གསར་འགྱུར་མཁོ་གཏོང་བ། ཙ་ཡུས་ཕུན་ཚོགས།
ཕྱི་ལོ་༢༠༡༣ ལོའི་ཟླ་༩ ཚེས་༩ ཉིན་ནས་ཕྱི་ཚེས་༢༧ བར་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུ་འཚོག་བཞིན་པའི་གོ་སྐབས་དང་བསྟུན། བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱིས་སུད་སི་ཇི་ནི་ཝ་མཉམ་འབྲེལ་རྒྱལ་ཚོགས་མདུན་དུ་ཞི་རྒོལ་སྐད་འབོད་ལས་འགུལ་ཞིག་གོ་སྒྲིག་ཞུས་ཏེ། ཉེ་ལམ་རྒྱ་ནག་གཞུང་གི་དྲང་བདེན་མ་ཡིན་པའི་ཁྲིམས་ཞིབ་འོག་རྔ་བའི་བློ་བཟང་དཀོན་མཆོག་དང་སྒྲོལ་མ་སྐྱབས་གཉིས་སྲོག་ཐོག་གཏོང་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་པར་ངོ་རྒོལ་དང་། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་སྤྱི་དང་།
ལྷག་དོན་བློ་བཟང་དཀོན་མཆོག་དང་སྒྲོལ་མ་སྐྱབས་གཉིས་ལ་རྒྱལ་སྤྱིའི་ཁྲིམས་དང་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ཀྱི་དགོངས་དོན་དང་མི་མཐུན་པའི་ཁྲིམས་ཆད་གཏོང་བར་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ངོས་ནས་དྲང་བདེན་གྱིས་ལན་འདེབས་དགོས་པ་དང་། ཉེས་མེད་བོད་མི་གཉིས་ཀྱི་ཚེ་སྲོག་སྐྱོབ་དགོས་པའི་འབོད་སྐུལ་ལས་འགུལ་ཞིག་སྤེལ་ཡོད་འདུག
ཞི་རྒོལ་འདིར་སུད་སི་དང་ལེཀ་ཏེན་སིཊཡན་བོད་རིགས་མི་མང་གི་སྐུ་ཚབ་ཀྱིས་མཚོན་པའི་སུད་སིར་གནས་བཞུགས་བོད་མི་ལྔ་བཅུ་ལྷག་མཉམ་ཞུགས་གནང་འདུག་ཅིང་། ཟླ་འདིའི་ཚེས་༩ ཉིན་ནས་ཚེས་ ༢༧ ཉིན་བར་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུ་ཞིག་འཚོག་བཞིན་པར་ཐེངས་འདིའི་ལས་འགུལ་གྱི་དགོས་འདུན་དོན་ཚན་གཙོ་བོ་གསུམ་སྟེ།
༡༽ རྒྱ་ནག་དམར་གཞུང་གིས་བོད་ས་བཙན་བཟུང་བྱས་པ་ནས་བོད་མི་ས་ཡ་གཅིག་ལྷག་དམར་གསོད་བཏང་བ་དང་། ཆོས་དང་རིག་གཞུང་། ཁོར་ཡུག་བཅས་གཏོར་སྐྱོན་བཏང་དང་གཏོང་བཞིན་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གནོན་ཤུགས་སྤྲོད་དགོས་པ་དང་།
༢༽ ད་ལྟའི་བར་བོད་ནང་རང་ལུས་མེར་སྲེག་གནང་མཁན་བརྒྱ་དང་ཉི་ཤུ་ལྷག་བྱུང་བར་དྲང་བདེན་གྱི་ཉམས་ཞིབ་དགོས་པ།
༣༽ རང་ལུས་མེར་སྲེག་གི་དོན་རྐྱེན་དང་འབྲེལ་ནས་བློ་བཟང་དཀོན་མཆོག་དང་སྒྲོལ་མ་སྐྱབས་གཉིས་སྲོག་ཐོག་གཏོང་བཞིན་པའི་མཚོན།
རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ནང་མི་རྣམས་ལ་རྒྱ་གཞུང་གིས་སུན་བཙེར་མནར་གཅོད་མུ་མཐུད་གཏོང་བཞིན་པར་ངེས་པར་གླེང་སློང་དགོས་པའི་འབོད་སྐུལ་བཅས་འཁོད་པའི་སྙན་ཞུ་དོན་ཚན་གསུམ་ཟུར་འདོན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་དང་། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཨེ་ཤི་ཡ་སྡེ་ཚན་བཅས་སུ་ཡིག་ཐོག་སྙན་ཞུ་ཕུལ་བ་དང་། དེ་བཞིན་དགོས་འདུན་དོན་ཚན་དེ་དག་དང་བོད་གནས་ཡིག་ཆ་ཆིག་སྟོང་ལྷག་འགྲེམས་སྤེལ་ཞུས་ཏེ། བློ་བཟང་དཀོན་མཆོག་དང་སྒྲོལ་མ་སྐྱབས་གཉིས་ཀྱིས་གཙོས་བོད་ནང་མངོན་སུམ་དང་མངོན་སུམ་མ་ཡིན་པའི་ཁྲིམས་ཞིབ་འོག་བོད་མི་མང་པོ་ཚེ་སྲོག་ཤོར་བཞིན་པའི་གནས་སྟངས་དྲིལ་བསྒྲགས་གནང་ཡོད་འདུག
ཐེངས་འདིར་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་གིས་ཆེད་གཏོང་གནང་བའི་སྐུ་ཚབ་ངག་དབང་ཆོས་གྲགས་ལགས་ཀྱིས་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུའི་གནས་སྟངས་ངོ་སྤྲོད་བཀའ་སློབ་དང་། དེ་བཞིན་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་དཔའ་བོ་ལགས་དང་། ཚོགས་གཞོན་མཁར་འཕགས་ལགས་བཅས་ཀྱི་ཐེངས་འདིའི་ལས་འགུལ་དང་འབྲེལ་བའི་བཀའ་སློབ་རིམ་པར་གནང་རྗེས། ཕྱི་དྲོའི་ཆུ་ཚོད་བཞི་བའི་ཐོག་ལས་འགུལ་མཇུག་བསྡུ་གནང་ཡོད་འདུག
ང་ཚོའི་རྒྱལ་བ་རིན་པོ་ཆེའི་བཀའ་ལ་ང་ཚོ་ཚང་མས་ཉན་དགོས་རེད། སྐད་མ་རྒྱག་གསུངས་འདུག http://www.youtube.com/watch?v=ejgvE6k0PYA&feature=youtu.be
རྒྱལ་ཚོགས་ལ་མི་རབས་གསར་པའི་མཐུན་ཚོགས་དང་བོད་མི་ཚོས་འབོད་སྐུལ་ཞུས་པར་བཀའ་དྲིན་ཆེའོ།
རྣམ་དཔྱད་མེད་པར་སྐད་མ་རྒྱག་གསུངས་པ་ལས། རང་དབང་ལུང་པའི་མིས་ཚུལ་མཐུན་གྱི་འབོད་སྐུལ་བྱེད་སྟངས་ཅིག་གསུངས་འདུག
སྐུ་ཞབས་ཨ་ཕྱི་འདྲེ་མོས་ཅི་ཟེར།
ལས་འགུལ་འདི་དུས་ཐོག་སྤེལ་བར་བཀའ་དྲིན་ཆེ་ཞུ། ནུས་པའི་ཆ་ནས་ད་དུང་ཤུགས་བསྣོན་བརྒྱག་རོགས་ཞུ།
རྒྱལ་བ་རིན་པོ་ཆེས་ཅིག་གསུང་སོང་ཟེར་མཁན་དག་གི་བཤད་ཚད་ལ་ངོས་ལེན་བྱ་དགོས་པ་ཡོད་ནི་མ་རེད། མི་དེའི་གྲས་ཁོ་རང་ཚོའི་བསམ་དོན་རྒྱལ་བ་རིན་པོ་ཆེས་དགོངས་དོན་ཡིན་མདོག་དང་། ཁོ་ཚོས་སྒྲུབ་ཀྱིན་པ་རྒྱལ་བའི་དགོངས་པ་ཡང་དག་ཡིན་རབས་བཤད་དང་འཆད་དང་བཤར་པར་འགྱུར་ན། རྣ་རྒྱབ་ཏུ་སྐྱུར་ལ་ཞོགས། བོད་མིའི་བོད་དག་བོད་མི་ཚོས་བྱ་དགོས།
བསྐྱར་དུ་བཀའ་དྲིན་ཆེ་ཞུ།