ཨ་འདུས་མིག་ཆུ།
-རྒྱུན་མཐུད་སྙན་ངག་རིང་མོ།
སྐུ་དྲག་རིང་ལུགས་མེ་ལྕེ་བཞིན་དུ་ཤུགས་ཀྱིས་འབར་བའི་དུས་སྐབས་སུ།།
གངས་ཅན་འགྲོ་རྣམས་གདུང་ཡོས་དྲག་པོའི་ལུས་སེམས་མ་ལུས་རྒུད་སྐབས་སུ།།
རྒྱ་དམར་ཁྱི་དམག་རླུང་ཡན་བཞིན་དུ་ཕྱོགས་སུ་མཆེད་ནས་ཡོང་སྐབས་སུ།།
གངས་ཅན་པ་རྣམས་ཉམ་ཆུང་བདག་མེད་ཁེར་རྐྱང་གྱུར་བའི་དུས་སྐབས་སུ།།
སྐུ་དྲག་རྣམས་ནི་གནམ་ལ་འཕུར་ཞིང་ས་ལ་འཛུལ་ལ་ཉེ་བའི་ཚེ།།
བརླ་བཙོང་བ་རྣམས་ལྕེ་རྩེ་དྲུད་ནས་རྒྱ་རྐུབ་ལྡག་ལ་བརྩོན་པའི་ཚེ།།
བོད་མིའི་ཆོས་སྲིད་གསེར་གྱི་འཁོར་ལོ་སྣུམ་ཟད་མར་མེར་གྱུར་བའི་ཚེ།།
གངས་ཅན་འགྲོ་རྣམས་ཐང་ལ་སྟོར་བའི་བྱིའུ་ཕྲུག་སྣང་བཞིན་གྱུར་བའི་ཚེ།།
རིག་གནས་བཅུ་ཡི་དབུགས་རྒྱུན་གཅོད་ལ་གང་སར་འབད་པའི་བྲེལ་བ་ན།།
སྐད་ཡིག་ཚེ་སྲོག་རྩད་ནས་གཏུབ་ལ་བརྩོན་པའི་ངལ་བ་བརྟེན་པ་ན།།
མི་རིགས་ངོ་བོ་ཡོངས་སུ་བརླགས་པའི་སྲིད་ཇུས་ཆེན་མོ་གདིང་བ་ན།།
ཉམ་ཆུང་འབངས་མིའི་རླབས་ཆེན་ཚེ་སྲོག་མཚོན་རྩེ་རྣོན་པོར་རྒྱུ་བ་ན།།
བོད་ཀྱི་ལོ་རྒྱུས་མུན་ནག་མུན་པར་བསྒྱུར་བའི་ལས་ལ་བརྩོན་པའི་ཚེ།།
བོད་ཀྱི་རིག་གནས་མཁོ་མེད་གད་སྙིགས་གཙོག་པའི་གྲས་ལ་གཡུཊ་པའི་ཚེ།།
བོད་ཀྱི་མི་རྣམས་ཀླ་ཀློའི་ལྐུགས་པར་སྒྲོག་ལ་ཐེ་ཚོམ་མེད་པའི་ཚེ།།
བོད་ཀྱི་ས་ལ་མི་ཞིག་མེད་པར་བསྒྲུབ་ལ་བརྩོན་བསྐྱེད་བྱེད་པའི་ཚེ།།
བོད་རྣམས་བྲོས་ནས་སྡོད་ཁང་དང་ནི་ཉལ་ཁང་གང་ཡང་མེད་སྐབས་སུ།།
བོད་རྣམས་བྲོས་ནས་བཟའ་བ་དང་ནི་བཏུང་བ་ཀུན་ཀྱང་མེད་སྐབས་སུ།།
བོད་རྣམས་བྲོས་ནས་ཕ་མ་དང་ནི་གཉེན་བཤེས་གཏན་ནས་མེད་སྐབས་སུ།།
བོད་རྣམས་བྲོས་ནས་སྐྱབས་ཡུལ་དང་ནི་དཔུང་གཉེན་ཁྱོན་ནས་མེད་སྐབས་སུ།།
བོད་པ་རྣམས་ནི་ཁ་བྲལ་བཏང་བས་ཕ་མར་འཕྲད་རྒྱུ་དབེན་དུས་སུ།།
བོད་པ་རྣམས་ནི་ས་མཐར་སླེབས་པས་སྐྱག་པ་ཤོར་ཤོར་མྱོང་དུས་སུ།།
བོད་པ་རྣམས་ནི་རིག་གནས་མེད་པས་ཀླ་ཀློ་ངོ་མར་བརྩི་དུས་སུ།།
བོད་པ་རྣམས་ནི་གང་ཡང་མེད་པས་སྤྲང་པོ་སྤྲང་ནག་ཡིན་དུས་སུ།།
བོད་པ་དག་ནི་གྲང་བའི་སྐབས་སུ་ཉི་མའི་ཟོལ་གྱིས་ཕེབས་མཁན་སུ།།
བོད་པ་དག་ནི་ཚ་བའི་སྐབས་སུ་ཟླ་བའི་དཔལ་ལྟར་འཆར་མཁན་སུ།།
བོད་པ་དག་ནི་ལྟོགས་པའི་སྐབས་སུ་ཟས་ཀྱི་བཅུད་ལྟར་སྐྱོང་མཁན་སུ།།
བོད་པ་དག་ནི་ན་བའི་སྐབས་སུ་ལྷ་རྗེ་བཞིན་དུ་ལྟ་མཁན་སུ།།
བོད་པའི་རིག་གནས་ཉམས་ལ་ཉེ་དུས་མཁའ་ལ་བསྒྲེངས་པའི་དེད་དཔོན་དང་།།
བོད་ཀྱི་མི་རིགས་གཉའ་ནས་གནོན་དུས་འདབ་ནས་སྐྱོང་བའི་དཔུང་གཉེན་དང་།།
བོད་ཀྱི་ཆབ་སྲིད་ས་ལ་གཡུགས་དུས་ཕྱག་ཏུ་བསྣབས་པའི་དཀོན་མཆོག་དང་།།
བོད་ཀྱི་སྐུ་དྲག་ངོ་ལོག་བྱེད་དུས་འབངས་རྣམས་སྐྱོབས་པའི་བླ་མ་དང་།།
ཕྱག་ན་པདྨོ་གང་ཉིད་མིན་ན་བོད་ཀྱི་རིག་གནས་སུ་ཡིས་སྐྱོབས།།
བསྟན་འཛིན་རྒྱ་མཚོའི་མཛད་བཟང་མེད་ན་བོད་ཀྱི་མིང་ཡིག་གང་ལ་གསལ།།
རྒྱལ་བ་མཆོག་གི་ཐུགས་བརྩེ་བྲལ་ན་བོད་ལ་བདེ་སྐྱིད་གང་ནས་འབྱུང་།།
གང་ཡང་མེད་ལ་ཇི་ཡང་མེད་དུས་ལྷ་མོ་དོན་གྲུབ་འབད་པ་ཉིད།།
ལྷ་མོ་དོན་གྲུབ་ཆུང་བའི་སྐབས་སུ་བོད་ཀྱི་སྲིད་དབང་བདག་གིར་བཞེས།།
གཡས་ནས་སྐྱོར་མཁན་ཤིན་ཏུ་ཉུང་ཡང་གཡོན་ནས་འཐེན་མཁན་མང་པའི་དུས།།
བཅུ་དྲུག་བྱིས་པའི་གཡའ་ཡང་མ་དག་༸རྒྱལ་མཆོག་བླ་མ་གང་ཉིད་ཀྱིས།།
ཆོས་དང་སྲིད་ཀྱི་ཆག་ཀྲུམ་ཤོར་བའི་ལྷུ་ལག་བསྒྲིགས་པ་མ་ཡིན་ནམ།།
མི་ཡུལ་བྱོལ་དུས་ཟས་མེད་གོས་མེད་གང་ཡང་མེད་པའི་བོད་སྤྲང་དག།
ང་ཡིས་སྐྱོབས་ཞེས་དང་དུ་ལེན་མཁན་ནམ་མཁའི་པདྨོར་གྱུར་བའི་དུས།།
ཕྱག་ཟུང་སྙིམ་པར་སྦྱོར་བཞིན་སྦྱོར་བཞིན་དབུ་ཡང་ནང་དུ་སྒུར་བའི་ངང་།།
མི་ཆེན་དཔོན་ཆེན་སྒོ་དྲིལ་རྡུངས་ནས་ཟས་ཀྱི་མཁོ་དགུ་སློང་ལ་བྲེལ།།
ཡར་ལ་བལྟས་ན་ནམ་མཁའ་མ་གཏོགས་ངོ་ཤེས་གང་ཡང་མེད་པའི་དུས།།
མར་ལ་བལྟས་ན་ས་ནག་མ་གཏོགས་རེ་ས་གང་ཡང་མེད་པའི་དུས།།
ཀི་ཞིག་བཏབ་ཀྱང་བྲག་ཅ་མ་གཏོགས་ཨ་ལན་སྟེར་མཁན་མེད་པའི་དུས།།
༸རྒྱལ་མཆོག་འདི་ཡིས་ང་ཚོ་བསྐྱངས་ཤིང་གསོས་པའི་གནས་ལུགས་ཨེ་ཤེས་སམ།།
སྐྱག་པ་ཙམ་ལས་གྲོད་ཁོག་ནང་ལ་ཤེས་བྱ་རིག་གནས་མེད་པའི་དུས།།
ཀླད་ཁྲག་ཙམ་ལས་མགོ་བོའི་ནང་ལ་ཐབས་ཇུས་གང་ཡང་མེད་པའི་དུས།།
ལུས་པོ་ཙམ་ལས་སྙིང་གི་ནང་ལ་བླ་སྲོག་གང་ཡང་མ་ཞུགས་དུས།།
འདི་དག་མ་ལུས་༸རྒྱལ་བ་མཆོག་གིས་ང་ཚོར་བསྩལ་བ་ཤེས་ལགས་སམ།།
ཁྱེད་ཀྱི་དྲིན་ལས་ཤེས་བྱའི་འདབ་གཤོག་ཕྱོགས་སུ་བརྐྱངས་པའི་བྱིའུ་ཕྲུག་འགའ།།
ལྟོ་བ་རྒྱགས་པའི་གནས་ལུགས་མ་ཤེས་ང་རྒྱལ་ཁེངས་པའི་སེམས་པ་ཡིས།།
དྲིན་བྱས་དྲིན་ལན་འཇལ་དུ་མ་ཡོད་མ་ཉེས་ཁ་གཡོགས་དུ་མ་ཡིས།།
སྐུ་ཉིད་བཞུགས་པར་འགྲན་དུ་ཟློ་བའི་དུད་འགྲོ་རེ་འགའ་ཕྱོགས་སུ་འདུར།།
གསེར་གྱི་ཉི་མའི་རང་མདངས་ཤར་དུས་འུག་པའི་ངོ་ལ་མུན་པ་བཞིན།།
ཟླ་འོད་དཀར་པོའི་བསིལ་ཟེར་འཇོ་དུས་ཆུ་སྐྱེས་གདོང་ལ་དུག་མདའ་བཞིན།།
རྒྱལ་བ་ཁྱེད་ཀྱིས་གནས་ལུགས་ཟབ་མོའི་དོན་གྱི་སྦྲང་ཆར་ཕབ་པའི་དུས།།
དཔྱོད་ཤེས་བྲལ་བའི་དམུས་ལོང་འགའ་རེར་སྙིང་ཁམས་སྟོར་བའི་རྐྱེན་དུ་གྱུར།།
མར་ཁུ་བླུགས་ན་དུག་ཏུ་འདོད་པའི་ཅོལ་ཆུང་བྱིས་པ་མང་གྱུར་ཞིང་།།
གསེར་ནག་གནང་ན་རྡོ་རུ་འཁྲུལ་བའི་བླུན་པོ་ང་མཁས་མང་བའི་དུས།།
ཕུགས་རྒྱང་རིང་བའི་ཁྱེད་ཀྱི་བཀའ་གསུང་གཞལ་མེད་མུ་ཏིག་རྡོག་པོ་དེ།།
ས་ལ་གཡུགས་ཤིང་བདག་མེད་གྱུར་ན་ཕངས་པའི་རྒྱུ་ལ་གཞལ་མཐའ་བྲལ།།
རྒྱ་ནག་དམར་པོས་སྐྱོན་འདོགས་ཕྱོགས་ལ་འབད་པ་བརྒྱ་ཡིས་བརྩོན་པ་དང་།།
དོལ་ཚོགས་འདྲེ་ཡིས་གང་ཞིག་སྨྲས་ཀྱང་སྐྱོ་དགོས་དེ་འདྲ་མ་མཆིས་མོད།།
ཁྱེད་ལ་དགའ་ཞིང་ཁྱོད་ལ་དུངས་ཞེས་སྨྲ་བར་བྲེལ་བའི་ནེ་ཙོ་ཚོས།།
སྐྱོན་མེད་ཉེས་འདོགས་འབད་པའི་བྲེལ་ན་མིག་ཟུང་མཆི་མ་ཆར་དུ་བསྙིལ།།
བཅུ་དྲུག་དུས་ནས་དཔོན་གྱི་ཐོ་བས་ཁྱེད་ཉིད་ཐང་དུ་སྦྱར་ལ་ཁད།།
ཡུལ་དུ་བྱོལ་དུས་ཕྱོགས་ཞེན་རླུང་གིས་ཁྱེད་ཉིད་གང་སར་འཁྱེར་ལ་ཁད།།
འོན་ཀྱང་ཕྱི་ནང་རླུང་ཡན་མང་པོས་རྒྱལ་མཆོག་ཁྱེད་ལ་གཙེས་གྱུར་ཀྱང་།།
སྐུ་ལ་འགྱུར་མེད་ཐུགས་ལ་དྲི་མེད་རྒྱལ་བ་ཁྱེད་ཉིད་འགུལ་མ་གྱུར།།
མེ་ལྕེའི་ཀློང་ན་ལམ་ལམ་འབར་བའི་ཡིད་གཅེས་དཔའ་བོ་དཔའ་མོ་ཚོས།།
ན་དང་ཚ་བའི་སྐད་ཅོར་མེད་པར་ཁྱེད་ཀྱི་མཚན་ནས་འབོད་བཞིན་འདུག།
སྒོ་མེད་སྒོ་ལྕགས་དམ་པོའི་ནང་གི་རུས་པ་སྲ་བའི་བཙོན་མ་ཚོས།།
ཁྱེད་ཀྱི་མཚན་བཟང་རྨ་འབྱིན་བྱེད་པར་ངོ་རྒོལ་བྱེད་ལ་བྲེལ་བཞིན་འདུག
འདི་དག་ཀུན་གྱི་སེམས་ཀྱི་དབུས་ན་ཁྱོད་ཀྱི་བཀའ་སློབ་འོད་ཅིག་ཡིན།།
འདི་དག་ཀུན་གྱི་རྣ་བའི་ལམ་ན་ཁྱོད་ཀྱི་བཀའ་སློབ་བཅུད་ཅིག་ཡིན།།
འདི་དག་ཀུན་གྱི་སྙིང་གི་དཀྱིལ་ན་ཁྱོད་ཀྱི་བཀའ་སློབ་ལམ་ཞིག་ཡིན།།
འདི་དག་ཀུན་གྱིས་ཁྱོད་ཉིད་སྒུག་ཅིང་ཁྱོད་ཉིད་མཇལ་ལ་རེ་ནས་ཡོད།།
རྒྱལ་མཆོག་ཁྱེད་ཀྱི་ཞལ་གསུང་དྲོད་མོ་མགོ་ནག་མི་ཡི་མིག་ཟུང་ཡིན།།
རྒྱལ་མཆོག་ཁྱེད་ཀྱི་ཐུགས་སེམས་བརྩེ་བ་མགོ་ནག་མི་ཡི་དྲོད་ཁོལ་ཡིན།།
རྒྱལ་མཆོག་ཁྱེད་ཀྱི་འགྱུར་མེད་སྐུ་གཟུགས་མགོ་ནག་མི་ཡི་སེམས་རྟེན་ཡིན།།
སྐུ་ལ་འགྱུར་མེད་གསུང་ལ་འགུག་མེད་འགྲོ་བའི་མགོན་དུ་བཞུགས་ཤུགས་ཀྱེ།།
ཀྱེ་ཀྱེ་ཉམ་ཆུང་བོད་མིའི་མགོན་པོ་ལྷག་པའི་ལྷ་མཆོག་ཡིད་བཞིན་ནོར།།
སྐུ་གཟུགས་ཉི་མའི་རང་མདངས་དེ་ཉིད་ཕ་ཡུལ་ཕྱོགས་ལ་མ་ཤར་ཞིང་།།
གསུང་གི་བདུད་རྩི་བྱིན་རླབས་ཆར་འབེབས་གཞིས་ལུས་མི་ཡིས་མ་མྱངས་པར།།
ཡུན་རུང་བཞུགས་པའི་དགོས་པ་མེད་ཅེས་གཞལ་གསུང་ཙམ་ཡང་མ་མཛོད་ཅིག།
་་་་མུ་འགོད།
དངོས་གནས་དོན་ལ་གནས་པ་ཅིག་བྲིས་འདུག
སྐྱག་པ་ཙམ་ལས་གྲོད་ཁོག་ནང་ལ་ཤེས་བྱ་རིག་གནས་མེད་པའི་དུས།།
ཀླད་ཁྲག་ཙམ་ལས་མགོ་བོའི་ནང་ལ་ཐབས་ཇུས་གང་ཡང་མེད་པའི་དུས།།
ལུས་པོ་ཙམ་ལས་སྙིང་གི་ནང་ལ་བླ་སྲོག་གང་ཡང་མ་ཞུགས་དུས།།
(འདི་དག)་མ་ལུས་༸རྒྱལ་བ་མཆོག་གིས་ང་ཚོར་བསྩལ་བ་ཤེས་ལགས་སམ།།
འདིའི་གོང་གི་ཚིག་བཅད་འདིས་ཆི་ཟིག་འདྲ་ཟིག་ཟེར་གི་ཡོད་ཀི།
དེ་མིན་གཞན་པ་ཚང་མ་ཅིག་སྙན་པ་ལ་ཅིག་ཟིག་མ་རེད།
མུ་འགོད་ཡིན་ན་དགའ་བསུ་ཡོད། ལྟོས་འདུག་གི་ཡིན། ཨ་འདུས་མྱི་ཆུ་ལགས།
ཨ་འདུས་ལག་སུ་ཐུགས་རྗེ་ཆེ་ཞུ།
ཁྱེད་ཀྱི་དྲིན་ལས་ཤེས་བྱའི་འདབ་གཤོག་ཕྱོགས་སུ་བརྐྱངས་པའི་བྱིའུ་ཕྲུག་འགའ།།
ལྟོ་བ་རྒྱགས་པའི་གནས་ལུགས་མ་ཤེས་ང་རྒྱལ་ཁེངས་པའི་སེམས་པ་ཡིས།།
དྲིན་བྱས་དྲིན་ལན་འཇལ་དུ་མ་ཡོད་མ་ཉེས་ཁ་གཡོགས་དུ་མ་ཡིས།།
སྐུ་ཉིད་བཞུགས་པར་འགྲན་དུ་ཟློ་བའི་དུད་འགྲོ་རེ་འགའ་ཕྱོགས་སུ་འདུར།། ཟེར།
ཨ་འདུས་ལགས་ཀྱིས་ངོ་ཚིག་སྙན་ལ་དོན་ཟབ་ཅིང་ཟོལ་གྱིས་མ་བཅིངས་པ་གཅིག་བྲིས་འདུག་པས་ཡི་རངས་ཡོད།
ངོ་ཚིག་ཅེས་པའི་ངོ་དེ་ངོ་མ་ཞེས་བཅོས་རོགས།
དྲ་གྲོགས་ཁྲི་རལ་དང་། གནམ། དབང་ཕྱུག་གསུམ་ཕེབས་ནས་ལྗགས་ཀློག་གནང་བར་བཀའ་དྲིན་ཆེ་ཞུ། ལྷག་པར་གནམ་གྱིས་བཤད་པ་དེ་ནི། བོད་པ་དག་ལ་རིག་གནས་གསར་པ་ཞིག་དང་། ལྟ་ཚུལ་གསར་པ་ཞིག མགོ་དང་། ལུས། སྙིང་གང་དུ་མེད་དུས། སྐྱབས་མགོན་མཆོག་གིས་འབད་འབུངས་ལ་བརྟེན་ནས། བོད་ལ་རིག་གནས་གསར་པ་དང་། ལྟ་ཚུལ་གསར་པ་མང་པོ་ཞིག་བྱུང་བར་མཛད་ཅེས་བརྗོད་འདོད་པ་དེ་ཡིན། བོད་ཀྱི་ལུས་ལ་དེང་དུས་ཀྱི་རིག་གནས་གསར་པའི་སྲོག་ཞུགས་ཞེས་བཤད་འདོད་པ་དེ་ཡིན།
ཁྱེད་ཀྱིས་སྟོན་པའི་དྲུང་དུ་དམ་བཅའ་མཛད། །
ཁྱེད་ཀྱིས་བོད་ཡུལ་དབུས་སུ་སྲོང་བཙན་སྤྲུལ། །
ཁྱེད་ཀྱིས་༸སྐུ་ཕྲེང་ལྔ་པར་བོད་གཞུང་བཙུགས། །
ཁྱེད་ཀྱིས་ལྔ་དགུའི་མུན་ནག་སྣང་བར་དྲངས། །
ཕྱོགས་ཀྱི་བླ་མ།
ཁྱེད་ཀྱི་འཁྲུངས་ཡུལ་ཤར་ཕྱོགས། །
ཨ་མདོ་སྟག་འཚེར་ཡིན་ཡང་། །
ཁྱེད་ཀྱི་བཞུགས་ཡུལ་དབུས་ཕྱོགས། །
བོད་ཡུལ་ལྟེ་དབུས་ལྷ་ས། །
ཁྱེད་ཀྱི་ཕེབས་ཡུལ་ནུབ་ཕྱོགས། །
རྒྱ་གར་དྷ་ས་ཡིནད་ཀྱང་། །
ཁྱེད་ཀྱི་བསམ་ཡུལ་བྱང་ཕྱོགས། །
ཁ་བའི་མི་རིགས་ཁོ་ན། །
ཁྱེད་ཀྱི་མཛད་ཡུལ་ལྷོ་ཕྱོགས། །
གདན་ས་སེ་འབྲས་དགའ་གསུམ། །
ཤར་ལྷོ་ནུབ་བྱང་དབུས་བཅས། །
འཛམ་གླིང་ཡོངས་ལ་ཞབས་བཅགས། །
འཛམ་གླིང་གོ་ལ་བསྐོར་ནས། །
རང་དབང་ཞི་བདེ་སྤེལ་སོང་། །