མདའ་མོ།
རྒྱལ་ཡུམ་ཆེན་མོ་རྗེས་དྲན་གྱི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་མོན་གྷོ་ས་གནས་སུ་འཚོགས་བཞིན་ཡོད་མོད། འཛིན་བྱང་གི་རིན་གོང་ཆེ་དྲག་ནས་མི་མང་པོ་ཞིག་ལ་རྡབ་བསིག་གཏོང་གི་མེད་འགྲོ་སྙམ་པའི་བློ་འཚབ་ཅིག་སྤྱི་སྒེར་ཚང་མར་སྐྱེས་བཞིན་འདུག བསམ་བློ་ཞིབ་ཏུ་བཏང་ན་རྐང་སྤོལ་འགྲན་བསྡུར་འདི་ཡང་རྒྱལ་ཡུམ་ཆེན་མོ་མཆོག་གི་བཀའ་དྲིན་རྗེས་དྲན་མཚོན་བྱེད་ཅིག་ཏུ་འགྱུར་རམ། ཡང་ན་དཔལ་འབྱོར་འདུ་འགོད་ཀྱི་ལས་གཞི་ཞིག་ཏུ་འགྱུར་བ་ཁ་ཚོན་གཅོད་དཀའ་བའི་གནས་སུ་གྱུར་འདུག
ལྷག་པར་དུ་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་ཟེར་བས་གོ་སྒྲིག་འོག་ལོ་བསྟུན་མར་འཚོགས་བཞིན་ཡོད་པའི་འགྲན་བསྡུར་རིམ་པའི་སྐབས་སུ་བོད་རང་གི་སྐད་ཡིག་ལ་ཁྱད་གསོད་དང་དམའ་འབེབ་ཚད་ལས་བརྒལ་བ་གཏོང་བཞིན་ཡོད་པའང་བོད་དོན་ལ་ཤ་ཚ་ཡོད་མཁན་ཞིག་ཡིན་ན་མཁྱེན་ངེས་ཡིན།
ད་ལོའི་འགྲན་བསྡུར་འདི་ལ་མཚོན་ནའང་འཕྲེད་དར་དང་སྒོ་བྱང་། རྩེད་མོ་བའི་ལྭ་བ་སོགས་གང་དུ་ཡང་བོད་ཡིག་སྣ་གཅིག་ཀྱང་མཐོང་རྒྱུ་མེད་པར་མ་ཟད། རུ་ཁག་གི་མིང་དང་ས་གནས་གནས་ཀྱི་མིང་། རྩེད་མོ་བའི་མིང་སོགས་དབྱིན་ཡིག་རྐྱང་རྐྱང་གིས་བྲིས་ཡོད་པ་ལས་བོད་ཡིག་ཚིག་གཅིག་ཀྱང་བེད་སྤྱོད་བཏང་མེད།
ད་དུང་ཁྱབ་བསྒྲགས་དང་བརྡ་ཁྱབ་ཀྱི་རིགས་དབྱིན་ཡིག་གིས་བྲིས་ཏེ་འགྲེལ་སྤེལ་བྱེད་བཞིན་ཡོད་ལ། བོད་ཡིག་གིས་བྲིས་པའི་བརྡ་སྦྱོར་རེ་ཟུང་ཡོད་པའང་བྱིས་པ་བསམ་མེད་ཅིག་གིས་བྲིས་པ་ལྟ་བུའི་རྫོབ་རོ་ཏག་ཏག་ལས་སྡེབ་སྦྱོར་དང་དག་ཆ་སོགས་ཕར་ཞོག་དོན་དག་ཅི་ཞིག་སྟོན་གྱི་ཡོད་མེད་ཀྱང་མི་ཤེས་པར་ཚིག་ཙམ་ཡང་ཀློག་དཀའ་བའི་ཚོད་དུ་བསྐྱལ་ཡོད།
དེ་ལས་ཀྱང་ཡིད་སྐྱོ་དགོས་པ་ཞིག་ནི་རྩེད་མོ་དྲྭ་ལམ་ནས་ཐད་གཏོང་སྐབས་ཀྱི་འགྲེལ་བརྗོད་པ་དག་གིས་འགྲེལ་བཤད་བྱས་པ་འདི་རེད། སྤྱིར་ན་བོད་རང་གིས་དྲྭ་ལམ་ཐད་གཏོང་ལས་རིམ་འདི་ལྟ་བུ་གཙོ་སྒྲུབ་བྱས་པ་དང་། འགྲེལ་བརྗོད་པས་སྐད་ཆའི་སྒྱུ་རྩལ་ལ་བརྟེན་ནས་ལས་རིམ་ཕུན་ཚོགས་ཇེ་ལེགས་སུ་གཏོང་ཐུབ་པ་བཅས་ལ་རྗེས་སུ་ཡི་རང་གི་བསྔགས་བརྗོད་དང་། སེམས་ལ་དགའ་སྤོབས་སྐྱེས་འོས་པ་ཞིག་ཡིན་མོད། ད་རེས་ཀྱི་དྲྭ་ལམ་ཐད་གཏོང་ལས་རིམ་གྱིས་ཁོ་བོ་ལ་སྐྱི་གཡའ་བའི་ཚོར་བ་ཞིག་སྦྱིན་སོང་བར་མ་ཟད་ལྷག་པར་དུ་བོད་ཀྱི་སྐད་ཡིག་ཉམས་ཆག་ཏུ་བྱིན་པ་སླར་གསོ་ཐུབ་ཅིག་ཡེ་ནས་མེད་པ་ལྟ་བུའི་བློ་འཚབ་ཡང་བྱུང་། འགྲེལ་བརྗོད་པ་དག་གིས་སྐད་ཆའི་བརྒྱ་ཆའི་བརྒྱད་ཅུ་དབྱིན་སྐད་དང་བརྒྱ་ཆའི་ཉི་ཤུ་ཙམ་བོད་སྐད་རེད་ཞེས་ལབ་ན་ཕལ་ཆེར་ཐལ་ཆ་མི་འདུག ང་རང་ཉིད་ད་རེས་དྲྭ་ལམ་བརྒྱུད་ནས་ཐད་གཏོང་ལ་ལྟ་མཁན་ཞིག་ཡིན་པའི་ཆ་ནས་རང་གིས་གང་ཞིག་གོ་བ་དང་གང་ཞིག་མཐོང་བ་དེ་ལབ་ཀྱིན་ཡོད་མ་གཏོགས་སྒྲོ་འདོགས་དང་དགའ་མ་དགའ་ཕྱོགས་ཅི་ཡང་བྱས་མེད།
བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་ཟེར་བ་འདི་བོད་ཀྱི་སྐད་ཡིག་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་ཆེད་དུ་བཙུགས་པར་བདེན་ན། ཁོ་ཚོས་བོད་སྐད་ཡིག་ལ་བཟུང་བའི་རྣམ་འགྱུར་ནི་འདི་འདྲའི་ཐབས་སྡུག་ཅིག་ཡིན་པ་ཅི་རེད།
ད་ལོའི་རྩེད་མོ་གོ་སྒྲིག་བྱེད་ས་ནི་དཔལ་ལྡན་འབྲས་དཀར་སྤུངས་པ་དང་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཉེ་འཁྲིས་ཡིན་པས། བོད་ཀྱི་ཤེས་རིག་འཛིན་སྐྱོང་སྤེལ་གསུམ་གྱི་བསྟི་གནས་ལྟ་བུའི་ཉེ་འཁྲིས་སུ་འདི་ལྟ་བུའི་བོད་ཀྱི་སྐད་ཡིག་ལ་དམའ་འབེབ་དང་འཕྱ་གསོད་ཀྱི་ལས་རིགས་རྒྱ་ཡན་དུ་གཏོང་ཐུབ་པ་ལ་ནི་ཁོ་བོ་དེ་བས་ཀྱང་ངོ་མཚར་སྐྱེས་སོང་།
དགའ་འབྲས་གཉིས་ཀྱི་དགེ་འདུན་པ་དག་གིས་ཀྱང་བོད་སྤྱིའི་སྐད་ཡིག་ལ་འགན་འཁུར་བའི་སྟེང་ནས་བྱེད་སྒོ་རྣམ་བཞག་རེ་སྤེལ་མ་ཐུབ་ནའང་། དགེ་འདུན་པ་དག་ལ་ཆེད་དུ་དམིགས་ནས་འཛིན་བྱང་གི་རིན་གོང་ཉིན་རེེར་ལྡབ་འགྱུར་གྱིས་འཕར་ཆ་འགྲོ་བཞིན་ཡོད་པ་འདི་ལ་ངེས་པར་དུ་ཐུགས་བསམ་རེ་བཞེས་དགོས་ཀྱི་འདུག
༢༠༡༦/༤/༡༢ འཕྲལ་མར་བྲིས།
མདའ་མོ་ལགས། གནས་ཚུལ་དེ་ཚོ་དངོས་ཡོད་ཡིན་ན་རང་གི་དངོས་མིང་བྲིས་མ་ཕོད་པ་ཅི་རེད་སོང་ངམ། ནག་ཁུང་ནང་ཡིབ་སྡོད་དུས་སྐྱིད་པོ་འདྲ་འདུག་གམ། ཧཧཧཧཧཧ་་་་་་འགན་ཁུར་མ་ཐུབ་པའི་གཏམ་རེད་གདའ།
གང་བཤད་ན་མ་བཤད་ན་བློ་སངས་མཆོག་གིས་གནང་བའི་སྒོར་འབུམ་འགས་གྲུབ་འབྲས་ཡིན་ཁྱེད་རང་བློ་མ་བདེ་སྡུག་གྱོང་རེད་ལོ་་་་་་་་་་་
དབྱིན་ཡིག་ཁྱར་ཁྱོར་འབྲི་ལ་བོད་མི་དགའ་། ར་མ་ལུགས་ཀྱི་སྐད་ཡིག་བོད་མིའི་འབྲི་།
་་་་་་་་་ ད་ལོའི་འགྲན་བསྡུར་འདི་ལ་མཚོན་ནའང་འཕྲེད་དར་དང་སྒོ་བྱང་། རྩེད་མོ་བའི་ལྭ་བ་སོགས་གང་དུ་ཡང་བོད་ཡིག་སྣ་གཅིག་ཀྱང་མཐོང་རྒྱུ་མེད་པར་མ་ཟད། རུ་ཁག་གི་མིང་དང་ས་གནས་གནས་ཀྱི་མིང་། རྩེད་མོ་བའི་མིང་སོགས་དབྱིན་ཡིག་རྐྱང་རྐྱང་གིས་བྲིས་ཡོད་པ་ལས་བོད་ཡིག་ཚིག་གཅིག་ཀྱང་བེད་སྤྱོད་བཏང་མེད། ་་་་་་་་
རྩེད་འགྲན་སྐབས་ཕྱག་འཁྱེར་ཚོང་བ་ནི་སྤྱི་སྲོལ་ཡིན། གང་ལ་ཞེ་ན་རྩེད་འགྲན་གོ་སྒྲིག་ཞུ་སྒོ་ཁག་ལ་འགྲོ་གྲོན་ཕོན་ཆེ་གཏོང་དགོས་པ་མ་ཟད། རྩེད་འགྲན་ཐོབ་མཁན་ལ་བྱ་ཀ་སྤྲོད་དགོས་པ་ཡིན། འོན་ཀྱང་འཕྲེད་དར་སོགས་ལ་བོད་ཀྱི་སྐད་ཡིག་མ་སྤྱོད་པ་ནི་ཆེས་བློ་ཕམ་རང་བཞིན་ཡིན་པས་དེར་གོ་སྒྲིག་ཚོགས་ཆུང་ནས་མ་འོངས་པར་དགོངས་པ་བཞེས་གལ་ཆགས་ཡོད།
རང་ཡུལ་དགྲ་ལ་ལེགས་སྐྱེས་བོད་མིའི་ཕུལ་།
བོད་མིའི་རིག་གཞུང་བོད་མིའི་དོར་།
རང་མིང་གྲགས་ནས་རང་དོན་སྒྲུབ་མཁན་མང་།
ཁྲིམས་འགལ་སྒྲིག་འགལ་བྱེད་པོ་ས་
སྟེང་ཁེང་།
གཞུང་མང་ལས་དོན་འགན་འཁུར་ཉིན་སྐར་ཙམ་།
རྒྱལ་བའི་བཀའ་འགལ་ཆོས་སྐྱོང་བཀའ་སྐྱོན་ཕེབས་།
དུས་ཚོད་ངེས་་མེད་རང་སྣང་དགོང་ཞུ་ཆོག་།
བོད་འབངས་བསོད་ནམས་ཟད་པའི་སྔ་
བལྟས་རེད་།
དབྱིན་སྐད་ཁྱར་ཁྱོར་རྒྱ་ཡིག་སྒོ་གནས་འཕར་།
ལྷན་ཁང་ཁག་ཏུ་བོད་ཡིག་ཉམས་མགོ་བཙུགས་།
མོན་གྷོའི་རྐང་རྩེད་འགྲན་བསྡུར། །
བོད་ཡིག་ཆེད་དུ་མ་རེད། །
ཇུང་ཏོག་ཇུས་གཏོགས་མ་བྱེད། །
ཉིད་ལ་ཡིག་ནོར་མང་བ། །
མི་ལ་ཇུས་གཏོགས་བྱེད་ན། །
རང་སྐྱོན་རང་གིས་བཅོས་རོགས། །
རང་སྐྱོག་གཡག་ཙམ་མི་ཤེས། །
གཞན་སྐྱོན་གླེང་བས་ཅི་ཕན། །