ཆུ་སྐྱེས་སྒྲོལ་མ།
རྒྱལ་སྤྱིའི་གཞོན་ནུ་བོད་རིག་པར་བརྩོན་མཁས་པའི་ལྷན་ཚོགས་ནས་གཙོ་འགན་བླངས་ཏེ་འཚོག་བཞིན་པའི་རྒྱལ་སྤྱིའི་གཞོན་ནུ་བོད་རིག་པའི་གྲོས་ཚོགས་ཀྱི་ཚོགས་འདུ་ནི། ཕྱི་ལོ་༢༠༠༦ལོར་འཇར་མན་དུ་འཚོགས་པའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་པའི་བགྲོ་གླེང་ཚོགས་ཆེན་ཐེངས་བཅུ་གཅིག་པའི་སྟེང༌། གླེང་སློང་དང༌། གོ་བསྡུར། ཐག་གཅོད་བཅས་ལས་བྱུང་བ་ཞིག་རེད། དེ་ནི་གཞོན་ནུ་ཚོར་འདུ་འཛོམས་དང་གོ་སྐབས་འཕར་མ་ཞིག་གི་ཆེད་དུའང་རེད།
ཕྱི་ལོ་ ༢༠༠༧ ལོར་ཨིན་ལན་དུ་ཚོགས་འདུ་ཐེངས་དང་པོ་འཚོགས་པ་དང༌། ད་རེས་ཧྤ་རན་སི་ལ་འཚོགས་པ་ནི་ཚོགས་ཐེངས་གཉིས་པ་ཆགས་ཡོད།
དུས་ཡུན་ནི། ཕྱི་ཟླ་ ༩ ཚེས་ ༧ ནས་ ༡༡ བར་ལ་རེད།ང་རང་ས་གནས་སུ་འབྱོར་དུས་ནི། ཚེས་ ༦ ཉིན་གྱི་ཡུལ་དེའི་ཕྱི་དྲོའི་ཆུ་ཚོད་ ༦ པ་ཙམ་ལ་རེད། ཚེས་བདུན་གྱི་ཞོགས་པར་ཚོགས་འདུ་ལ་དངོས་སུ་ཞུགས་པ་ཡིན། ཚོགས་འདུའི་མི་གྲངས་ནི་མང་པོ་མ་རེད།རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་པའི་བགྲོ་གླེང་ཚོགས་ཆེན་དང་བསྡུར་ན་ཚོགས་མི་ཧ་ཅང་ཉུང་ཉུང་རེད། ཡིན་ནའང༌། ཚོགས་མི་དང་ཟུར་ཞུགས་པ་བསྡོམས་པ་ཡིན་ན། བཞི་བཅུ་ནས་ལྔ་བཅུ་ཡས་མས་ཕེབས་འདུག་ལ། དེ་དག་རྒྱལ་ཁབ་བཅུ་བཞི་ཙམ་ནས་ཕེབས་པ་ཆགས་འདུག
བགྲོ་གླེང་གི་ནང་དོན་གཙོ་བོ་སྡེ་ཚན་ཁག་ལྔ་ཙམ་ལ་བགོས་ཡོད་པ་ནི།
1 Religious figures : doctoring and practices.
2 Expression and issues of Modernity.
3 Economies and Society.
4 People and place of power
5 Women section
བཅས་རེད། དེ་དག་གི་ནང་གསེས་སུ་ཆོས་ལུགས། ལོ་རྒྱུས། དགོན་སྡེའི་གནས་སྟངས། ཡུལ་སྲོལ། ཆོ་གའི་རིགས་སོགས་ཀྱི་བརྗོད་གཞི་སྣ་ཚོགས་རེད།
ཚོགས་མི་ཉུང་ངུ་ཞིག་འཛོམས་པ་འདིར་དགེ་མཚན་མང་པོ་ཞིག་མཐོང་སོང༌། དཔེར་ན། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་པའི་བགྲོ་གླེང་ཚོགས་ཆེན་ལ་ཚོགས་མི་རྒན་རབས་དང་གཞོན་རབས། ཟུར་ཉན་པ་བཅས་མི་བཞི་བརྒྱ་ཡས་མས་འཛོམས་ཀྱི་ཡོད་པ་དང༌། དེ་ཚོས་དུས་ཚོད་གཅིག་ལ་ཚོགས་ཁང་བཅུ་ཡས་མས་ནས་སྡེབ་གཅིག་ལ་བགྲོ་གླེང་བྱེད་པ་ཡིན་སྟབས། མི་མང་པོ་ཞིག་འཛོམས་ཡོད་ནའང་དེ་དག་གི་ཕྱེད་ཀའི་ཕྱེད་ཀ་ལས་དཔྱད་གླེང་ཙམ་ལའང་ཉན་ཐུབ་རྒྱུ་ཁག་པོ་རེད། བོད་རིག་པའི་གཞོན་ནུའི་ཚོགས་འདུ་ལྟ་བུ་ཡིན་ན། དེ་འདྲ་མ་རེད། བགྲོ་གླེང་བ་བཅུ་ཕྲག་བཞི་ལྔ་ལས་མེད་པས་ཕན་ཚུན་འབྲེལ་གཏུགས་སོགས་བྱེད་བདེ་བ་དང་དཔྱད་གླེང་ལའང་མང་བ་ཉན་ཐུབ་པ་འདུག
འོན་ཀྱང་བོད་ཕྱི་ནང་གི་བོད་རིགས་ཚོར་དཀའ་ངལ་འཕར་མ་ཞིག་ཡོད་པ་ནི་དབྱིན་སྐད་སྦྱང་ཤ་ཐོན་པ་ཞིག་ཤེས་མཁན་ཉུང་བས་ཕྱི་གླིང་བ་ཚོའི་དཔྱད་རྩོམ་གྱི་ནང་དོན་གྱི་བརྒྱ་ཆ་བརྒྱ་རྟོགས་ཐུབ་མཁན་དཀོན་པ་དེ་རེད། འོན་ཀྱང་ད་རེས་ཕྱི་གླིང་བ་རེ་འགས་སྐད་སྒྱུར་གྱི་གྲོགས་ལ་བརྟེན་ནས་བོད་སྐད་ནང་བགྲོ་གླེང་གནང་སོང་བ་དེས་ངེད་ཚོར་རྒྱུ་ཆ་གསར་པ་རེ་མཁོ་འདོན་གནང་བྱུང༌། གཞན་བོད་པ་ཚོས་སྐད་སྒྱུར་བ་བཙལ་རྐྱང་དང་ཕྱི་རྒྱལ་བ་ཚོས་དབྱིན་སྐད་ནང་བཤད་རྐྱང་བྱས་ན་བསམ་ཚུལ་དེ་ཕྱོགས་གཅིག་ནས་མ་གཏོགས་ལེན་ཐུབ་ཀྱི་མི་འདུག
དེ་ལྟར་ང་རང་གིས་དོ་སྣང་སྤྲོད་ཡུལ་གྱི་བགྲོ་གླེང་བ་འགའ་ཤས་ལས་ཉིན་དང་པོའི་ཚོགས་ཐེངས་གཉིས་པར་སྐལ་བཟང་ཉི་མ་ལགས་ནས་བོན་ཆོས་ཀྱི་སྐོར་མང་དག་ཞིག་དབྱིན་སྐད་ཐོག་ནས་གཏམ་བཤད་གནང་སོང༌། ཁོང་ཉིད་ཀྱི་དབྱིན་སྐད་ཀྱི་སྦྱང་ཚད་དེ་ཧ་ཅང་མཐོ་བས་བོད་པ་ཚོར་དེ་ཙམ་གྱི་གོ་རྟོགས་རག་མེད་པ་འདྲ་ཞིག་བྱུང་སོང༌།
ཚོགས་ཐེངས་གསུམ་པར་Joshua Schapiro ལགས་ཀྱིས་ཆུ་གྲུ་ལུས་ཀྱི་རྣམ་བཞག་སྐོར་དཔྱད་གླེང་གནང་སོང་བས་དེ་ནི་གོང་མཚུངས་ལྟར་བོད་རིགས་མང་ཆེ་བས་རྟོགས་དཀའ་བའི་གནས་ལྟ་བུ་ཆགས་སོང༌། གོང་གི་འདི་གཉིས་ནི་དཔེ་མཚོན་ཙམ་དུ་བཀོད་པ་ཡིན།
ད་ལྟའི་བོད་ཀྱི་ཉག་ཕྲ་བའི་དུས་སྐབས་འདིར་མཁོ་བའི་དཔྱད་གླེང་གི་ཐོག་མ་དེ་ནི་དབྱིན་ལན་ནས་ཕེབས་པའི་བླ་མ་སྐྱབས་ལགས་ནས་ ༨ ་ཉིན་གྱི་ཚོགས་ཐེངས་གསུམ་པའི་བགྲོ་གླེང་༼Modern Tibetan Music and National identity ༽གི་བརྗོད་གཞི་ནི་བོད་མདོ་སྨད་ཕྱོགས་ཀྱི་བདུང་ལེན་གྱི་སྐོར་རེད། བདུང་ལེན་གྱི་ཁྱད་ཆོས་དང་ལེན་མཁན། གཞས་སོགས་ཀྱིས་མཚོན་པའི་གཞིས་བཞུགས་གཞས་པ་ཚོའི་གནས་སྟངས་དང༌། ཁོང་རྣམ་པའི་དཀའ་ངལ། དེ་བཞིན་གྲགས་ཅན་བདུང་ལེན་པ་བདུད་པེའི་གཞས་ཚིག་འགའ་དབྱིན་བསྒྱུར་ཞུས་ནས་ངོ་སྤྲོད་དང༌། ཉེ་བའི་ཆར་གཞས་པ་ཁ་ཤས་བཙོན་འཇུག་བྱས་པའི་ཡོད་སྐོར་དང༌། ཁོང་ཚོས་བཏང་བའི་གཞས་ཚིག་བོད་མི་རིགས་ཀྱི་བདེ་སྡུག་དང༌། རེ་འདུན་སྐོར་གྱི་གཞས་ཚིག་གླེང་སྐབས་ དཔེར་ན་བོད་ཀྱི་རྒྱལ་དར་སོགས་དཔར་རིས་ཀྱི་ལམ་ནས་ངོ་སྤྲོད་གནང་ནས། རིག་གཞུང་རྐྱང་པའི་བགྲོ་གླེང་མ་ཡིན་པར་ད་ལྟའི་གནས་སྟངས་གང་འཚམ་ངོ་སྤྲོད་གནང་སོང་བ་ལྟ་བུ་ནི་གླེང་སྟངས་གསར་པ་ཞིག་རེད།
དེ་ཉིན་གྱི་ཚོགས་ཐེངས་བདུན་པར་སུད་སི་ནས་ཕེབས་པ Anne Sophie Bentz ལགས་ཀྱིས་༼The Dalai Lama in Exile : Metamorphoses of Symbol of Power ༽ཞེས་གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་མཆོག་ནི་བོད་པ་ཙམ་མ་ཡིན་པར་རྒྱལ་སྤྱིའི་མཚོན་རྟགས་ནུས་ཅན་ཞིག་ཡིན་པའི་སྐོར་གྱི་དཔྱད་གླེང་གནང་སོང་བའི་ནང༌། གོང་ས་མཆོག་ནི་ཆོས་ལུགས། ཞི་བདེ། སྙིང་རྗེ་སོགས་ཀྱི་མཚོན་རྟགས་ཁྱད་པར་བ་ཞིག་ཡིན་པ་དང༌།
དེ་ལས་ཆེས་ཁྱད་དུ་འཕགས་པའི་རྒྱལ་ཁབ་ཨ་རི་ལྟ་བུའི་རྒྱལ་དར་ཡང་ཇི་ཙམ་ལེགས་ཀྱང་༼ཤེས་མེད་བེམ་པོ་ཞིག་རེད། གོང་ས་མཆོག་ནི་དེ་ཙམ་གྱིས་མཚོན་མི་ནུས་༽ཞེས་ཧ་ལས་པའི་དཔྱད་གླེང་ཡག་པོ་ཞིག་གནང་སོང༌། དེ་བཞིན་བུད་མེད་སྐོར་གྱི་སྡེ་ཚན་ནང་ནས་ཡིད་ངོར་འགྲོ་བའི་དཔྱད་གླེང་བ་མང་པོའི་ནང་ནས་མངོན་གསལ་དོད་ཤོས་གཅིག་ནི་Finland ནས་ཡིན་པའི་ Mitra Harkonen ནས་༼The Popularity of Nunhood among the Khampa Women in Contemporary Tibet ༽ཞེས་པ་ཁམས་ཕྱོགས་ཀྱི་བཙུན་དགོན་ཅིག་གི་གནས་སྟངས་དང༌། སློབ་གཉེར་སྐོར་དང༌། དེ་བཞིན་བཙུན་མའི་སྐོར་གྱི་གནས་སྟངས་མང་པོ་ཞིག་ལ་དཔྱད་ཞིབ་གནང་འདུག་པ་དེ་རེད། ཁོ་མོས་བཙུན་མ་མི་ཉུང་བ་ཞིག་ལ་བཅར་འདྲིའི་ལམ་ནས་དཔྱད་རྩོམ་ཞིག་བརྩམས་འདུག་པ་དེ་ནི་ཉན་བྲོ་བ་ཞིག་དང༌། དཔྱད་ཐབས་དེ་ཡང་མ་འདྲ་བ་ཞིག་མཐོང་སོང༌། དེ་ལས་བཙུན་མ་མང་དག་ཞིག་གིས་ཆང་ས་རྒྱག་འདོད་མེད་པར་བཙུན་མ་བྱས་པའི་སྐོར་དང་དེ་བཞིན་བཟའ་མི་བུ་ཕྲུག་གཉོར་སྐྱོང་གི་ལས་ཀ་དེ་ནི་ཆེས་རྙོག་འཛིང་ཆེ་བས་འཁོར་བ་ནས་བུད་དེ་ཆོས་སྒོར་རབ་ཏུ་བྱུང་སྐོར་བཅའ་འདྲི་ཞུ་ཡུལ་གྱི་བཙུན་མ་རྣམས་ནས་དྲི་ལན་ བཏབས་པ་རྣམས་ལུང་འདྲེན་གནང་འདུག
གང་ལྟར་ཡང་དཔྱད་རྩོམ་འབྲི་སྟངས་དེ་དམིགས་བསལ་ཞིག་དང༌། ང་ཚོས་དེ་རིགས་ལ་སློབ་སྦྱོང་བྱེད་དགོས་པའི་བློ་སྐྱེད་ཡང་མི་དམན་པ་ཞིག་ཐོབ་པ་ལྟ་བུ་བྱུང༌།
དེ་ལྟར་ཉིན་གྲངས་ལྔའི་རིང་གི་ཚོགས་འདུ་ལེགས་འགྲུབ་བྱུང་སོང༌། རྒྱལ་ཁབ་མི་འདྲ་བ་དང་སྐད་ཡིག་མི་གཅིག་པའི་མི་མང་པོ་ཞིག་ས་ཆ་གཅིག་ལ་འཛོམས་ནས་བོད་ཀྱི་རིག་གཞུང་ལ་བགྲོ་གླེང་གི་ཚོགས་འཛོམས་རྗེས་ཀྱི་དྲན་ཚོར་རམ། ཡིད་སྨོན། རེ་བ། ད་དུང་རྨི་ལམ་ཞིག་གཏོང་འདོད་པ་ནི། བགྲོ་གླེང་བསྐོང་ཚོགས་དང་གོ་སྒྲིག་འདི་འདྲ་བཙན་བྱོལ་བོད་ཀྱི་སྤྱི་ཚོགས་ནང་ནས་ཀྱང་གནང་ཐུབ་པ་ཡིན་ན། ན་གཞོན་ཚོར་ཕན་ཚུན་རྒྱུས་ལོན་དང་ལྟ་ཚུལ་སྤེལ་རེས་ཀྱི་ཕན་ཐོགས་ཤིག་ཏན་ཏན་ཡོང་ངེས་སྙམ་པ་འདི་ལགས།
ཆུ་སྐྱེས་སྒྲོལ་མ་ལགས།
བདེ་བླག་ཏུ་འབྱོར་ཐུབ་པར་འཚམས་འདྲི་དང་རྗེས་སུ་ཡི་རངས་ཡོད།
ཚོགས་འདུ་དེར་ཞུགས་སྟངས་ཇི་ལྟར་རེད་དམ།
ཚོགས་མི་འདེམས་སྒྲུག་སུ་ཞིག་གིས་བྱེད་ཀྱིན་ཡོད་དམ།
ཚོགས་བཅར་ཞུ་བར་རྩ་བའི་ཆ་རྐྱེན་གང་དག་ཚང་དགོས་སམ།
འདི་ནི་དྲ་གྲོགས་མི་ཉུང་བ་ཞིག་གི་ཚབ་མཚོན་དྲི་བ་ཡང་ཆགས་སྲིད་པ་རེད།
དེར་བརྟེན་ལན་འདེབས་ཤིག་གནང་གང་འདྲ་འདུག་གམ།
བསེ་རུ་ལགས་ནས།
ཚོགས་འདུ་དེར་ཞུགས་སྟངས་ཇི་ལྟར་རེད་དམ། ཚོགས་མི་འདེམས་སྒྲུག་སུ་ཞིག་གིས་བྱེད་ཀྱིན་ཡོད་དམ། ཚོགས་བཅར་ཞུ་བར་རྩ་བའི་ཆ་རྐྱེན་གང་དག་ཚང་དགོས་སམ།
ཞེས་དྲི་བ་བཀོད་གནང་འདུག་པར་ལན་མདོར་བསྡུས་ཤིག་ཞུས་ན། ཚོགས་འདུར་ཞུགས་པར་ཚོགས་པའི་ངོས་ནས་སྐད་གཏོང་བ་དང་། སོ་སོའི་ངོས་ནས་ཕར་སྙན་ཞུ་འབུལ་བ་དང་རང་ཉིད་ངོ་སྤྲོད་ཞུ་བའི་ལམ་ཁ་གཉིས་ཡོད་པ་རེད། ཚོགས་མིར་ངོས་བཞེས་གནང་ཕྱོགས་དང་འདེམས་སྒྲུག་ནི། ཚོགས་པའི་རྒྱུན་ལས་ནས་ཐག་གཅོད་ཀྱི་འདུག ཡིན་ནའང་། ཐག་གཅོད་ཀྱི་གཞི་འཛིན་ས་དེ་སྙན་ཞུ་དང་ངོ་སྤྲོད་ཁོ་ན་ལ་བཞག་གི་མེད་པར། ཞིབ་འཇུག་གི་ལས་ལ་ཞུགས་པའི་ཉམས་མྱོང་དང་ལོ་རྒྱུས། ད་དུང་བོད་རིག་པའི་ཚོགས་མི་རྒན་པ་ཁག་ཅིག་གི་དགོངས་ཚུལ་ལའང་གཞི་འཛིན་གྱི་འདུག་པ་སོགས་སྔོན་གྱི་སྐབས་ལ་མཚོན་ན་དེ་འདྲ་ཞིག་རེད་འདུག དེ་ནི་ངས་ཡིག་ཆ་ཁག་ཅིག་དང་། འབྲེལ་ཡོད་ཁག་ཅིག་ལས་ཤེས་རྟོགས་བྱུང་བ་འདིར་བཀོད་པ་ཡིན།
གལ་སྲིད་འདི་ལས་རྒྱས་པ་དགོས་གལ་བྱུང་ན། ད་རེས་ངེད་རང་བོད་རིག་པའི་གཞོན་ནུའི་གྲོས་ཚོགས་ཀྱི་རྒྱུན་ལས་ཀྱི་ཁོངས་སུའང་འདམས་ཐོན་བྱུང་ཡོད་སྟབས། ལས་རོགས་ཚོར་བཀའ་འདྲི་སོགས་བརྒྱུད་ནས་ཁ་གསལ་ཙམ་འབྲི་ཆོག་གི་རེད།
འོ་ཚེ་རིང་རྒྱུ་མ། ད་དེ་ལྟར་བོད་རིག་པའི་ཚོགས་འདུ་ལ་ཕེབས་ཐུབ་པ་སྤྱི་དོན་ཡིན་པས་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན།