རིག་འབྱུང་དོན་གྲུབ་བཀྲ་ཤིས། ཨ་རི།
འདི་རྨོངས་འཆར་ཞིག་ཡིན། འདི་བོད་མི་སྒེར་བ་ཞིག་གི་རྨོངས་འཆར་ཡིན། འདི་ནི་བོད་རིགས་ཤེས་ཡོན་པ་རྒན་པ་ཚོར་ཕུལ་བའི་རྨོངས་འཆར་ཞིག་ཀྱང་ཡིན། ངེད་ཀྱི་བསམ་ཚུལ་ལ། རྒྱལ་སྤྱིའི་བོད་ཀྱི་རྩོམ་པ་པོའི་འབྲེལ་མཐུད་དང་ལམ་སྟོན་ཚོགས་ཆུང་ཞིག་དགོས་བར་འདོད། དེ་ཡང་གཙོ་བོ་དུས་ཚོད་དང་གནས་སྟངས་ཀྱི་ཆ་ནས་ཡིན་ལ་དེའི་དགོས་མཁོའི་ཆ་ནས་ཀྱང་ཡིན། རྡ་ལམ་ས་ལར་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཟེར་བ་ཞིག་མ་གཏོགས་མེད། མཐུན་ཚོགས་དེའི་ལས་གཞི་ཅི་ཞིག་བརྩམས་ཡོད་མེད་དང་གྲུབ་འབྲས་གང་ཞིག་བླངས་ཡོད་མེད། བོད་མིའི་སྤྱི་ཚོགས་ཀྱི་དགོས་མཁོ་ཅི་ཙམ་སྐོང་ཐུབ་ཀྱི་ཡོད་མེད་སོགས་ངེད་ཀྱིས་འདི་རུ་གླེང་གི་མེད། ད་ལྟའི་དུས་ཚོད་ནི། དུས་ཡུན་ཐུང་ཐུང་ཞིག་གི་ནང་ལ་འབྲེལ་ལམ་རྒྱ་ཆེན་པོ་ཞིག་བསྐྲུན་ཐུབ་པའི་དུས་ཚོད་ཞིག་ལ་སླེབས་རེད།
ད་ལྟའི་གནས་སྟངས་ནི། འབྲེལ་ལམ་མྱུར་པོ་ཞིག་གི་འོག་ནས་ལས་དོན་མང་པོ་དུས་གཅིག་ལ་འགོ་འཛུགས་ཐུབ་པའི་གནས་སྟངས་ཤིག་ལ་སླེབས་ཡོད། འཛམ་གླིང་ཤར་ནུབ་ཏུ་གནས་སྡོད་བྱེད་མཁན་གྱི་བོད་རིགས་རྩོམ་པ་པོ་ཚོས་ཀྱང་དུས་ཚོད་འདི་དང་གནས་སྟངས་འདི་གཉིས་ངེས་པར་དུ་བེད་སྤྱོད་གཏོང་ཐུབ་པ་དགོས་ཀྱི་འདུག བོད་ཀྱི་རྩོམ་པ་པོ་རྣམས་ལ་མཚོན་ན་ཡང་། རྒྱལ་ཁབ་ཀྱི་དབང་དུ་བྱས་ན། བོད་དང་བྱང་ཨ་རི། ཡོ་རོབ་ཤར་ནུབ། ཁ་ཎ་སྒྲ། རྒྱ་བལ་འབྲུག་གསུམ་གཙོས་བའི་འཛམ་གླིང་གི་ཡུལ་གྲུ་གཞན་ཁག་མང་པོར་གནས་ཡོད། སྐད་ཡིག་གི་དབང་དུ་བྱས་ན། བོད་ཡིག་དང་དབྱིན་ཡིག རྒྱ་ཡིག་བཅས་གཙོས་བའི་ཧྤ་ཡིག་དང་འཇར་མེན་སྐད་ཡིག་སོགས་ཀྱི་ནང་དུ་རྩོམ་ཡིག་སྤེལ་ཐུབ་ཀྱི་ཡོད། ལས་རིགས་ཀྱི་དབང་དུ་བྱས་ན། དངུལ་ཁང་ཆེ་ཁག་ཏུ་ཕྱག་ལས་གནང་མཁན། བཟོ་གྲ་ཁག་ཏུ་ཕྱག་ལས་གནང་མཁན།སྨན་ཁང་དུ་ཕྱག་ལསགནང་མཁན། ཆོས་ཚོགས་ཁག་ཏུ་ཕྱག་ལས་གནང་མཁན། དགེ་རྒན་གྱི་ཕྱག་ལས་གནང་མཁན། རིག་གཞུང་ཞིབ་འཇུག་གི་སྡེ་ཚན་ཁག་ཏུ་ཕྱག་ལས་གནང་མཁན། ཚོགས་པ་སྒེར་བའི་ཁོངས་སུ་ཕྱག་ལས་གནང་མཁན་སོགས་ལས་རིགས་ཀྱི་ཁྱབ་རྒྱ་ཡང་ཧ་ཅང་ཆེ། འདི་ལྟར། བོད་ཀྱི་རྩོམ་པ་པོ་རྣམས། འཛམ་གླིང་ཡུལ་གྲུ་འདྲ་མིན་ཏུ་གནས་བ་དང་གཅིག། སྐད་ཡིག་འདྲ་མིན་བེད་སྤྱོད་ཐུབ་ཀྱི་ཡོད་པ་དང་གཉིས། ཕྱག་ལས་ཀྱི་ཁྱབ་ཁོངས་རྒྱ་ཆེ་བ་གསུམ་བཅས་ཡིན་རུང་། དེ་ལ་དེ་མཚུངས་ཀྱི་ནུས་བ་ཞིག་ཐོན་ཀྱི་མེད། རྒྱུ་མཚན། རྩོམ་པ་པོ་ཕན་ཚུན་དབར་འབྲེལ་ལམ་ཆུང་བ་དང་མཉམ་ལས་མེད་པ། ནུས་ཤུགས་སྤྱི་སྤུངས་ཡོང་གི་མེད་པ་བཅས་ལ་བརྟེན་ནས་ད་བར་བོད་ཀྱི་རྩོམ་པ་པོ་ཚོས་གཞི་རྒྱ་ཆེ་བའི་ལས་གཞི་ཞིག་སྤེལ་ཐུབ་མེད་ལ་བརྩམས་མྱོང་ཡང་མེད། བསམ་བློ་ཞིབ་ཏུ་བཏང་ན། བོད་རིགས་རྩོམ་པ་པོ་རྣམས་ཀྱི་དབར་ལ་འབྲེལ་ལམ་ཆེ་རུ་བསྐྲུན་པ་དང་ཁོང་ཚོའི་སྐད་ཡིག་གི་ནུས་བ་ཕྱོགས་གཅིག་ལ་སྤུངས་བ། ཁོང་ཚོའི་ལས་རིགས་ཀྱི་ནུས་ཤུགས་བེད་སྤྱོད་ཐུབ་པ་བཅས་བྱེད་རྒྱུར། རྒྱལ་སྤྱིའི་བོད་ཀྱི་རྩོམ་པ་པོའི་འབྲེལ་མཐུད་དང་ལམ་སྟོན་ཚོགས་ཆུང་ཞིག་དགོས་ཀྱི་འདུག དེ་ཡང་། བོད་རིགས་ཤེས་ཡོན་པ་རྒན་པ་རྣམས་ཀྱིས་སྣེ་འཁྲིད་པའི་རྒྱལ་སྤྱིའི་བོད་ཀྱི་རྩོམ་པ་པོའི་འབྲེལ་མཐུད་དང་ལམ་སྟོན་ཚོགས་ཆུང་ཞིག་ངེས་པར་དུ་དགོས་ཀྱི་འདུག
ད་ལྟའི་སྐབས་སུ། བོད་ནང་དུ་བོད་ཀྱི་རྩོམ་པ་པོ་ཚོར་བཙོན་འཇུག་དང་གཅར་རྡུང་། ལས་གནས་ནས་ཕུད་པ་སོགས་ཀྱི་གནས་སྟངས་བྱུང་ན། དེ་ཚོའི་གནས་ཚུལ་དུས་ཐོག་ལ་སྐད་ཡིག་འདྲ་མིན་གྱི་ལམ་ནས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་བཀྲམས་པ་དང་ཡིག་ཆ་བཟོ་བ། ཡིག་ཐོག་ནས་ས་ཡིག་བསྡུ་བ། ཡིག་ཐོག་ནས་ཁྲིམས་ལ་གཏུགས་པ། ཡིག་ཐོག་ནས་རྒྱ་ནག་གཞུང་གི་བྱས་ཉེས་ཐེར་འདོན་བྱེད་པ། རྒྱལ་སྤྱིའི་ཚོགས་སྡེ་ཁག་བརྒྱུད་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་པ་སོགས་ཀྱི་ལས་ཀ་དེ་བོད་ཀྱི་རྩོམ་པ་པོ་ཚོས་འགན་གཙང་ལེན་ཞིག་བྱེད་ཐུབ་ཀྱི་མེད། བྱེད་མཁན་རེ་གཉིས་ཡོད་རུང་། དེ་ནི་ཚོགས་པ་སྒེར་བ་དང་རྩོམ་པ་པོ་སྒེར་བ་དེ་འདྲ་ཡིན།
གལ་སྲིད། བོད་ཡིག་གི་ནང་ལ་བོད་དོན་དང་འབྲེལ་བའི་དེབ་ཞིག་དཔར་བསྐྲུན་བྱས་བའམ་ཡང་ན་བརྩམས་ཆོས་ལེགས་པོ་ཞིག་ཕྱི་ལ་ཐོན་པ་ཡིན་ན། དེབ་དེ་སྐད་ཡིག་གཞན་པའི་ནང་བསྒྱུར་བ་དང་བསྒྱུར་ནས་ཁྲོམ་རར་བཀྲམས་པ། དེའི་ཞོར་ལ་རྩོམ་མཁན་གྱི་ཁེ་དབང་སྲུང་སྐྱོབ་བྱེད་པ་སོགས་ཀྱི་ལས་ཀ་དེ་ཡང་བོད་ཀྱི་རྩོམ་པ་པོ་ཚོས་བྱེད་ཐུབ་ཀྱི་མེད། བོད་ཀྱི་རྩོམ་པ་པོ་ཚོར་ལས་དོན་འདི་དག་བྱེད་རྒྱུའི་ནུས་བ་མེད་པ་མིན། འཇོན་ཐང་མེད་པ་ཡང་མིན།
འོན་ཀྱང་། ནུས་ཤུགས་མཉམ་འབྲེལ་མེད་པ་དང་འབྲེལ་མེད་ཁེར་སྡོད་དུ་ཡོད་པས་ཡིན། ལས་དོན་འདི་དག་འགན་རྐང་ལེན་བྱེད་ཐུབ་པ་ལ་རྒྱལ་སྤྱིའི་བོད་ཀྱི་རྩོམ་པ་པོའི་འབྲེལ་མཐུད་དང་ལམ་སྟོན་ཚོགས་ཆུང་དགོས་ཀྱི་འདུག ད་ལྟའི་ཆར། བོད་ཕྱི་ནང་གཉིས་ན། ན་གཞོན་རྩོམ་པ་པོ་དང་ཁོང་ཚོའི་རྩོམ་ཡིག་རྣམས་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་འཚར་ལོངས་འབྱུང་གིན་ཡོད། འོན་ཀྱང་། རྣམ་དཔྱོད་བཀྲ་བའི་ན་གཞོན་འདི་ཚོ་དང་དང་ཤེས་ཡོན་པ་རྒན་པ་ཚོའི་དབར་ལ་འབྲེལ་བའི་མཐུད་རྒྱག་མཁན་ཞིག་དང་། འདི་དག་ལ་དགོས་ངེས་ཀྱི་ལམ་སྟོན་དང་རོགས་འདེགས་བྱེད་མཁན་གྱི་ཚོགས་སྡེ་ཞིག་ཀྱང་མེད།
ད་ལྟ་ཕན་ལ། རྒྱ་ནག་གཞུང་གིས་བོད་དོན་དང་བོད་ཀྱི་གནས་སྟངས་ལ་འཁྱོག་བཤད་ཅིག་བྱས་ན། དེ་ལ་དགག་ལན་མཛད་མཁན་གཙོ་བོ་ནི་བཙན་བྱོལ་བོད་གཞུང་ཡིན། བཙན་བྱོལ་བོད་གཞུང་གིས་བོད་ཀྱི་རྩོམ་པ་པོ་ཚོའི་ཤེས་འཇོན་བེད་སྤྱོད་བཏང་མྱོང་མེད་ལ་བོད་ཀྱི་རྩོམ་པ་པོ་ཚོས་ཀྱང་སྤྱི་ཡོངས་ནས་བཙན་བྱོལ་བོད་གཞུང་ལ་ལམ་སྟོན་དང་རོགས་འདེགས་བྱས་མྱོང་མེད། དེ་ཡང་། བོད་ཀྱི་རྩོམ་པ་པོ་ཚོས་རང་གི་བོད་གཞུང་ལ་ཞབས་འདེགས་ཞུ་བ། རང་གི་རྩ་དོན་ཀྱི་ནུས་ཤུགས་གོང་དུ་སྤེལ་བ། ཡིག་ཐོག་ནས་རང་གི་བདེན་པ་གསལ་རྗེན་ཏུ་སྟོན་པ་སོགས་། ལས་དོན་འདི་དག་ཆ་ཚང་བོད་རིགས་རྩོམ་པ་པོ་སྒེར་བ་་རེ་གཉིས་ཀྱིས་ཡོང་བ་ཞིག་མིན། མཉམ་འདུས་ཀྱི་ནུས་ཤུགས་ཤིག་ལ་བརྟེན་ནས་ཡོང་དགོས་བ་ཞིག་རེད། མཉམ་རུབ་ཀྱི་འབྲེལ་ལམ་ཞིག་བརྒྱུད་ནས་བསྐྲུན་དགོས་བ་ཞིག་རེད།
དེ་ཡོང་བ་དང་བསྐྲུན་པ་ལ་རྒྱལ་སྤྱིའི་བོད་ཀྱི་རྩོམ་པ་པོའི་འབྲེལ་མཐུད་དང་ལམ་སྟོན་ཚོགས་ཆུང་ཞིག་དགོས་ཀྱི་འདུག དེ་ཡང་། བོད་རིགས་ཤེས་ཡོན་པ་རྒན་པ་ཚོས་སྣེ་འཁྲིད་པའི་རྒྱལ་སྤྱིའི་བོད་ཀྱི་རྩོམ་པ་པོའི་འབྲེལ་མཐུད་དང་ལམ་སྟོན་ཚོགས་ཆུང་ཞིག་དགོས་ཀྱི་འདུག འདི་ངའི་རྨོངས་འཆར་ཡིན། བོད་རིགས་ཤེས་ཡོན་པ་རྒན་པ་ཚོར་ཕུལ་བའི་རྨོངས་འཆར་ཡིན།