གནས་ཚུལ་གཏོང་མཁན། སྤྱི་འཐུས་རོང་བོ་བློ་བཟང་སྙན་གྲགས།
ཁྱིམ་ཚང་གཉིས་ཀྱིས་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་ཐེངས་༣༣ སྤེལ་པ།
ཕྱི་ལོ་༢༠༡༤ ཟླ་༩ ཚེས་ ༣ ཉིན་སུད་སིར་གནས་སྡོད་ལྷུན་འགྲུབ་ཚང་ཀརྨ་བཀྲ་ཤིས་ཚེ་རིང་དང་། སྟག་ཚང་དཀོན་ཅོག བཀྲ་བསྟན་ཚང་བཅས་ནང་མི་གསུམ་གྱི་ལས་འགུལ་ཐེངས་༣༣པ་དེ་བཞིན་ཇི་ནི་ཝ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་སྤེལ་ཡོད་པ་དང་། འཇི་ནི་ཝ་ཚོགས་ཆུང་གི་ཚོགས་མི་སྤྱི་ཁྱབ་དོན་འགྲུབ་དང་ཆབ་བྲད་ཚང་ལེགས་འཕེལ། ལུ་ཛན་ཚོགས་ཆུང་གི་ཚོགས་མི་རྒྱལ་ཚང་བཀྲ་ཤིས་ལྷ་མོ་གསུམ་མཉམ་ཞུགས་བྱས་ཏེ། རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་གཉིས་ལ་ཞུ་སྙན་ཕུལ་བ་དང་། བོད་ནང་གི་ཛ་དྲག་གི་གནས་སྟངས་འཁོད་པའི་ཡིག་ཆ་གྲངས་༥༠༠ ལྷག་དང། རྒྱ་ནག་སྐམ་ས་ནས་སླེབས་པའི་ཡུལ་སྐོར་སྤྲོ་འཆམ་པ་ཚོར་རྒྱ་ཡིག་ཐོག་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་གྲངས་བཅུ་དང་། རྒྱ་ཡིག་ཐོག་བཏོན་པའི་བོད་གནས་གསར་འཕྲིན་ཁག་གཉིས་དེབ་གྲངས་སུམ་ཅུ་ཙམ་འགྲེམས་སྤེལ་བྱས་ཡོད་འདུག
ལས་འགུལ་འདི་བཞིན་ཕྱི་ལོ་༢༠༡༢ ཟླ་༡༢ ཚེས་༡༠ ཉིན་འགོ་འཛུགས་ཀྱིས་བོད་ནང་གི་དཀའ་སྡུག་མྱངས་དང་མྱོང་བཞིན་པའི་བོད་མི་ཚོའི་ཆེད་དུ་སྐྱིད་སྡུག་མཉམ་མྱོང་དང་གདུང་སེམས་མཉམ་སྐྱེད་ཆེད་ལས་འགུལ་རྒྱུན་མཐུད་ནས་སྤེལ་བ་ཞིག་རེད་འདུག
ཁྱིམ་ཚང་གསུམ་པོ་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་དང་གཤིས་སྨོན་ཞུ།