རྫ་ཚེ་རིང་བཀྲ་ཤིས།
ང་མ་གཞི་རྒྱ་ཡིག་ཙམ་ཞིག་སྦྱོང་བའི་སློབ་མ་སྤྱིར་བཏང་བ་ཞིག་ཡིན་ན་ཡང་། ཁོར་ཡུག་བཟང་པོ་ཞིག་ཏུ་ཡོད་སྟབས་སྐབས་མང་པོ་ཞིག་ཏུ་གལ་ཆེའི་ཐོན་ཁུངས་མང་པོ་ལོངས་སུ་སྤྱོད་ཐུབ་ཀྱི་ཡོད།
དཀྱིལ་གྱི་དེ་སྐབས་འདིའི་དྲི་བ་འདྲི་ཡུལ་སྐུ་ཞབས་ཕོཀ་ཝོན་མོ་རེད།
ཟླ་འདིའི་ཚེས་བཅུ་དགུའི་ཉིན། སློབ་གླིང་གི་དཔེ་མཛོད་ཁང་གི་ཚོགས་ཁང་ཆེན་མོར་འཚོགས་པའི་ཉིན་གཉིས་རང་གི་༢༠༡༢ལོའི་དངོས་པོ་མིན་པའི་རིག་གནས་ཤུལ་རྫས་སྐོར་གྱི་རྒྱལ་སྤྱིའི་བགྲོ་གླེང་ལ་མཉམ་ཞུགས་ཞུ་ཐུབ་པ་བྱུང་། སྐབས་དེར་མཁས་དབང་སོ་སོའི་གཏམ་བཤད་གྲུབ་ནས་དྲི་བ་དྲིས་ལན་གྱི་དུས་ཡུན་ནང་། ཕྲན་གྱིས་ལྷོ་ཀོ་རེ་ཡ་ནས་ཕེབས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་UNESCOཨེ་ཤ་ཡའི་ཞི་བདེ་རྒྱ་མཚོའི་དངོས་པོ་མིན་པའི་ཤུལ་རྫས་རྒྱལ་སྤྱིའི་གསང་འཕྲིན་དྲ་བའི་ལྟེ་གནས་ཀྱི་འགན་འཛིན་སྐུ་ཞབས་ཕོཀ་ཝོན་མོ་དང་། རྒྱ་ནག་ནས་ཕེབས་པའི་ཀྲུང་གོ་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་མི་རིགས་དང་སྤྱི་ཚོགས་སློབ་གླིང་གི་དགེ་རྒན་ཆེན་མོ་ཝུ་རོང་གསུན་གཉིས་ལ་དྲི་བ་འདྲི་རྒྱུའི་གོ་སྐབས་བྱུང་བ་ལྟར་གཤམ་གྱི་དྲི་བ་དྲིས་ལན་ནི་སྐུ་ཞབས་ཕོཀ་ཝོན་མོ་ལ་དྲིས་པ་ཡིན།
དྲི་བ།
བཀྲ་ཤིས་བདེ་ལེགས། ང་ནི་བོད་ནས་ཡོང་བའི་གྲྭ་པ་ཞིག་ཡིན། ནང་སེམས་ཁམས་དང་འབྲེལ་བའི་ལྟ་གྲུབ་ཉམས་ལེན་གྱི་རིག་གནས་ནི་ངའི་ཆེད་ལས་ཡིན། མ་གཞི་ང་རིག་གནས་གང་ལ་ཡང་དང་བ་ཡོད་པ་ཞིག་ཡིན་མོད། ཁྱད་པར་དངོས་པོ་མིན་པའི་རིག་གནས་ཞེས་པ་འདིའི་མིང་སྔ་མོ་ནས་གོ་མྱོང་བར་མ་ཟད། དེར་དང་བ་ཆེན་པོ་ཡོད་ལ་དོ་སྣང་ཡང་བྱེད་ཀྱིན་ཡོད། ང་ཚོ་བོད་ལ་མཚོན་ན་རིག་གནས་སྤྱི་དང་། ཁྱད་པར་དངོས་པོ་མིན་པའི་ཤུལ་བཞག་རིག་གནས་ཧ་ཅང་ཕུན་སུམ་ཚོགས་པོ་རེད། ཡིན་ན་ཡང་། ཕྱོགས་གཞན་ཞིག་ནས་བཤད་ན་ད་ལྟ་ཉེན་ཁ་ཅན་གྱི་གནས་སྟངས་ཤིག་གི་འོག་ཏུ་ཡོད། དེ་ལ་ཕྱི་ལོགས་ནས་ཡོང་བའི་རྒྱུ་རྐྱེན་ཀྱང་ཡོད་མོད། གལ་ཆེའི་རྒྱུ་རྐྱེན་གཞན་ཞིག་ནི། ལོ་ན་རྒན་པ་དག་དང་། ལོ་གཞོན་གྱི་མི་རབས་གཉིས་ཐུག་འབྲེལ་བྱ་སའི་ཁོར་ཡུག་མི་འདྲ་བ་དང་། བསམ་བློ་གཏོང་སྟངས་མི་འདྲ་བ་སོགས་ཕྱོགས་མང་པོའི་ཐད་ལྟ་ཚུལ་མི་འདྲ་བ་ཡོང་གིན་འདུག རྒྱུ་མཚན་འདི་དག་གི་དབང་གིས་བོད་ཀྱི་དངོས་པོ་མིན་པའི་རིག་གནས་རྒྱུན་འཛིན་བྱ་རྒྱུར་ཉེན་ཁ་འཕྲད་ཀྱིན་འདུག བྱས་ཙང་། ངས་དེ་རིང་བཀའ་འདྲི་ཞུ་འདོད་པ་ནི། སྲོལ་རྒྱུན་གྱི་དངོས་པོ་མིན་པའི་རིག་གནས་དང་། དེང་རབས་ཀྱི་རིག་གནས་གཉིས་ཕན་ཚུན་གཅིག་ཕན་གཅིག་གྲོགས་ཀྱིས་ཞི་བདེ་མཉམ་གནས་ཡོང་བའི་རྩ་བའི་ཐབས་ལམ་ཁ་གསལ་ཞིག་ཡོད་དམ་ཞེས་པ་དེ་ཡིན། དྲི་བ་གཞན་ཞིག་ནི། དཔེར་ན། སྐྱེས་བུ་སྒེར་པ་ཞིག་གིས་རང་ཉིད་མི་གཅིག་གཅིག་ཞིག་ཡིན་པའི་ཆ་ནས་རང་ཉིད་ནས་མགོ་བརྩམས་ཏེ། རང་ཉིད་ཁོ་ནས་འདིའི་ཕྱོགས་ལ་སྒྲུབ་ཐུབ་པའི་ལས་ཀ་ཅི་ཞིག་ཡོད་ཅེས་པ་འདི་ཡིན། ཐུགས་རྗེ་ཆེ།
ལན།
སྐབས་འདི་ནས་ངས་བོད་ནས་ཡིན་པའི་གྲོགས་པོ་གྲྭ་པ་ཁོང་གི་དྲི་བ་ལ་ལན་ཞིག་འབུལ་རྒྱུ་ཡིན། ལོ་རབས་བདུན་ཅུ་པའི་སྐབས་ཀྱི་ལྷོ་ཀོ་རེ་ཡ་ལ་མཚོན་ན་དངོས་གནས་བཤད་ན། རྒྱ་ཆ་མང་ཤོས་ཀྱི་ལོ་གཞོན་དག་སྲོལ་རྒྱུན་རིག་གནས་ཁས་མི་ལེན་པ་དང་ཟུར་འབུད་བྱེད་མཁན་རེད། ཡིན་ན་ཡང་། ཐ་མ་དེར། སློབ་གྲྭའི་སློབ་མ་ནས་མགོ་བརྩམས་པའི་སྲོལ་རྒྱུན་རིག་གནས་ཀྱི་བསྐྱར་དར་དུས་རབས་ཤིག་བྱུང་ཡོད། སྐབས་དེར་ང་སློབ་གྲྭ་ཆེན་མོ་པ་ཡིན་པའི་སྐབས་ཏེ། ང་ཚོ་མང་པོ་ཞིག་རྒྱལ་ཁབ་ཀྱི་ཆབ་སྲིད་དང་འབྲེལ་བའི་ལས་ཀའི་ནང་མཉམ་ཞུགས་བྱེད་པ་དང་དཔལ་འབྱོར་ཡར་རྒྱས་གཏོང་བཞིན་པའི་སྐབས་ཤིག་རེད། ང་རྒྱལ་ཁབ་ཀྱི་སློབ་གྲྭར་ཡོད་སྐབས་ང་ཚོའི་རོལ་དབྱངས་ཀྱི་སློབ་ཚན་གྱི་ཁོངས་སུ་ལྷོ་ཀོ་རེ་ཡ་རང་ཉིད་ཀྱི་སྲོལ་རྒྱུན་རོལ་མོར་གཏོགས་པའི་རོལ་དབྱངས་སློབ་ཚན་གཅིག་ཀྱང་མེད་པ་རེད། ཡིན་ན་ཡང་། ད་ལྟ་སྐབས་དེ་དུས་དང་མི་འདྲ་བར་རྒྱལ་ཁབ་ཀྱི་རོལ་དབྱངས་སློབ་ཚན་གྱི་བརྒྱ་ཆ་བཞི་བཅུ་མ་མཐར་ཡང་རང་རྒྱལ་གྱི་སྲོལ་རྒྱུན་རོལ་མོ་ཡིན་དགོས་ཀྱི་ཡོད་པ་རེད་ལ། ད་དེ་ལྟར་སློབ་སྦྱོང་བྱེད་བཞིན་པའི་སྐབས་ཤིག་ཀྱང་རེད། ང་ཚོས་དྲན་སོས་འོས་པ་ཞིག་ནི། ད་ལྟའི་གཞོན་སྐྱེས་ཚོས་དེང་རབས་ཀྱི་རོལ་དབྱངས་དང་ལེན་བྱེད་པའི་དུས་མཚུངས་སུ་ཡང་ང་ཚོའི་སྲོལ་རྒྱུན་གྱི་རོལ་དབྱངས་འདོར་བར་བྱས་མེད་པར་མ་ཟད། ཐ་ན་སྤྱི་པའི་གླིང་ཀ་དང་། ཡང་ན་སྒེར་སོ་སོ་གང་དུ་སླེབས་སའི་སྡིང་ཆ་དག་ཏུ་འཁྲབ་སྟོན་བྱེད་པ་ཚུན་ཆད་ཀྱིས་བསྐྱར་དར་གྱི་ལས་འགུལ་རྩོམ་བཞིན་ཡོད། ངས་བསམ་ན། གཞི་རྩའི་ཆ་ནས་ནས་གཞོན་སྐྱེས་ཚོའི་རྣམ་འགྱུར་དེ་དག་གི་ཐོག་ནས་ང་ཚོའི་ཁོར་ཡུག་ཆེན་པོའི་ཁྲོད་ནས་ག་ལེར་དངོས་པོ་མིན་པའི་རིག་གནས་ཀྱི་ཤུལ་རྫས་ལ་གོ་རྟོགས་གསར་པ་ཞིག་རྙེད་བཞིན་པ་གསལ་ནས་གསལ་དུ་འགྲོ་བཞིན་པ་མཚོན་ཡོད་ལ། དེའི་ཐོག་ཏུ་གཞུང་གི་སྲིད་ཇུས་ཀྱི་ཐོག་ནས་ཀྱང་འདིའི་ཕྱོགས་ལ་ཐོན་ཁུངས་མཁོ་འདོན་དང་། སྐུལ་མ་དགོས་པ་གལ་ཆེན་པོ་རེད། དེ་འདྲ་བྱུང་ན་ལོ་ན་རྒན་གཞོན་ལ་ཁྱད་པར་མེད་པར། བསྐྱར་དུ་རང་ཉིད་ཀྱི་སྲོལ་རྒྱུན་རིག་གནས་ལ་མཐོང་ཆེན་གྱི་འཕེལ་རིམ་གསར་བ་ཞིག་འབྱུང་ངེས་ཡིན།
སྐད་ཆ་འདི་སྐད་སྒྱུར་གྱི་རྒྱ་སྐད་གཞིར་བཟུང་ཐོག་སླར་ཡང་། སློབ་གྲོགས་ཀོ་རེ་ཡའི་བུ་མོ་ཅིན་ཞན་མེ་ལགས་ཀྱིས་ལྷོ་ཀོ་རེ་ཡའི་སྐད་ཐོག་ནས་བཤད་པའི་གཏམ་བཤད་དྲིས་ལན་ཨ་མ་དང་བསྡུར་རོགས་བཅས་བྱས་ཏེ་དག་པར་ཕབ།
ས་གནས་གང་ནས་ཡིན་ནམ་
འདི་ནོ་འདི་བཤད་ནས་ཅུང་ཡོང་རྒྱུ་ཡོད་པ་མ་རེད། ང་ཚོར་མཚོན་ན་རྙིང་པ་དང་རྙིང་ཞེན་ལས་ཐར་མ་ཐུབ་པ་རེད་མ་གཏོགས་སྲོལ་རྙིང་རླགས་སོང་བས་དཀའ་གང་ཡང་མ་རེད།
http://www.youtube.com/watch?v=spCM3_SxHR0&feature=youtu.be
གལ་ཏེ། རྒྱ་སྐད་ཀྱི་དྲི་བ་དྲིས་ལན་གྱི་བརྙན་འཕྲིན་དངོས་ལ་གཟིགས་ན་འབྲེལ་ཐག་འདིར་མནོན་ཅིག
དངོས་པོ་མིན་པའི་རིག་གནས་དེ་ཅི་ཞིག་རེད། གལ་སྟེ་སེམས་ཁམས་རིག་གནས་ལ་ཟེར་བ་ཡིན་ན་སེམས་ནི་དངོས་པོ་མིན་པའི་སྒྲུབ་བྱེད་ཞིག་ཡོད་དམ། སེམས་ཞེས་བྱ་བ་དེ་དོན་དུ་སྐྱེ་མེད་སོགས་རེད་ཟེར་ནས་ཕྱག་རྫོགས་ཀྱི་ཆོས་སྐད་མཐོན་པོ་འདྲ་བེད་སྤྱོད་གཏོང་གི་ཡོད་ན། སྐབས་དེ་དུས་དངོས་པོ་དང་དངོས་མེད་གང་ཡང་ཡིན་པར་མི་འགྲུབ་བོ། དེས་ན་དངོས་པོ་མིན་པའི་རིག་གནས་དེ་ཅི་ཞིག་རེད་གསལ་བཤད་ཁ་གསལ་གོ་བདེ་ཞིག་གནང་རོགས་ཞུ།
བཀུར་འོས་རྫ་བཀྲིས་ཚེ་རིང་ལགས། ངས་དངོས་ཡོད་གནས་སྟངས་དང་ཁྱེད་ཀྱི་དྲི་བ་གཉིས་ཞིབ་བསྡུར་བྱས་དུས། ཁྱེད་གཉིས་གོ་ནོར་སོང་བའང་ཡང་ན་དྲི་བར་ལེན་ཞིག་རགས་མི་འདུག དེ་ཡང་ཁྱེད་ཀྱི་དྲི་བ་གསལ་ཁ་མེད་པས་ཡིན། ཅི་ཕྱིར་ཞེ་ན་ཁྱོད་ཀྱིས་འདྲི་འདོད་པ་ནི་སྲོལ་རྒྱུན་གླུ་གཞས་སོགས་མིན་པར་དེང་དུས་བོད་ཀྱི་གཞོན་སྐྱེས་ཚོས་ཕ་མེས་ཡང་མེས་ནས་ཤ་འཐིམས་རུས་འཐིམས་སུ་གྱུར་བའི་ཆོས་ལུགས་ཐོག་འཛིན་པའི་ལྟ་བའི་ཐོག་གསུང་པ་འདྲ་ཨེ་རེད།།
རིག་ཞེན་དཀར་པོ་དང་ཡར་ཁམས་པ་ལགས་སུ་ཞུ་རྒྱུར།
ངས་དངོས་པོ་མིན་པའི་རིག་གནས་ཟེར་བ་དེ་མཐོ་ས་ཞིག་ནས་བཤད་ཀྱིན་མེད།
འོན་ཀྱང་དབྱིན་སྐད་ཀྱི་་་་་་་Intangible cultureརྒྱ་སྐད་ཀྱི་無形文化ཟེར་བ་འདི་སྔ་མོ་ནས་བོད་ནང་དུ་འདི་ལྟར་བསྒྱུར་ཡོད་པ་རེད། འདིའི་གོ་དོན་དང་ཁྱབ་ཁོངས་སོགས་ཁྱེད་རྣམ་པས་འཚོལ་རོགས།
འདི་འདིའི་ནང་དུ་རོལ་དབྱངས་དང་ཟློས་གར་སོགས་དང་གཙོ་བོ་སོགས་ཡོད་རེད།
ཁོང་གིས་རོལ་དབྱངས་ཀྱི་མཚོན་དཔེའི་ཐོག་ནས་གསུངས་པ་རེད།
ལར་སྐད་བསྒྱུར་བརྒྱུད་པས་ཧེ་བག་ཏོག་ཙམ་ཞིག་ནི་ཡོད་པ་འདྲ་ཡང་། གཞི་རྩའི་ཆ་ནས་ང་ལ་ལན་རགས་སོང་བཞམ་ཡོད།