ནམ་མཁའ།
ང་ཚོའི་རང་ས་དྲོན་མོ་གཞན་ལག་ཏུ་ཤོར་ནས་ལོ་ངོ་ལྔ་བཅུ་ལྷག་རྒལ་སོང་། ལོ་ངོ་ལྔ་བཅུའི་རིང་རེ་སྒུགས་སྐོམ་པའི་ཆུ་འདོད་པ་ལྟར་རྒྱབ་ཡོད། ཡིན་ཡང་དེ་རིང་ད་རུང་ཡང་རེ་སྒུགས་ཀྱི་སྣེ་མོ་ལ་འཇུས་ཏེ་འགྲོ་བཞིན་པའི་སྒང་རེད། རྒྱ་ནག་གི་འགོ་ཁྲིད་རེ་རེ་བརྗེ་བའི་དུས་ལ་སླེབས་དུས་བོད་གཞི་བྱེས་གཉིས་ཀྱིས་རེ་བ་ཆེན་པོ་ཞིག་གིས་ཁ་གདངས་ཚོད་ག་ལ་ཟིན། རྒྱ་གཞུང་གིས་འགོ་ཁྲིད་རེ་རེ་བཞིན་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་འགྲོ་རྒྱུ་ལས་མཁྲེགས་འཛིན་སྔར་ལས་ཆེ་རུ་ཕྱིན་ཡོད། འོན་ཀྱང་བོད་ཀྱི་རེ་སྒུགས་ལ་རྫོགས་མཐའ་ཞིག་ག་ལ་མཆིས། ལོ་ལྔ་བཅུའི་རེ་སྒུགས་ལ་འབྲས་བུ་མ་སོན་པས་སྙིང་སྟོབས་ཀྱི་མེ་ལྕེ་ཡང་བོད་ཕྱི་ནང་གཉིས་ནས་གྲངས་ལྔ་བཅུ་བརྒལ་སོང་། རི་སྒང་དེ་ནས་མར་མེ་ཁྲོམ་སྐོར་ཡང་གྲངས་ལྔ་བཅུ་རྒལ།འོན་ཀྱང་ད་རུང་ཡང་འཛམ་གླིང་གི་གསར་ལམ་ཁག་ཏུ་ཡང་མ་ཚུད་པར་ལུས་ཡོད། བོད་མི་ལྔ་བཅུའི་ཚེ་སྲོག་ལ་མེ་སྒྲོན་པའི་གསར་འགྱུར་བོད་ཕྱི་ནང་གཉིས་ཀྱི་མི་རིགས་རང་གི་གསར་འཕྲིན་ཁོ་ན་གྱུར་འདུག ཡིན་ཡང་ང་ཚོས་ད་རུང་ཡང་དྲང་བདེན་གྱི་ལམ་དུ་བསྐྱོད་བཞིན་དྲང་བདེན་ལ་འབྲས་བུ་ཞིག་འབྱུང་འདོད་ཡོད། ཡིན་ད་ཡིན་ང་ཚོ་ལས་འབྲས་འདོད་པའི་མི་རིགས་ཉམས་ཆུང་ཞིག་གི་གཤིས་ཀ་དང་བསམ་བློའི་ཤུགས་རྐྱེན་ལ་འགྱུར་བ་གཏོང་བ་ལས་སླ་བོ་ཞིག་ག་ལ་ཡོད། རེད་དེ་འཛམ་གླིང་འདི་ལ་དྲང་བདེན་གྱི་ལས་ལ་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་རེད་དམ། དྲི་བ་འདི་ངས་རང་ཉིད་ལ་ཐེངས་མང་པོར་བཀོད་མྱོངས་ཡོད། འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཚོར་དྲང་བདེན་གྱི་ཚིག་སྐམ་པོ་ཙམ་མ་གཏོགས་དོན་ངོ་མར་ལག་ལེན་དུ་བསྟར་འདོད་ནམ་ཡང་མེད།
ངས་འདི་ནས་དཔེ་མཚོན་འགའ་ཞུ་རྒྱུ་ཡིན། ༢༠༠༣ལོར་ཨ་རི་དང་ཨིན་ལིན་ཊི་གཉིས་ཀྱིས་༼ཨེ་རག་༽ལ་དམག་རྒྱག་དུས། འཛམ་གླིང་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མོས་མཐུན་བྱས་མེད་པ་མ་ཟད། ཧྥུ་རན་སི་གཙོ་བྱས་བའི་རྒྱལ་ཁབ་སྟོབས་ཆེན་རྒྱལ་ཁབ་འགས་དམག་འཁྲུག་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཡོད། འོན་ཀྱང་ཨེ་རག་ལུང་པར་ས་སྣུམ་གྱི་ཐོན་ཁུངས་ཆེན་པོ་ཡོད་པས་རྒྱལ་ཁབ་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་རྩིས་མེད་དུ་བཏང་སྟེ་དམག་འཁྲུགས་རྒྱབ། ཐ་ན་སཱ་རྡམ་མཱོ་ཡང་ས་འོག་ཏུ་ཡིབས་དགོས་བྱུང་བ་མ་ཟད། ཐ་མར་སྲོག་ཁྲིམས་ཡང་བཅད། སྔོན་ལོར་ལེ་སྦི་ཡ་ཡི་རྒྱལ་ཁབ་དེ་ཡང་དཔལ་འབྱོར་ཐོན་ཁུངས་ཡོད་པས་ཧྥུ་རན་སིས་ཁ་མདོག་གསུམ་ལྡན་དར་ཆ་དང་པོ་འཕྱར་ཏེ་།འཛམ་གླིང་ལ་གནས་ལུགས་གཞན་ཅི་ཡང་མ་བཤད་པར་དམག་འཁྲུགས་ལ་སོང་། གཅིག་རྗེས་གཉིས་མཐུད་ཀྱིས་སྟོབས་ཆེན་རྒྱལ་ཁབ་ཚོས་མ་གྲོས་གཅིག་མཐུན་གྱིས་གྷ་རྡ་ཧྥེ་འཇིགས་སྐུལ་རིང་ལུགས་པ་ཞིག་ཡིན་ཚུལ་སོགས་བཤད་དེ་དམག་འཁྲུགས་རྒྱབ།ཐ་མ་གྷ་རྡ་ཧྥེ་ཡང་ཆུ་ཁུང་ནང་དུ་ཡིབས་དགོས་བྱུང་སྟེ་ཐ་མར་ཁོའི་ཚེ་སྲོག་ཀྱང་དེར་རུ་ཤོར། འདི་དག་ཚང་མ་དྲང་བདེན་ལ་རྒྱབ་སྐྱོར་ཞིག་མ་ཡིན་པར་ཁེ་ཕན་ཁོ་ནའི་ཆེད་དུ་ཡིན།དེ་ཡང༼སཱེ་རེ་ཡ་༽་ནང་འཁྲུགས་ལ་རྒྱང་རིང་ནས་ལྟད་མོ་ལྟས་ནས་ཡོད་པ་འདིས་གསལ་བོ་ཤེས་ཐུབ།ད་རུང་་ཁ་གཡར་ས་༼རྒྱ་ནག་དང་ར་ཤེ་ཡ་༽གཉིས་མོས་མཐུན་མེད་ཚུལ་སོགས་བཤད་བཞིན་པ་ང་ཚོས་མཐོང་གསལ་རེད།དེ་མིན་༼ལེ་སྦི་ཡ༽ཡི་མི་དམངས་ཀྱི་ཚེ་སྲོག་དང་༼སེ་རེ་ཡ༽ཡི་མི་དམངས་ཀྱི་ཚེ་སྲོག་གི་བར་ལ་རིན་ཐང་ཆེ་ཆུང་ཡོད་དགོས་བའི་རྒྱུ་མཚན་ཅི་ཡང་མེད། དེ་གཉིས་ཀ་ཁ་ཆེ་ཡིན་པ་འདྲ་མཉམ་ཡིན་པ་མ་ཟད།སྲིད་དབང་སྒེར་གཅོད་པ་ཡིན་པ་ཡང་གཅིག་མཚུངས་ཡིན། ང་ཚོས་ད་རུང་ཡང་དྲང་བདེན་དང་འཚེ་མེད་ཞི་བ་སོགས་ཀྱི་རང་དབང་རྩོད་ལེན་བྱས་ཏེ།རང་གི་བྲང་ཁོག་ནས་བརྒྱུད་པའི་བུ་ཕྲུག་ཡན་བཞག་སྟེ།མི་གྲངས་ལྔ་བཅུ་ལྷག་གི་ཚེ་སྲོག་ལ་མེ་སྒྲོན་ན་ཡང་ད་རུང་འཛམ་གླིང་གི་གསར་འགྱུར་ཁག་ཏུ་མི་ཚུད་པས་དྲང་བདེན་ཟེར་བའི་མིང་ཚིག་འདི་དཔལ་འབྱོར་གྱི་ཐོན་ཁུངས་མེད་པའི་བོད་ལུང་པ་ལྟ་བུ་ཞིག་གི་སྟེང་ལ་ནམ་ཡང་འབྱོར་ཐུབ་མི་འདུག་སྙམ། སྤྱིར་འཛམ་གླིང་གི་གསར་འགོད་པ་ཚོས་གསར་འགྱུར་ཚ་བོ་བཟོ་ཆེད་།ཁོང་ཚོའི་ལག་ཏུ་གསར་འགྱུར་མ་རེག་པར་གསང་བ་ལྐོག་ཉན་སོགས་བྱས་ཏེ་གསར་ཁང་ཁ་ཤས་ཁྲིམས་འགལ་བྱུང་བ་ཡང་ཡོད། ཡིན་ཡང་ང་ཚོའི་བོད་མི་རིགས་ཀྱི་དཔའ་བོ་དང་དཔའ་མོ་ཚོའི་ཆེས་ཤིན་ཏུ་རིན་ཐང་ཆེ་བའི་མི་ལུས་རིན་པོ་།རང་དབང་འཐབ་རྩོད་ཆེད་མེ་སྒྲོན་ཀྱང་འཛམ་གླིང་གི་གསར་འགོད་པ་ཚོའི་མིག་མདུན་ན་རིན་ཐང་ཅི་ཡང་མེད་པར་གསར་འགྱུར་སྒྲོགས་སྦྱངས་ཙམ་གྱི་གྲལ་དུ་མི་ཚུད་པ་འདིས་འཛམ་གླིང་ལ་མི་དགོས་བ་ནི་དྲང་བདེན་ཞེས་བ་འདི་ཡིན་པ་གསལ་བོ་རེད། གང་ལྟར་ང་ཚོས་ཀྱང་འཐབ་རྩོད་ཀྱི་ངོ་བོ་འདི་གཞན་ཞིག་ལ་བསྒྱུར་ཐབས་བྱེད་དགོས་ཀྱི་འདུག
༢༠༠༨ལོར་བོད་ཆོལ་གསུམ་ཡོངས་ནས་ཞི་རྒོལ་ཆེན་མོ་བྱུང་བས་འཛམ་གླིང་ནས་དོན་སྣང་གསར་བ་ཞིག་སླེབས་ཡོད། མེ་བསྲེགས་ལས་འགུལ་ནས་ཡང་བསྐྱར་ཞི་རྒོལ་ཞིག་གི་ངོ་བོ་བསྒྱུར་ཐབས་ལ་འབད་ན་ལེགས་སྙམ། དཔེར་ན་བོད་རྒྱ་གྲོས་མོལ་དང་སྐད་ཡིག་རང་དབང་དྲག་དམག་ཕྱིར་འཐེན་བྱེད་དགོས་བའི་ཞི་རྒོལ་གྱི་ངོ་བོ་བསྒྱུར་དགོས་བའི་འབོད་སྐུལ་བྱེད་དགོས་བར་སྙམ། འཛམ་གླིང་ལ་དགོས་བ་ནི་ཟང་ཟིང་གི་ངོ་རྒོལ་ཡིན་ལ།དེ་དག་ཁོང་ཚོས་གསར་འགྱུར་བརྒྱུད་ལམ་ནས་བསྐྱར་བཤད་དང་ཡང་བཤད་བྱེད་རྒྱུ་ཡིན་པ་ཐེ་ཚོམ་ཅི་ཡང་མི་འདུག་སྙམ། དེ་མིན་མི་རེ་རེ་ཡི་རང་ལུས་མེ་བསྲེགས་ཅི་ཙམ་བྱས་ཀྱང་དེ་རིང་གསར་ལམ་ཁག་ཏུའང་མ་ཚུད་པས་འབྲས་བུ་ཞིག་གང་མགྱོགས་ཐོན་དཀའ་བར་འདུག དེ་མིན་མི་ནུས་པ་ཅན་ཞིག་གིས་མེ་བསྲེགས་ལས་འགུལ་མཚམས་འཇོག་བྱེད་དགོས་བའི་འབོད་སྐུལ་བྱེད་དགོས་བའི་རེ་བའང་ཤིན་ཏུ་ཆེ། མི་ཁ་ཤས་ཀྱིས་ང་ལ་ཁྱེད་ཀྱིས་ཁ་བཙུམས་ནས་སྡོད་ལབ་ན་ཡང་ཆོག ཡིན་ཡང་ངའི་རང་གི་སེམས་ནས་བཟོད་ཐབས་མི་འདུག་པས་བསམ་ཚུལ་ཕྲན་བུ་རེ་མ་བཤད་ཐབས་མེད་རེད།འོན་ཀྱང་ངའི་བསམ་ཚུལ་ལ་ནུས་པ་ཞིག་མི་ཐོན་པ་ངས་གསལ་བོ་ཤེས་ཐུབ། གང་ལྟར་བྱེད་ཐབས་གཞན་ཞིག་གི་ངོ་བོ་བསྒྱུར་ཐབས་ལ་འབོད་སྐུལ་ཞུས་པ་ཡིན། ༡/༩/༢༠༡༢ལ་ཡོ་རུབ་ནས་བྲིས།
མེ་བསྲེགས་ལས་འགུལ་འདིས་འཛམ་གླིང་སྟེང་འགུལ་སྐྱོད་ཞིག་བྱེད་ཐུབ་མ་སོང་མོད།ཡིན་ཡང་མཚམས་འཇོག་བྱེད་དགོས་བའི་འབོད་སྐུལ་བྱས་ཚེ་ནུས་པ་ཅན་ཚོས་ཀྱང་སྣང་མེད་དུ་བཞག་འདུག
མི་ནུས་མེད་ཚོས་སེམས་ནས་མ་བཟོད་པར་ཅི་ལྟར་བྱས་ཀྱང་ཐབས་ཟད་སོང་།
རེད་བསམ་ཚུལ་ལ་འཐད་པ་ཡོད།ད་རུང་འདི་ལྟར་མེ་བསྲེགས་ལས་འགུལ་བརྒྱ་སླེབས་ཀྱང་ནུས་པ་ཞིག་མི་ཐོན་ཡང་། མཚམས་འཇོག་གི་བྱེད་དགོས་བའི་གསུངས་མི་འཇོན་པའི་རྒ྅ཡུ་མཚན་གང་ཡིན་ནམ།དེ་ལས་ཟང་ཟིང་གི་ལས་འགུལ་ཆོལ་གསུམ་ནས་སྤེལ་ན་ནུས་པ་ཐོན་སྲིད།
རེ་སྨོན་གྱི་སྟོང་སེམས་ལ་ནི་ཕ་མཐའ་བྲལ། རང་ལུས་ལ་མཆེད་པའི་མེ་ལྕེ་ནི་མཁའ་ལ་རེག་ཀྱང། དགྲ་བོའི་བ་སྤུ་གཅིག་སྤྲེག་མི་ནུས། སྐད་འབོད་གྱི་དར་ཆ་དགུང་ལ་ཕྱར་ཀྱང་གཞན་སྲོག་གི་འཚོ་བའི་གཅན་ཟིན་ལྟར་དགྲ་བོའི་ཧམ་སེམས་གྱིས་དུག་བླང་འཐིབ། རང་དབང་གི་ཆེད་དུ་བཞུར་བའི་ཁྲག་གྲོན་གྱིས་ས་གཞིའི་ཁ་དོག་བརྒྱུར་ཀྱང་མེ་མདའི་ཁ་ནས་འཚོ་བའི་ཆབ་སྲིད་ལ་ཁྲག་མདང་གི་གཟི་འོད་རྒྱས། ཞི་བདེ་ཡི་ཉི་ཟླ་ཟུང་ཞིག་ནུབ་རི་ཡི་ཕག་དུ་ཡིབ་པས་མུན་ནག་གི་ཀློང་དུ་ལས་པ་ཁྱུ་ཞིག་གིས་འབོད་སྒྲ་ནི་སུ་ཡི་ཐོས། འདི་ནི་འཇིག་རུང་གི་དུར་ཁྲོད་ནང་དུ་ལས་པའི་ཉམས་ཆུང་བྱས་པ་ཞིག་གི་ངུ་སྐད་དང་མཚུངས། ཀྱེ་མ། ད་ནི་གཞན་གྱི་ཆེད་དུ་རང་ལ་རྒོལ་བའི་འདུན་མ་བོར་ནས་མི་མངོན་སྦྲང་ཆུང་ཞིག་དུ་རྫས་ནས་དགྲ་བོའི་སྙིང་དབུས་ནས་ཀེ་སར་གྱི་ཟེ་འབྲུ་ལ་རོལ་དེ་རང་གི་ལས་ཟུང་གསོ་བའི་དུས་མིན་ནམ། ཨ་ཤེ་རེ་ཁོ་ཤེ་རེ་ཁོ།
མེར་སྲེག་ལས་འགུལ་འདི་སྡེ་བ་ཞིག་གི་ལོ་གཅིག་གི་རྩིས་ཁྲ་དང་འདྲ་ལ། ང་ཚོ་ནི་དེའི་གྲངས་འབོར་རྩི་མཁན་གྱི་གཉེར་བ་རྒན་འཁོག་ཁྱུ་གཅིག་ཡིན་ནོ།།
རེད་ལགས། ཀླུ་སྨྱོན། རང་གིས་བཤད་པ་དེ་བདེན་པ་རེད། ཁྱོད་རང་ནམ་རྒྱུན་རྒྱོ་ཡིག་འཁྲིག་སྦྱོར་གྱི་ཡི་གེ་བྲིས་ཡས་ལ་དགའ་པོ་འདུག་པས་དེ་རེས་ཁྱོད་ནས་ཀྱང་གྲངས་ཀ་བརྩིས་ནས་མི་སྡོད་པར་རྩོམ་རྩལ་དེ་རེ་ཞིག་མི་ལུས་ལྔ་བཅུའི་ལོ་རྒྱུས་དང་། ཁྱིམ་ཚང་། སྤྱི་ཚོགས་འབྲེལ་བ་།དེ་དག་གི་མི་ཚེའི་སྒྲུང་གཏམ་དང་སྦྱར་ནས་ཡི་གེར་བྲིས་ནས་འགྲེམས་སྤེལ་བྱས་ན་མི་ལུས་ལྔ་བཅུ་དེ་མི་ལུས་ལྔ་སྟོང་དང་ཁྲི་སྟོང་དུ་ལྡབ་འགྱུར་དུ་སོང་ནས་བོད་པའི་དཀྱིལ་དུ་མ་ཟད་འཛམ་གླིང་ཐོག་ཏུའང་་འགུལ་བ་ཞིག་ཏན་ཏན་གཏོངཐུབ་་སྲིད། ཁྱོད་ཀྱང་(ངས་རང་ལུས་མེར་སྲེག་སྐོར་གྱི་རྩོམ་ཡིག་ཉི་ཤུ་སྤེལ་ཟིན། འདི་་མ་བྲིས་ནས་ཁྱོད་ཀྱིས་ངས་ཁ་རྒྱག་པ་བཤད་ཀྱི་འདུག་བསམ་སྲིད)བལྟས་མོ་བ་ཞིག་ལྟ་བུར་མི་སྡོད་པར་རང་གི་བཏོན་ཐུབ་པའི་རྩོམ་གྱི་ནུས་པ་འདོན་སྤེལ་བྱས་ན་ཁྱོད་ལྟ་བུ་ཕྱིར་རྒྱར་འཁྱམས་པ་པོའི་དགོས་པ་དམིགས་ཡུལ་དེ་བསྒྲུབ་པ་རེད་ལ་སང་ཉིན་རང་ལུས་མེར་སྲེག་གི་གསར་འགྱུར་གོ་སྐབས་སེམས་ལ་ཅུང་ཟད་བདེ་ཙམ་ཡོང་གི་རེད། མ་རེད་པས། ལོའོ། ཨ་རོ༏
ཁ་བ་གངས་ཅན་པའི་ལས་དབང་དང་འབྲེལ་བའི་སྐད་ཆ་ཞིག་རེད། རྒྱལ་བཅེས་བོད་མི་ལྔ་བཅུ་ལྷག་གིས་ཚེ་སྲོག་གི་མེ་མཆོད་འདིས་ངའི་སེམས་སྟེང་དུ་གཟོད་ཐབ་མེད་པའི་ཚོར་སྣང་ཞིག་ཡོང་གི་འདུག། བོད་མི་རིགས་ཀྱི་དཔལ་རྒོད་འདི་དག་ནི་རང་གི་ལུས་སྲོག་དང་རང་གི་ནང་ཉེར། རང་གི་ཁྱིམ་གཞི་དང་རང་གི་ཡུལ་སྡེ། རང་གི་མི་རིགས་དང་རང་གི་ཡོད་ཚོད་བཅས་དང་བྲལ་ནས་རང་ཉིད་ཁེ་རྐྱང་དུ་འཇིག་བརྟེན་འདི་ནས་བཞུད་དགོས་དོན་གང་ཡིན་ནམ། དེ་དག་གི་རེ་བ་དང་དམིགས་ཡུལ། དེ་དག་གི་བློས་སྟངས་དང་སྙིང་སྟོབས་བཅས་ལ་ཕྱིར་དྲན་ཞིག་ངེས་པར་དུ་དགོས་འདུག། དེ་དག་གིས་རེ་བ་སུ་ལ་རྒྱབ་འདུག། དེ་དག་གིས་དམིགས་འདུན་གང་ཞིག་རེད་འདུག། དེ་དག་གི་རེ་དམིགས་ལ་ངེད་ཚོ་ལྷག་ལུས་པ་དག་གིས་ཅི་ཞིག་འཇོན་གྱི་འདུག། ཁ་ཙམ་དང་ཚིག་ཙམ་མ་ཡིན་པས་དྲང་བདེན་ལ་དགའ་བའི་རྒྱལ་ཕྱི་ནང་དག་གིས་གང་ཞིག་རྒྱབ་སྐྱོར་དང་རོག་རམ་བྱེད་ཀྱི་འདུག། འཛམ་གླིང་འདིའི་སྟེང་དུ་ཆེས་གྲངས་ཉུང་མི་རིགས་འདིའི་རྒྱལ་ཞེན་པ་དག་དག་འདི་མོར་སྤྱོད་ནས་བཞུད་སོང་བ་ཡིན་ན་འཇུག་འབྲས་གང་ཞིག་འབྱུང་མེད་སྐོར་སུ་ཞིག་གིས་འགན་ལེན་བྱེད་ཐུབ་བམ། དུས་ནམ་ཞིག་ནས་ཁོང་ཚོའི་རེ་དམིགས་ལ་དོན་ཕན་འདྲ་འབྱུང་སྲིད་དམ། ཆོས་སྲིད་ཟུང་འབྲེལ་དང་ལྷ་མིའི་མཉམ་སྦྲེལ་འདིས་བོད་ལ་ཅི་ཞིག་ནུས་སམ། ངེད་ཚོ་གསོན་པོ་དག་གིས་ཡང་སུ་ལ་རེ་བ་རྒྱབ་དགོས་སམ། རེ་བ་སྟེང་དུ་རེ་བར་དམིགས་ནས་སྡོད་རྒྱུ་ཡིན་ནམ། བོད་རེ་བས་ཕུང་ཞེས་པ་དེ་ཅི་མི་བདེན། རེ་བ་ཙམ་དང་སེམས་བཟང་ཙམ་གྱིས་བོད་མི་རིགས་ཀྱི་ཚེ་སྲོག་འདི་སྐྱོབ་མི་ཐུབ་པས་ད་ནས་མི་རིགས་ཀྱི་ལས་དབང་འདིའི་ཁ་ཕྱོགས་གང་ཞིག་སྒྱུར་དགོས་མིན་སྐོར་རྣོ་བསམ་ངེས་པར་དུ་གཏོང་དགོས་སོ།།
ངས་ཡང་ཅིག་མ་བཤད་པར་ཡོང་མ་སོང་། བོད་ཀྱི་འདས་ཟིན་པའི་ལོ་རྒྱུས་དང་མ་འོངས་བའི་གཟི་བརྗིད་ཀྱི་ཆེད་དུ། བོད་མིའི་ད་ལྟའི་སྡུག་བསྔལ་དང་མ་འོངས་པའི་བདེ་སྐྱིད་ཀྱི་ཆེད་དུ། རྒྱལ་ཞེན་པ་དང་བོད་ཞེན་པ་དབའ་བོ་དབའ་མོ་དེ་ཚོ་ཚང་མས་སྔ་འདང་དང་ཕྱི་འདང་གི་བསམ་གཞིགས་དཔོག་མི་ཐུབ་པ་ཞིག་གིས་སྔུན་བསུས་ནས་རང་ལུས་མེ་ལ་སྒྲོན་པ་ནི་ལྐུག་རྟགས་མཚམས་བཞག་ཟེར་དགོས་སའི་གནས་ཤིག་གང་ལ་ཡིན། འདི་ནི་བླ་ཆེན་དང་དཔོན་ཆེན་ཞིག་གི་རྐུབ་སྲུང་བའི་ཆེད་དུ་མ་ཡིན་པས་ན་ཅི་ཕྱིར་དེ་ལ་ཁོང་ཚོས་བཀག་འགོག་བྱེད། འདི་ནི་བོད་རྒྱལ་ཁབ་དང་བོད་མི་རིགས་ཞིག་གི་བདེན་པ་རྒྱལ་བའི་འཐབ་བརྩོད་དང་དྲག་པོའི་དཔུང་ལ་འཇིགས་པ་མི་ཞུམ་པར་བོད་མི་རིགས་ཀྱིས་མ་འོངས་བར་བཞག་པའི་དུས་རབས་ཞིག་གི་ལོ་རྒྱུས་རེད། འདི་ལ་གཟི་བརྗིད་ལྡན། འདི་ལ་ལོ་རྒྱུས་ལྡན། འདི་ལ་ཐབས་ཤེས་ལྡན། འདི་ལ་མི་རིགས་ཞིག་གི་གུས་བཀུར་ལྡན། འདི་ལ་ཆོལ་གསུམ་བོད་རིགས་ཡོངས་ཀྱི་རྡོག་རྩ་གཅིག་ལ་ལེན་པའི་གསོན་སྐུལ་ལྡན། འདི་ལ་རྒྱ་ཁྱི་ཚོར་མི་ཆོས་ཀུན་སྤྱོད་མེད་པའི་དམའ་འབེབ་ལྡན། འདི་ལ་དུས་རབས་ཉེར་གཅིག་པའི་དུས་མཚམས་འདིར་རྒྱ་བོད་གཉིས་ཁ་ཁ་སོ་སོ་ཡིན་པའི་ཁྱོ་ཤི་ང་གསོན་གྱི་རྒྱལ་ཁབ་འཐབ་བརྩོད་ལྡན། དེ་ན་མེ་ལ་སྲེག་མཁན་གྱིས་མེ་ལ་སྲེག། ཆུ་ལ་མཆོང་མཁན་གྱིས་ཆུ་ལ་མཆོང་། དགྲ་ལ་འཐབ་མཁན་གྱིས་དགྲ་ལ་འཐབ། ཁྲིམས་ལ་གཏུག་མཁན་གྱིས་ཁྲིམས་ལ་གཏུག། རོགས་སྐྱོར་འཚོལ་མཁན་གྱིས་རོགས་སྐྱོར་འཚོལ་བ་སོགས་ང་ཚོ་བོད་མི་ཚང་མས་རང་ལུས་ཀྱིས་ལྕོགས་ཚད་དང་ནུས་ཚད་རེ་བྱེད་དགོས་པའི་དུས་ཤིག་ཡིན་པ་ལས་རྟ་ཁ་ཕྱིར་ལ་འཐེན་ཚད་ཞིག་གང་ནས་ཡིན། མདོ་དོན་ཉལ་སའི་ནང་ནས་ཤ་ཚ་བའི་ཁ་བརྡར་ན་གོ་མི་ཆོད་པའི་དུས་རེད་འདུག་ན། ཚང་མ་ཕྱི་ལ་དོན་ཤོག་ཟེར་བ་ཡིན། དེ་ནས་གནས་ཚུལ་འདི་གནས་ཚུལ་ཞིག་དུ་འགྲོ་བ་རེད་ནམ་མཁའ་ལགས། རྣ་བར་མི་འགྲོ་པའི་སྟོང་གཏམ་འདྲ་ཡོན་ན་གུ་ཡངས་གནང་རོགས་ཞུ།
བོད་པ་ཚང་གི་གནས་ཚུལ་ཛ་དྲག་དེ་ཚོ་རྒྱལ་སྤྱིའི་གསར་འགྱུར་ནང་མི་ཐོན་པ་ནི་བློ་ཕམ་རེད།
སྐྱོན་གྱིས་མ་གོས་སྤྱན་རས་གཟིགས་དབང་ཉིད།།
སྟོང་གསུམ་མེ་ཡིས་བཀང་བར་བྱས་གྱུར་ཀྱང་།།
ཁྱེད་ཀྱི་རྣམ་པ་གཞན་དུ་འགྱུར་མེད་པས།།
གསེར་ལྟར་ལྷམ་མེར་ལྷན་ནེར་གོང་ས་མཆོག།
དེང་སང་སྐྱེས་བུ་ངན་པ་སྲང་མདའ་བཞིན།།
ཅུང་ཟད་ཙམ་གྱིས་འགྱུར་བ་ཡོམ་ཡོམ་གཡོ།།
འཇིག་རྟེན་འདི་ན་མི་འགྱུར་ལྷུན་པོ་ནི།།
སྐྱ་ཆད་སྔོ་སྡུག་ཁྲོད་ཀྱི་གོང་ས་མཆོག།
གཞན་གྱི་བཙན་དབང་སྟོབས་ཤུགས་ཆེ་ན་ཡང་།།
རང་གི་དེ་ཉིད་ནམ་ཡང་མི་འགྱུར་བའི།།
བདེན་པ་སྲོག་ལ་བབས་ཀྱང་མི་འདོར་བའི།།
མགོན་པོ་ཁྱེད་ཀྱི་རྗེས་འཇུག་མང་དུ་བདོག།
གོང་གི་མི་བུ་ལ་གཤམ་གྱི་དྲ་ཐག་འདི་ཕུལ་བ་ཡིན།
http://lunyonheruka.blogspot.com/2012/05/blog-post.html
ཀླུ་སྨྱོན་ལ་ཐུགས་རྗེ་ཆེ་ཞུ་བ་ལགས་སོ།་གཞིས་ལུས་བོད་མི་རིགས་ཀྱིས་ཚབ་བྱས་ནས་ཁྱོད་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན།
བོད་ལ་སྐྱེས། བོད་རྩམ་བཟས། བོདཡིག་སྦྱང་ནས་གོ་ཆོད་འདུག ཕྱི་གཟུགས་གྲ་བ་ལྟ་བུར་སྣང་ནའང་ནང་སྙིང་ཕོ་ཁྱོ་གའི་ངོ་རྟགས་ནི་ཤོར་མི་འདུག མུ་མཐུད་འབད་པ་བྱེད་ཤོག ང་ཚོའི་སྙིང་སྟོབས་མ་ཞུམ་ན་བོད་ལ་བདེ་སྐྱིད་ཀྱི་ཉི་མ་ཤར་བའི་དུས་ཤིག་ལོས་ཡོད།
བོད་ནང་གི་བོད་མིའི་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་འདི་ནི་རྒྱ་གཞུང་གིས་དྲག་གནོན་སྲིད་ཇུས་ལ་མ་བཟོད་པར་ངོ་རྒོལ་བྱེད་ཀྱི་ཡོད་པས་འདིས་འབྱུང་རྩ་རྒྱ་གཞུང་ལ་ཐུག་ཡོད་ཅིང་། འདི་མཚམས་འཇོག་དང་མི་འཇོག་ཡང་རྒྱ་གཞུང་གི་གདུག་རྩུབ་འདི་ལ་འགྱུར་བ་ཞིག་འགྲོ་མིན་ལ་རག་ལས་ཡོད། འོན་ཀྱང་བཙན་བྱོལ་བའི་རྩོམ་པ་པོའི་མིང་འཛིན་འདི་ཚོས་རྒྱ་ནག་གཞུང་ལ་དྲག་གནོན་མཚམས་འཇོག་དགོས་པའི་སྐད་ཆ་ཚིག་ཅིག་མེད་པར། རྟག་ཏུ་༧གོང་ས་མཆོག་དང་རང་གཞུང་གི་སྲིད་སྐྱོང་སོགས་ཀྱིས་ལས་འགུལ་མཚམས་འཇོག་ཀྱི་འབོད་སྐུལ་གནང་དགོས་རབས་བཤད་པ་ནི་ངོ་མ་ཁྱད་མཚར་རེད། ལས་འགུལ་འདིའི་འབྱུང་རྩ་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་ཐུག་ཡོད་པ་ལྟ་བུ་ཞིག་མི་འདུག་གམ། མི་འདི་ཚོས་ཅི་ཞིག་བསམ་གྱི་ཡོད་ན་་་་་་་་་་་་་་་་་་་་་་་་་་་་་་་་
བོད་མི་རིགས་ཀྱི་ཚེ་སྲོག་འདི་སྐྱོབ་མི་ཐུབ་པས་ད་ནས་མི་རིགས་ཀྱི་ལས་དབང་འདིའི་ཁ་ཕྱོགས་གང་ཞིག་སྒྱུར་དགོས་མིན་སྐོར་རྣོ་བསམ་ངེས་པར་དུ་གཏོང་དགོས་སོ།།ད་ལྟ་གཞིས་བྱེས་བོད་མིས་ངེས་པར་དུ་མཐུན་སྒྲིལ་བྱེད་དེ་སྟོབས་ཤུགས་ཇེ་ཆེར་གཏོང་དགོས་།རང་ལུས་མེར་བསྲེགས་མཚམས་འཇོག་ལ་འབོད་སྐུལ་གཏོང་བས་གནང་རོགས་ཞུ་།
ལོང་རྟོགས་ལགས་། རྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་སྲིད་གཞུང་གི་སྲིད་སྐྱོང་སོགས་ནི་བོད་མི་མང་གི་བླ་ན་མེད་པའི་སྐྱབས་མགོན་ཡིན་། གཞིས་ཁྱིམ་བོད་སྤུན་ཟླ་མང་པོས་རང་ལུས་མེར་བསྲེགས་བཏང་བས་།གལ་ཏེ་ཁོང་གིས་བོད་རང་དབང་དང་རྒྱལ་བ་རིན་པོ་ཆེའམ་བཙན་བྱོལ་བོད་མིས་བོད་ནང་ཕྱིར་ཆེད་ན་བཙན་བྱོལ་བོད་་མི་རང་ལུས་མེར་སྲེག་མ་གཏོང་གི་རྒྱུ་མཚན་ག་རེ་ཡོད་། ༧གོང་ས་མཆོག་དང་རང་གཞུང་གི་སྲིད་སྐྱོང་སོགས་ཀྱིས་ལས་འགུལ་མཚམས་འཇོག་ཀྱི་འབོད་སྐུལ་གནང་གི་འགན་ཁུར་ཡོད་དམ་།ཁྱེད་དྲང་མོ་ཟིག་གི་བཤད་དྲ་།