབས་སྟངས་ཀྱི་མཚམས་དེ་རེད། བོད་པ་རྣམས་ལ་བག་ཆགས་རྙིང་པ་ཞིག་ཡོད༌། དེ་ནི་རང་གི་ལས་ཀ་ཚང་མ་རྒྱལ་བ་རིན་པོ་ཆེའི་སྒང་ལ་གཡུགས་རྒྱུ་དེ་རེད། གཞན་ད་དུང་རྒྱལ་བ་རིན་པོ་ཆེ་བརྟན་བཞུགས་ཐུབ་ན། བཙན་བྱོལ་གྱི་ལས་ཀྱི་སྣེ་མོ་བ་མང་པོ་ཞིག་ལ་རང་གི་སྒེར་དོན་སྒྲུབ་སའི་ཁྲོམ་ར་ཆེན་པོ་ཡོད། ད་དུང་ཁ་ཤས་ཀྱི་ཁྲོམ་རའི་ཚོང་རྫས་ཡང་རྒྱལ་བ་རིན་པོ་ཆེ་ཡིན།