ཨེ་མ་ཧོ།
༼༡༽ སྣང་སྲིད་རྣམ་དག་རྒྱལ་བའི་དཀྱིལ་འཁོར་ནས།།
འཁོར་འདས་གཞིར་བཞེངས་སྐུ་གསུམ་རོལ་བའི་གར།།
རྣམ་འདྲེན་སངས་རྒྱས་བསྟན་པ་སྤེལ་བའི་མགོན།།
སྙིང་གི་མུན་སེལ་བླ་མ་རྟག་ཏུ་རྒྱལ།།
༼༢༽ ལས་སྨོན་རྟེན་འབྲེལ་བཟང་པོས་མཐུ་སྟོབས་དཔལ།།
དགྱེས་པའི་དད་བརྩོན་དགེ་ཚོགས་འཕགས་ནོར་བདུན།།
ནམ་ཡང་འགྱུར་མེད་རྡོ་རྗེའི་ཕྱག་རྒྱ་ཆེ།།
སེམས་ཀྱི་བདེ་སྐྱིད་དམ་པ་ཡོངས་སུ་བསྔགས།།
༼༣༽ དཀོན་མཆོག་རྩ་གསུམ་སྐྱེས་ནས་དད་གུས་ཤེས།།
ལས་འབྲས་བསླུ་མེད་བདེན་པར་དམ་ཚིག་ངེས།།
བསྟན་འགྲོར་ཕན་བདེར་འབད་བརྩོན་སྤྲོ་དགའ་བརྟས།།
བདེན་པ་རིན་པོ་ཆེ་ཡི་རྣམ་ཐར་ལགས།།
༼༤༽ ཆོས་བརྒྱད་ཞགས་པས་མ་བཅིངས་བྱ་བྲལ་པ།།
ཐེག་དགུའི་ཐུགས་དམ་མ་རལ་རྣལ་འབྱོར་པ།།
བཅུ་ཕྲག་རིག་པར་བྱང་བའི་པཎྚི་ཏ།།
མཚན་ལྡན་བླ་མ་དམ་པའི་སྐྱེས་རབས་དྲན།།
༼༥༽ སྙིགས་ལྔའི་མུན་ནག་བསལ་བའི་དམ་པའི་ཆོས།།
བྱམས་བརྩེ་ཤེས་རབ་འབར་བའི་འོད་གསལ་སྙིང་།།
ཡུན་རིང་སྙིང་ལ་གབ་པའི་བདེ་བཤེགས་དཔལ།།
དགྱེས་དགུས་ལོངས་སུ་སྤྱོད་ཅིག་ཆོས་མཆེད་རྣམ།།
༼༦༽ བསྐལ་བཟང་སངས་རྒྱས་སྟོང་གི་ཐུགས་བསྐྱེད་དང་།།
ཕན་བདེ་འབྱུང་གནས་དམ་ཆོས་བདེན་པའི་སྟོབས།།
རྩ་བརྒྱུད་བླ་མའི་དགོངས་དོན་ལེགས་མཇལ་ཕྱིར།།
སྐལ་མཉམ་ཆོས་མཆེད་ཀུན་ལ་གཏམ་འདི་ཐལ།།
༼༧༽ བསེ་ཁྱུང་དབྲ་ཆེན་གདུང་གི་དཔག་བསམ་ཤིང་།།
སྐྱེས་སྦྱོང་ཐབས་ཤེས་ཡལ་ག་དགུང་དང་མཉམས།།
ཕན་བདེའི་ལེགས་ཚོགས་སྦྱིན་པའི་འབྲས་བཟང་ཅན།།
སེམས་ཉིད་ཡིད་བཞིན་ནོར་བུ་ངོ་མཚར་རྒྱལ།།
༼༨༽ ངེས་འབྱུང་ཞིང་ས་བཟང་པོའི་གཞི་རྩ་བརྟན།།
བྱང་ཆུབ་སེམས་མཆོག་དམ་པའི་སྨྱུ་གུ་འཁྲུངས།།
གསང་ཆེན་རྣལ་འབྱོར་་གདམས་པའི་འབྲུ་དྲུག་སྨིན།།
ཀུན་བཟང་རྫོགས་ཆེན་ཀུན་གྱིས་རྟོགས་གྱུར་ཅིག།
ཅེས་པ་འདི་ཡང་རབ་གནས་མེ་བྱའི་ཟླ་ཚེས་དགེ་བར་དབྲ་ཆེན་བླ་མ་རིན་ཆེན་རྡོ་རྗེ་དང་ཨེ་ཝྃ་རིག་པའི་ངོར་དགའ་གཏམ་སྙིང་གི་མུན་སེལ་དུ་ཤྲཱིཿཨེ་མ་ཧོས་དབྱིན་ཡུལ་རྫོགས་ཆེན་དུས་འཁོར་འོད་གསལ་ཆོས་གླིང་ནས་བགྱིས་པར་དོན་དང་ལྡན་པར་གྱུར་ཅིག་གུ། །།