རྒྱང་རིང་གི་རེ་འདུན། རྒྱལ་སྤྱིའི་བོད་ཀྱི་སྐད་ཡིག་ཚོགས་འདུ་ཐེངས་གསུམ་པར་སྤྲིངས་པ།
༄༅། ། བོད་སྐད་ཡིག་གི་འཛིན་སྐྱོང་སྤེལ་གསུམ་ལ་ཐུགས་ཁུར་མཚོ་ལས་ཟབ་ཅིང་བོད་མི་རིགས་ཀྱི་འདས་མ་ད་གསུམ་ལ་ཐུགས་དགོངས་གངས་ལས་དཀར་བའི་ནམ་མཁའ་ནོར་བུ་རིན་པོ་ཆེ་མཆོག་གཙོས་ཐེངས་འདིའི་གོོ་སྒྲིག་པ་ཡོངས་དང་བོད་ཕྱི་ནང་གཉིས་ནས་ཕེབས་པའི་ཚོགས་ཞུགས་པ་ཡོངས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་ཁྱེད་རྣམས་པས་དཀའ་བ་ཁྲི་ཕྲག་གི་ངལ་བ་དང་དུ་བླངས་ནས་བོད་ཀྱི་སྐད་ཡིག་གི་ཚོགས་འདུ་དེ་གཟི་བརྗིད་ཀྱི་ངང་ཚོགས་ཐུབ་པར་རྟེན་འབྲེལ་ཞུ།
<བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པའི་>ངོས་ནས་ཐེངས་འདིར་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་(New York)དུ་བོད་སྐད་ཡིག་གི་ཚོགས་འདུ་དེ་འདྲ་ཞིག་བསྐོང་ཐུབ་པར་སེམས་བསམ་པའི་གཏིང་ནས་དགའ་སྤྲོ་དཔག་མེད་སྐྱེས་བཞིན་ཡོད་པ་མ་ཟད་ཐེངས་འདིར་འཛོམས་པའི་བོད་ཕྱི་ནང་གཉིས་ཀྱི་མཁས་པ་དང་ཤེས་ཡོན་པ་ཚོས་བོད་སྐད་ཡིག་དར་སྤེལ་སྤྱོད་གསུམ་གྱི་སྐོར་ལ་བགྲོ་གླེང་ལྷུག་པོ་ཡོང་བའི་རེ་བ་ཡང་ཡོད།
འདིར་ཞུ་འདོད་པ་ནི་<བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པས>བོད་སྐད་ཡིག་སྲུང་སྐྱོབ་ཐད་བསྡུས་པའི་བགྲོ་གླེང་དང་ཚོགས་འདུ་གལ་ཆེན་སྐོར་ཞིག་གི་ནང་བོད་སྐད་ཡིག་སྲུང་སྐྱོབ་བམ་དེ་དར་སྤེལ་སྤྱོད་གསུམ་གྱི་སྐོར་ལ་བཏོན་པའི་བསམ་ཚུལ་ཁག་ཅིག་ཞུ་འདོད་པ་དེ་ཡིན་པས་གཤམ་ནས་རིམ་གྱིས་ཞིབ་གཟིགས་གནང་རོགས།
བོད་ཀྱི་སྐད་ཡིག་ཚོགས་འདུ། (སྐབས་དེའི་ཚོགས་འདུའི་མིང།)
ཕྱི་ལོ་ ༢༠༡༡ ལོའི་ཟླ ༡༡ པའི་ཚེས་ ༡༡ དང་ ༡༢ ཉིན་གྲངས་གཉིས་རིང་<བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པ>དང་<འོད་དཀར་དྲ་ཚིགས་>གཉིས་ཀྱིས་གཙོ་སྒྲུབ་འོག་བཞུགས་སྒར་དྷ་སར་ཀིརྟིའི་དགེ་རྩ་ཚོགས་པའི་ཚོགས་ཁང་དུ་བོད་ཀྱི་མཁས་པ་དང་ཤེས་ཡོན་པ། དེ་བཞིན་ཝར་ནཱ་མཐོ་སློབ་དང་ས་རཱ་མཐོ་སློབ་ནོར་གླིང་མཐོ་སློབ་སོགས་གཙོས་སློབ་གྲྭ་ཁག་ཅིག་གི་སློབ་ཕྲུག་རྣམས་དང་དགེ་རྒན་རྩོམ་པ་པོ་སོགས་མི་གྲངས་བརྒྱ་ལྷག་ཚོགས་འདུར་ཞུགས་ནས་བོད་སྐད་ཡིག་སྲུང་སྐྱོབ་བྱེད་སྟངས་དང་དེ་དར་སྤེལ་སྤྱོད་གསུམ་གྱི་སྐོར་ལ་བགྲོ་གླེང་བྱས་ནས་སྲུང་སྐྱོབ་བྱ་ཐབས་ཁག་ཅིག་བཏོན་ཡོད་པ་གཤམ་གསལ་ལྟར།
ཐབས་ལམ།
དང་པོ། བོད་ཀྱི་མཁས་པ་དང་ཤེས་ཡོན་པ། ལག་རྩལ་པ། ཁེ་གཉེར་པ་ཚང་མས་ནུས་པ་མཉམ་སྤུངས་ཀྱིས་བོད་སྐད་ཡིག་གི་ཁྱབ་ཁོངས་ཆེ་རུ་གཏོང་རྒྱུ་དེ་ཡིན། དཔེར་ན། དཔལ་འབྱོར་གྱི་ཁྱབ་ཁོངས། སྲིད་འཛིན་གྱི་ཁྱབ་ཁོངས། ཚན་རིག་གི་ཁྱབ་ཁོངས། འགྲིམ་འགྲུལ་གྱི་ཁྱབ་ཁོངས་སོགས་རེད།
གཉིས་པ། སློབ་གྲྭ་ཁག་གི་སློབ་དེབ་བཅོས་བསྒྱུར་བྱ་དགོས། དེ་ལ་ལོ་རིམ་དང་བསྟུན་ནས་བྱིས་པའི་སེམས་ཁམས་དང་མཐུན་པའི་སྒྲུང་དང་རྩོམ་རིག་ལེགས་བཤད་སོགས་འཇོག་དགོས།
གསུམ་པ། བོད་སྐད་ཀྱི་ཐོག་ནས་འགུལ་རིས་ཅན་གྱི་བྱིས་སྒྲུང་གི་གློག་བརྙན་དང་དེབ་སོགས་བོད་བསྒྱུར་བྱ་དགོས།
བཞི་པ། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱ་ཐུབ་མིན་དེ་ང་ཚོ་བོད་མི་རེ་རེའི་ངོས་ནས་དེ་ལ་འགན་འཁུར་ནས་བེད་སྤྱོད་གཏོང་རྒྱུ་དེར་རག་ལས་ཡོད་པས་བོད་མི་ཚང་མས་རང་རང་གི་བྱ་བའི་ལས་འགན་ཁྲོད་དེ་ལག་ལེན་དུ་བསྟར་རྒྱུ་དེ་ཡིན།
གྲོས་མོལ་རང་བཞིན་གྱི་སྐད་ཡིག་རིག་གནས་སྐོར་གྱི་བགྲོ་གླེང་། (སྐབས་དེའི་བགྲོ་གླེང་གི་མིང།)
ཕྱི་ལོ་ ༢༠༡༡ ལོའི་ཟླ ༧ ཚེས ༡༧ ཉིན། བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པས་གོ་སྒྲིག་འོག བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ་བོད་ཀྱི་མཁས་པ་དང་ཤེས་ཡོན་པ། དྷ་སའི་གཡས་གཡོན་གྱི་དགོན་སྡེ་དང་སློབ་གྲྭ་ཁག་གི་སློབ་སྤྱི་སྐོར་ཞིག་ཆེད་དུ་གདན་ཞུ་བྱས་ཏེ་གྲོས་མོལ་རང་བཞིན་གྱི་བགྲོ་གླེང་ཞིག་བཀོད་སྒྲིག་བྱས་ཡོད། བགྲོ་གླེང་གི་དམིགས་ཡུལ་ནི་བཀའ་ཁྲི་གསར་པ་གཙོས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་མ་འོངས་པར་བོད་ཀྱི་སྐད་ཡིག་རིག་གནས་འདི་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གྱི་ཆེད་དུ་གཞུང་མང་གཉིས་ཀྱི་ངོས་ནས་བེད་སྤྱོད་ཤུགས་ཆེར་གཏོང་ཐབས་སྐོར་གྱི་བྱེད་ཐབས་དང་ལག་ལེན་བསྟར་ཕྱོགས་སྐོར་ཡིན།
ཐེངས་འདིའི་བརྗོད་གཞི་གཉིས།
༡ བཀའ་སྤྱི་གཉིས་ཀྱིས་བསྒྲུབས་ཟིན་པའི་སྐད་ཡིག་སྲུང་སྐྱོབ་སྐོར་གྱི་དགེ་སྐྱོན་གླེང་བ།
༢ མ་འོངས་པར་བཀའ་སྤྱི་གཉིས་ཀྱིས་ངེས་པར་དུ་བསྒྲུབ་དགོས་པའི་སྐད་ཡིག་སྲུང་སྐྱོབ་ཀྱི་ཐབས་ལམ་དང་ལག་ལེན་བསྟར་ཕྱོགས།
བརྗོད་གཞི་གཉིས་པའི་ཐད་ཀྱི་དགོངས་ཚུལ་ཕྱོགས་བསྡུས།
(མ་འོངས་པར་བཀའ་སྤྱི་གཉིས་ཀྱིས་ངེས་པར་དུ་བསྒྲུབ་དགོས་པའི་སྐད་ཡིག་སྲུང་སྐྱོབ་ཀྱི་ཐབས་ལམ་དང་ལག་ལེན་བསྟར་ཕྱོགས།)
༡ རྒན་ན་ག་སངས་རྒྱས་བསྟན་དར་ལགས་ཀྱི་དགོངས་ཚུལ། (བརྗོད་གཞི་གཉིས་པ།) བཀའ་སྤྱི་གཉིས་ཀྱི་ངོས་ནས་བོད་ཀྱི་སྐད་ཡིག་གི་ཆེད་དུ་ལས་འགུལ་སྤེལ་མཁན་ལ་རྟོག་ཞིབ་གནང་སྟེ་དངོས་གནས་ལས་ཀ་བྱེད་མཁན་ལ་རོགས་རམ་བྱ་རྒྱུ་དང་། ༢ སློབ་གྲྭ་དང་དགོན་སྡེ་ཁག་ཏུ་མེད་པ་དང་ཤེས་ཡོན་སློབ་སྦྱོང་ཡང་ཚད་མཐོན་པོ་མེད་པའི་མང་ཚོགས་བར་མ་དག་ལ་བོད་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་པའི་གོ་སྐབས་སྤྲོད་ཐབས་བྱ་རྒྱུ། ༣ ཤེས་ཡོན་སྲིད་བྱུས་གསར་བ་ནང་བཞིན་བོད་ཀྱི་སློབ་གྲྭ་ཁག་ཏུ་འཛིན་གྲྭ་གསུམ་པ་བར་དུ་བོད་སྐད་ཡིག་རྐྱང་པའི་ཐོག་ནས་སློབ་ཁྲིད་བྱེད་རྒྱུ་ཧ་ཅང་གིས་གལ་ཆེན་པོ་དང་བོད་ཀྱི་སྐད་ཡིག་གི་གཞི་རྩ་བརྟན་པོ་ཡོང་ཐབས་ཤིག་རེད། ༤ གཞི་རིམ་གྱི་སློབ་གྲྭ་ཁག་ཏུ་འཐུས་ཤོར་གང་དུ་ཕྱིན་ཡོད་མེད་ལ་ཞིབ་འཇུག་བྱ་རྒྱུ་གལ་ཆེན་པོ་རེད། དེ་ཞིབ་འཇུག་བྱ་ཆེད་བཀའ་སྤྱིས་མི་སྣ་ཆེད་གཏོང་གིས་བརྟག་དཔྱད་དང་ཞིབ་འཇུག་བྱ་རྒྱུ་གལ་ཆེན་པོ་རེད།
༢. སྤྱི་ཟུར་ཆབ་བྲག་ལྷ་མོ་སྐྱབས་ལགས་ཀྱི་དགོངས་ཚུལ། (བརྗོད་གཞི་གཉིས་པ) ཞོགས་པའི་བགྲོ་གླེང་སྐབས་སུ་དགེ་སྐྱོན་གླེང་བ་ལྟར། དགེ་བའི་ཆ་མུ་མཐུད་པ་དང་སྐྱོན་གྱི་ཆ་བཅོས་བསྒྱུར་བྱ་རྒྱུ། དཔེར་ན། དཔེ་སྟོན་སློབ་གྲྭ་མུ་མཐུད་དེ་འགྲོ་ཐུབ་པ་དང་དེ་ལྟ་བུ་མང་དུ་འཛུགས་རྒྱུ་ནི་གཞུང་གིས་བྱེད་ཐུབ་པ་ཞིག་རེད། སྐད་ཡིག་གི་སློབ་དེབ་གསར་བ་བཟོ་རྒྱུའི་ཐད་ནས་རྩོམ་སྒྲིག་པར་རང་དབང་མེད་པར་སྒང་གི་སློབ་སྟོན་ཚོགས་ཆུང་ཟེར་བར་དབང་ཚད་ཆ་ཚང་ཡོད། དེས་ན་སློབ་སྟོན་ཚོགས་ཆུང་ནང་དུ་བོད་ཕྱི་ནང་གི་ཤེས་ཡོན་པ་དང་སྐད་ཡིག་དང་དགེ་རྒན་གྱི་ལས་གནས་ལ་རྒྱུས་མངའ་ཡག་པོ་ཡོད་མཁན་དགོས་པ་རེད། དེར་བརྟེན་སློབ་སྟོན་ཚོགས་ཆུང་དེར་འགྱུར་བ་གཏང་དགོས། ཤེས་རིག་ལས་ཁུངས་ཀྱིས་རྩོམ་པ་པོ་སྒེར་གྱིས་བཏོན་པའི་རྩོམ་དེབ་དག་སྔོན་མ་ལས་དེང་སྐབས་དཔར་སྐྲུན་རོགས་རམ་བྱེད་ཀྱིན་ཡོད་ཀྱང་། ཚང་མ་དཔར་དུ་བསྐྲུན་ཐུབ་ཀྱི་མེད། རྩོམ་པ་པོ་སྒེར་གྱི་ངོས་ནས་ངལ་བ་བརྟེན་ཏེ་དེབ་དཔར་དུ་བསྐྲུན་རྒྱུར་འབད་བཞིན་པ་ལྟར། དེ་ལྟ་བུ་དག་ལ་གཞུང་གིས་ངོས་ནས་རོགས་རམ་བྱ་དགོས། ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་བོད་སྐད་ཡིག་ཐོག་ཉམས་མྱོང་དང་མཁྱེན་རྒྱ་ཡག་པོ་ཡོད་མཁན་ཡོད་དགོས་པ་གལ་ཆེན་པོ་རེད།
༣. རྩོམ་པ་པོ་ཤེས་རབ་དར་རྒྱས་ལགས་ཀྱི་དགོངས་ཚུལ། (བརྗོད་གཞི་གཉིས་པ།)
བོད་མིའི་སེམས་ཁམས་ལ་བལྟས་ན་སྤྱི་དང་རགས་པ་ལས་གནད་དོན་གཅིག་གི་སྟེང་དུ་ཞིབ་ཚགས་པའི་སེམས་ཁམས་དེ་མེད་པ་ལྟ་བུ་རེད། དེ་བཞིན་བཅོས་བསྒྱུར་དང་གསར་གཏོད་ཀྱི་རྣམ་པ་མི་འདུག་པས་དེ་མཐོར་འདེགས་བྱ་དགོས། དགེ་རྒན་གྱིས་སློབ་ཁྲིད་བྱེད་སྐབས་ཀུན་སློང་ཡག་པོ་ཞིག་དགོས་ལ་སློབ་ཕྲུག་དེ་ག་དུས་ཡིན་རུང་དང་པོར་བརྩི་ཐུབ་མཁན་ཞིག་དགོས་ཀྱི་འདུག བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱ་རྒྱུར་བོད་ཀྱི་སྐད་ཡིག་ལ་དང་བ་དགོས་པ་ཞིག་དགོས་ཀྱི་ཡོད་པས། བོད་ཀྱི་སྐད་ཡིག་ནང་དུ་ན་གཞོན་རྣམས་ལ་དང་བ་ཡོད་པའི་ཀློག་དེབ་སྣ་ཚོགས་དགོས་ལ། དཔེར་ན། དང་ཐོག་བྱིས་སྒྲུང་དང་བརྩམས་སྒྲུང་ལྟ་བུ་རེད། དེ་ལ་དངོས་ཡོད་ལོ་རྒྱུས་བརྗོད་བྱ་བྱས་ན་ལེགས། དེའི་ཁ་གཏད་ས་སློབ་འབྲིང་སློབ་མ་ཡིན་དགོས། དེ་འབྲི་མཁན་གྱིས་དང་ཐོག་ལོ་རྒྱུས་དེ་ལ་ཉམས་ཞིབ་བྱ་དགོས་ཀྱི་འདུག སྒྲུང་དེ་ཞིབ་འབྲི་བྱས་ཏེ་སྐབས་ཐོག་དེ་དང་དེའི་སྤྱི་ཚོགས། དེའི་ཡུལ་སྲོལ་གོམས་གཤིས་སོགས་ངོ་སྤྲོད་ཐུབ་པ། རྩོམ་པ་པོ་དེས་རང་གི་རྣམ་དཔྱོད་བེད་སྤྱད་དེ་གནས་ལུགས་ངོ་སྤྲོད་པ། ཀློག་དེབ་བསྐྱར་ཞིབ་བྱེད་པ། ལས་ཀ་དེ་བྱ་རྒྱུར་རང་སྐྱོང་གི་རྩོམ་སྒྲིག་ཁང་ཞིག་གསར་འཛུགས་བྱ་དགོས་ཀྱི་འདུག
༤. ནོར་གླིང་མཐོ་སློབ་ཀྱི་སློབ་སྤྱི་སྒྲོལ་དཀར་སྐྱབས་ལགས་ཀྱི་དགོངས་ཚུལ། (བརྗོད་གཞི་གཉིས་པ།) ཕྲུ་གུའི་སེམས་ཁམས་དང་མཐུན་པའི་འགུལ་རིས་རིགས་གསར་བཟོ་མ་ཐུབ་ཀྱང་། སྐད་བསྒྱུར་བྱེད་པ། བྱིས་སྒྲུང་མང་དུ་གཏོང་བ་དང་ཕྲུ་གུའི་སེམས་ཁམས་དང་མཐུན་པའི་ཚགས་པར་འདོན་པ། ཕྲུ་གུ་ཆུང་ཆུང་ཚོས་ཚགས་པར་དེའི་སྟེང་རྩོམ་ཡིག་དང་རི་མོ་བྲིས་ཚེ་ཁོང་ལ་རྔམ་པ་སྤྲོད་པ་དང་མིང་ཚགས་ཤོག་ནང་འདོན་པ་སོགས་བྱ་དགོས། ནོར་གླིང་གིས་སྒྲིག་བཞིན་པའི་གངས་ཅན་ཤེས་རིག་བང་མཛོད་ལྟ་བུའི་རིགས་མང་དུ་དགོས་ཀྱི་འདུག་ལ། ཕྱི་ཕྱོགས་ཀྱི་ཤེས་རིག་བང་མཛོད་སྐོར་ནས་ཚུར་བསྒྱུར་དགོས་ཀྱི་འདུག
༥. རྩོམ་པ་པོ་རེ་མདོ་སེང་གེ་ལགས་ཀྱི་དགོངས་ཚུལ། (བརྗོད་གཞི་གཉིས་པ) མ་འོངས་གཞོན་སྐྱེས་རྣམས་ལ་བོད་སྐད་ཡིག་གི་གཞི་རྩ་བརྟན་པོར་འཇགས་ཐུབ་མིན་ད་ལྟའི་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་ཐུབ་མིན་ལ་རག་ལས་འདུག་པས་ཤེས་ཡོན་སྲིད་བྱུས་གསར་བ་མུ་མཐུད་ལག་བསྟར་བྱ་རྒྱུར་ཤུགས་རྒྱག་དགོས་ཀྱི་འདུག དཔེ་སྟོན་སློབ་གྲྭས་མཚོན་པའི་སམ་བྷོཊའི་ཁྱབ་ཁོངས་ཀྱི་གཞི་རིམ་སློབ་གྲྭ་ཁག་ཙམ་དུ་མ་ཟད་བོད་ཁྱིམ་དང་བོད་སློབ་འཛིན་ཚགས་ཁྱབ་ཁོངས་ཀྱི་སློབ་གྲྭ་ཡོངས་ལ་སྲིད་བྱུས་དེ་ཚུལ་བཞིན་ལག་བསྟར་བྱ་དགོས། ད་སྐབས་སམ་བྷོཊའི་སློབ་གྲྭ་མང་ཆེ་བར་གཞི་རིམ་འཛིན་གྲྭ་བཞི་པ་བར་དུ་བོད་ཡིག་རྐྱང་པ་སྦྱང་ཏེ་འཛིན་རིམ་བཞི་པ་དང་དྲུག་པར་སླེབས་རྗེས་སྐད་ཡིག་གཞན་སྦྱང་ཡང་། ཆུང་དུས་ནས་སྐད་ཡིག་གཞན་སྦྱངས་ནས་ཡོང་བའི་སློབ་ཕྲུག་རྣམས་དང་སྐད་ཡིག་གཉིས་པའི་ཤེས་ཚད་མཉམ་པ་འདུག ལས་རིམ་འདི་རྒྱུན་གནས་ཆེད་མ་མཐར་ཡང་འཛིན་གྲྭ་དང་པོ་ནས་འཛིན་རིམ་བཅོ་ལྔ་བར་དུ་སློབ་དེབ་བཟོ་ཐུབ་པ་དགོས། དེ་བཞིན་དེ་ལྟ་བུའི་ལས་ཀ་བྱེད་མཁན་རང་སྐྱོང་གི་སྡེ་ཚན་ཞིག་གསར་འཛུགས་བྱེད་དགོས་ཀྱི་འདུག དེ་ལོ་ཙྭ་བའི་སྡེ་ཁག་ཅིག་རེད། སྡེ་ཁག་དེ་གསར་འཛུགས་བྱ་རྒྱུར་བོད་སྐད་ཡིག་ཡག་པོ་ཡོད་མཁན་ཁག་ཅིག་སྐད་ཡིག་གཞན་པ་སློབ་སྦྱོང་བྱེད་དུ་བཅུག་ཚེ། ལོ་བཞི་ལྔའི་ནང་དུ་མ་ཡོང་བ་ཡོད་མི་སྲིད།
༦. ས་རཱ་མཐོ་སློབ་ཀྱི་རྒན་འོད་ཟེར་ལགས་ཀྱི་དགོངས་ཚུལ། (བརྗོད་གཞི་གཉིས་པ།)
བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ལེའུ་གསུམ་པའི་དོན་ཚན་བཅུ་བདུན་པ་ཤེས་ཡོན་དང་རིག་གཞུང་སྐོར་གྱི་ནང་གསེས་དོན་ཚན་ཁག་ལག་བསྟར་དོན་འཁྱོལ་དང་ལྷག་པར་དོན་ཚན་ལྔ་བ། སློབ་ཕྲུག་རྣམས་ལ་ཕུགས་ལམ་འདེམས་ཕྱོགས་སློབ་སྟོན་པ་ཁྱད་མཁས་མི་སྣའི་མཐུན་རྐྱེན་སྒྲུབ་ཐབས། ཞེས་པ་ལྟར་བོད་མི་རིགས་ཀྱི་འདུ་ཤེས་བསྐྲུན་ཐུབ་མཁན་གྱི་ལམ་སྟོན་པ་དགོས་གལ་ཆེ། དོན་ཚན་དགུ་བ། སློབ་རིམ་ཚང་མའི་སློབ་དགེ་རྣམས་སྤྱི་ཚོགས་ཀྱི་ནང་མཐོང་ཆེར་བརྩིས་ཏེ་ཤེས་ཡོན་བཟང་ཤོས་ཁག་སློབ་དགེར་འཇུག་ཐབས། ཞེས་པ་ལྟར་དགེ་རྒན་ལ་མཐོང་མེད་པ་དང་ཤེས་ཡོན་བཟང་ཤོས་ཁག་སློབ་དགེར་འཇུག་མི་ཐུབ་པ་སོགས་བཅའ་ཁྲིམས་ནང་དུ་ཡོད་པ་ཙམ་མིན་པར་ངེས་པར་ལག་བསྟར་བྱེད་དགོས་ཀྱི་འདུག་ལ། འདི་བཀའ་སྤྱི་གཉིས་ཀྱིས་ངེས་པར་དུ་བྱེད་ཐུབ་པ་ཞིག་ཀྱང་རེད། དགེ་རྒན་ཞིག་སྐྱེད་སྲིང་བྱ་དགོས་ན་དང་པོ་གཞི་རིམ་ནས་བོད་ཡིག་སྟེང་ལ་དོ་སྣང་ཡོད་མཁན་དང་བོད་ཡིག་གི་གནས་ཚད་གང་ལེགས་ཡོད་པའི་རིགས་དམིགས་སུ་དགར་ནས་སྦྱོང་བརྡར་དང་གསོ་སྐྱོང་བྱས་ཏེ་རེ་བཞག་གནང་དགོས་པ་ལས་། སྐད་ཡིག་གཞན་པའི་སྟེང་ནས་མཐོ་རིམ་སློབ་གྲྭ་གཞན་དུ་མ་ཚུད་པར་འགྲོ་ས་མ་རེག་པར་དགེ་རྒན་གྱི་ས་མིག་སྟེང་ཡོང་བཞིན་པ་དེ་ཉེན་ཁ་ཆེན་པོ་རེད།
རྒྱལ་སྤྱིའི་རང་བཞིན་ཅན་གྱི་སྐད་ཡིག་གི་འཇིག་ཉེན་ཆེན་པོ་ལྔ་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་རྩིས་ཐོ་ནང་དུ་ཡོད་པ་ལྟར། ང་ཚོ་བོད་ཀྱི་སྐད་ཡིག་ལ་ཉེན་ཁ་འདི་ལྔ་བོ་འཕྲད་བསྡད་ཡོད་པས་བཀའ་སྤྱི་གཉིས་ཀྱི་ངོས་ནས་གཤམ་གསལ་དོན་ཚན་ལྔ་ལ་དམིགས་བཀར་གྱི་ཐུགས་སྣང་གནང་དགོས་པ་འདུག
༡ སྐད་ཡིག་ལ་མི་སེར་སྤེལ་བའི་ཉེན་ཁ། (གཞན་དབང་ཡིན་མིན་ལ་མ་ལྟོས་པར་བྱེད་ཐབས་གསར་བ་འཚོལ་བ།) ༢ སྐད་ཡིག་ལ་ཚོང་ལས་དང་དཔལ་འབྱོར་གྱི་སྟོབས་ཤུགས་མེད་པ། ༣ སྐད་ཡིག་ལ་ཆབ་སྲིད་ཀྱི་ཁེ་དབང་མེད་པ། ༤ སྐད་ཡིག་ལ་དུང་ཞེན་མེད་པ། ༥ སྐད་ཡིག་གི་སྲོག་ཤིང་འཛིན་པའི་འདུ་ཤེས་མེད་པ།
༧. སྒྲོལ་མ་གླིང་གི་སློབ་སྤྱི་འགྱུར་མེད་ལགས་ཀྱི་དགོངས་ཚུལ། (བརྗོད་གཞི་གཉིས་པ།)
༡ སློབ་གྲྭ་དང་གཞུང་གི་ལས་བྱེད་ཚད་ལྡན་མེད་པ་དག་མར་ཕུད་དགོས་ན་དཀའ་ཁག་ཆེན་པོ་ཡིན་སྟབས། དེ་ལ་གདོང་ལེན་ནམ་སྐྱོན་བརྗོད་ཐུབ་པའི་ཚོགས་སྡེ་ཞིག་དགོས་ཀྱི་འདུག
༢ ཡི་གེ་ཀློག་མ་ཤེས་ན་རང་ཉིད་ལ་སློབ་སྦྱོང་གི་གནས་ཚུལ་དགོས་པ་ལས་ཡི་གེས་ཚུར་ངོ་ཤེས་དགོས་པ་ལྟ་བུའི་བསམ་ཚུལ་འཛིན་མཁན་རིགས་དང་འགྱུར་བ་གཏོང་མི་དགོས་པའི་རིགས་མང་བོ་ཞིག་འགྱུར་བ་མི་གཏོང་བ་དང་། དབྱིན་ཡིག་ནང་ཡོད་པའི་ comma དང་ Helphen. Breaket. Abbreavation ལྟ་བུའི་རིགས་སྣོན་འཇོག་བྱེད་པ།
༣ ཤེས་ཡོན་ཚད་ལྡན་ཡོད་མཁན་གྱི་མིས་སློབ་ཚན་གཏན་འབེབས་བྱས་ཡོང་དུས། སྒང་ནས་དབང་དང་གོ་སའི་དབང་གིས་ཟུར་འདོན་བྱེད་པ་ལྟ་བུའི་རིགས་མེད་པར་བཟོས་ཏེ། སློབ་དེབ་བཟོ་མཁན་ལ་རང་དབང་དགོས་ཀྱི་འདུག
༤ ཆོལ་ཁ་གསུམ་གྱིས་ཕན་ཚུན་ཆོལ་ཁའི་ཕྱོགས་ཞེན་གྱི་རྩོད་པ་མ་བརྒྱབ་པར། སློབ་སྦྱོང་ཐོག་འགྲན་བསྡུར་བྱུང་ན་ཡག་པོ་འདུག དཔེར་ན། སློབ་སྦྱོང་འགྲན་ཚོགས་ལྟ་བུ་འཛུགས་ཐུབ་ན་ཡག་པོ་འདུག
༥ གློག་ཀླད་ཡིག་གཟུགས་ཐད་ནས་གཞིས་བྱེས་གཉིས་ནང་གཅིག་གྱུར་ཞིག་ཡོང་དགོས་ཀྱི་འདུག
༦ དགེ་རྒན་འོས་སྦྱོང་ཚད་ལྡན་མ་བཟོས་པར་དགེ་རྒན་འོས་སྦྱོང་ཐོན་མཁན་དག་ཚད་ལྡན་དུ་མཐོང་གི་ཡོད་ཀྱང་། དེ་ལྟར་ཡོང་གི་མེད་སྟབས། དགེ་རྒན་འོས་སྦྱོང་སྤྲོད་ཡུལ་ལ་མ་གཞི་ནས་ཤེས་ཡོན་ཡག་པོ་ཡོད་དགོས།
༧ རྩོམ་དེབ་འདོན་མཁན་ལ་དགག་པ་རྒྱག་རྒྱུ་མ་ཡིན་པར་རྩོམ་པ་པོ་ཚད་ལྡན་བཟོ་དགོས་ན་ཚད་ལྡན་བཟོ་བའི་ལམ་ཁ་ཞིག་ཡོད་ན་ཡག་པོ་ཡོད་ན་བསམ་གྱིན་འདུག
༨. རྒན་དམ་ཆོས་དཔལ་བཟང་ལགས་ཀྱི་དགོངས་ཚུལ། (བརྗོད་གཞི་གཉིས་པ) དགེ་རྒན་གྱི་དཔུང་སྡེ་ཚད་ལྡན་ཞིག་མེད་ཚེ་ཇི་ལྟར་བྱས་ཀྱང་ཡོང་ཐབས་མེད་པ་ཞིག་རེད། དགེ་རྒན་གྱི་དཔུང་སྡེ་ཚད་ལྡན་ཞིག་ཡོང་དགོས་པ་ལ་དགེ་རྒན་ལ་ལྟ་རྟོག་བྱེད་མཁན་གྱི་ཚོགས་སྡེ་ཞིག་འཛུགས་དགོས། ལྷག་པར་དུ་བཙན་བྱོལ་ནང་བོད་ནས་སླེབས་པའི་སློབ་ཕྲུག་རྣམས་ལ་དགེ་རྒན་རྣམས་ཀྱིས་ཕ་དང་མའི་ཚབ་བྱ་དགོས་ཀྱི་འདུག གཅེས་སེམས་དགོས་ཀྱི་འདུག ཕྲུ་གུ་ལ་དགེ་རྒན་གྱི་སེམས་སྤྲོད་དགོས་པ་གལ་ཆེན་པོ་རེད་ལ། དགེ་རྒན་དང་སློབ་མའི་བར་ཐག་ཅི་ཙམ་གྱིས་ཉེ་ན་སློབ་ཕྲུག་ལ་སློབ་གསོ་སྤྲོད་པ་དང་སློབ་ཁྲིད་བྱ་རྒྱུར་དཀའ་ངལ་གང་ཡང་མེད། སློབ་ཚན་ཚད་ལྡན་ཞིག་བྱུང་ཚེ་སློབ་གྲྭ་དེ་རང་བཞིན་གྱིས་ཡར་རྒྱས་འགྲོ་གི་རེད།
༩. དུས་བབ་རྩོམ་སྒྲིག་པ་ཟུར་བ་དགེ་འདུན་རབ་གསལ་གྱི་དགོངས་ཚུལ། (བརྗོད་གཞི་གཉིས་པ།) ད་ལྟ་མང་བོ་ཞིག་གིས་རྩོམ་སྒྲིག་ཚོགས་ཆུང་དང་རྩོམ་སྒྱུར་སྡེ་ཚན་དགོས་པར་གསུངས་སོང་དེ་དངོས་གནས་གལ་ཆེན་པོ་རེད། ང་ལ་མཚོན་ན། བྱིས་སྒྲུང་དཔེ་དེབ་གཉིས་བསྒྱུར་ཟིན་ཡང་དཔར་སྐྲུན་བྱེད་དུ་འགྲོ་སྐབས་ཆོག་མཆན་རེག་གི་མི་འདུག དེ་རིགས་ལ་གཞུང་འབྲེལ་གྱི་ཐོག་ནས་ཆོག་མཆན་ཞུ་བ་དང་དངུལ་གྱི་རོགས་རམ་བྱ་རྒྱུ་ཡོད་མེད། ང་ཚོས་ཕྲུ་གུ་དག་སྐད་ཡིག་ཤེས་ཀྱི་མི་འདུག་ཟེར་ན་ཉེན་ཁ་ཆེན་པོ་ཡིན་ཡང་། འདབ་གཤོག་གཉིས་ལྡན་དང་ཐམས་ཅད་མཁྱེན་པ་བཟོ་ཐུབ་ཀྱི་མ་རེད། བོད་སྐད་ཟེར་དུས་རིམ་པ་དང་རིགས་ག་ཚོད་ཡོད་མེད་ཧ་མ་གོ་བར་ལྷག་ཡོད་པས། དབུས་པས་ཨམ་སྐད་སྦྱོང་བ་དང་ཨམ་མདོ་བས་ཁམས་སྐད་སྦྱོང་བ་ལྟ་བུ་བྱས་ན་སྐད་ཡིག་རྒྱུན་འཛིན་བྱ་རྒྱུར་ཕན་གི་རེད།
༡༠. ཤེས་རབ་དགའ་ཚལ་སློབ་གླིང་གི་རྒན་མཆོག་གོ་རྡོ་རྗེའི་དགོངས་ཚུལ། (སློབ་སྤྱིའི་སྐུ་ཚབ།) (བརྗོད་གཞི་གཉིས་པ།) ཤེས་རིག་གི་བཀའ་བློན་དང་དྲུང་ཆེ་དག་ངེས་པར་དུ་ཤེས་ཡོན་ཅན་ཡིན་དགོས་ལ་སློབ་གྲྭ་ཁག་གི་སློབ་སྤྱི་དག་ཀྱང་བོད་དབྱིན་གཉིས་ཀའི་ཐད་ཉམས་མྱོང་ཡོད་མཁན་དགོས་གལ་ཆེན་པོ་རེད། དགེ་རྒན་འོས་སྦྱོང་སྤྲོད་པར་འཆར་གཞི་ཡོད་པ་དང་དམིགས་ཡུལ་ཡོད་པ། འབབ་ས་ཡོད་པ་དགོས་ཀྱི་འདུག དགེ་རྒན་འོས་སྦྱོང་སྐབས་སུ་སློབ་ཚན་ཇི་ལྟར་ཁྲིད་རྒྱུ་ཡིན་མིན་ཐད་གཙོ་བོར་འཛིན་དགོས། དགེ་རྒན་འོས་སྦྱོང་ཐོན་རྗེས་དམའ་རིམ་གྱི་འོས་སྦྱོང་ཐོན་མཁན་ལ་དམའ་རིམ་རང་དུ་དགེ་རྒན་ལ་གཏོང་བ་དང་། འབྲིང་རིམ་འོས་སྦྱོང་ཐོན་མཁན་ལ་འབྲིང་རིམ་སློབ་གྲྭར་གཏོང་བ་སོགས་བྱ་དགོས་ཀྱི་འདུག དགེ་རྒན་འདེམས་སྟངས་ཐད་ནས་སློབ་གྲྭ་ཁག་ཅིག་ཏུ་སློབ་སྤྱི་དང་དྲུང་ཆེ་སོགས་ཀྱིས་ངོ་ཤེས་མིན་ལ་བལྟས་ཏེ་འདེམས་པ་ལས་ཤེས་ཡོན་ལ་བལྟས་ཏེ་འདེམས་ཀྱི་མི་འདུག
༡༡. རྒན་སྐལ་བཟང་ཉི་མ་ལགས་ཀྱི་དགོངས་ཚུལ། (སློབ་སྤྱིའི་སྐུ་ཚབ།) (བརྗོད་གཞི་གཉིས་པ།) ༡ ཤེས་རིག་བཀའ་བློན་ཡག་པོ་ཞིག་དགོས་ཀྱི་འདུག་ལ་ཤེས་རིག་དྲུང་ཆེ་དབྱིན་སྐད་ལ་བྱང་ཆུབ་པ་ཡོད་ཀྱང་བོད་སྐད་ཡིག་གི་ཐོག་ནས་དྲུང་ཆེ་བྱ་ཐུབ་མིན་བལྟ་དགོས། ༢ སློབ་གྲྭ་ཁག་གི་སློབ་སྤྱི་ལ་ངེས་པར་དུ་བོད་ཡིག་ཤེས་མཁན་ཞིག་དགོས་ཀྱི་འདུག་ལ། དགེ་རྒན་རྣམས་ཀྱིས་འཆར་འགོད་བྱས་པའི་སློབ་ཁྲིད་ཀྱི་ནང་དོན་ལ་བལྟས་ཏེ་ལམ་སྟོན་བྱ་ཐུབ་མཁན་ཞིག་ཀྱང་དགོས་ཀྱི་འདུག ༣ དྲ་རྒྱ་ཁག་ཏུ་མི་སོ་སོས་བསམ་ཚུལ་ལ་དཔག་པའི་རྩོམ་ཡིག་སྤེལ་གྱིན་ཡོད་མོད། སྒང་ནས་དེ་ལྟ་བུའི་རྩོམ་ཡིག་སྤེལ་མཁན་ལ་གནོན་ཤུགས་གཏོང་བ་དང། རྩོམ་ཡིག་དེ་ལྟ་བུ་སྤེལ་སའི་ཚགས་དེབ་ལའང་གནོན་ཤུགས་སྤྲོད་པ་ལྟ་བུ་ཡོང་གི་འདུག་པས། དེ་ལྟ་བུའི་རྩོམ་ཡིག་སྤེལ་མཁན་ལ་གཞོན་ནུ་ཚོགས་པར་ལྟར་ཀུ་ཡངས་སྤྲོད་དགོས་པ་གལ་ཆེན་པོ་རེད། ༤ སློབ་གྲྭ་ཁག་གི་ཀློག་དེབ་ཡར་རྒྱས་གཏོང་དགོས་པ་གལ་ཆེན་པོ་རེད། ང་ཚོས་འདིར་དྲིལ་བསྒྲགས་དང་ཤེས་རིག་ལས་ཁུངས་གཞུང་འབྲེལ་ཡིན་མིན་གྱི་ཚོགས་པ་ཡོངས་ཀྱིས་དཔར་བའི་དེབ་རིགས་སློབ་གྲྭ་ཁག་གི་དཔེ་མཛོད་དུ་བཏང་སྟེ་བཀང་ཡོད་ཀྱང་། དེ་ཚོར་ཚིག་བརྗོད་མི་བདེ་བ་དང་དྲིལ་བསྒྲགས་ཀྱི་རྣམ་པ་ཙམ་ལས་ཐོན་གྱི་མེད།
༡༢. དཔེ་སྟོན་སློབ་གྲྭའི་རྒན་རྡོ་སྦིས་ཟླ་བ་ཚེ་རིང་ལགས་ཀྱི་དགོངས་ཚུལ། (བརྗོད་གཞི་གཉིས་པ།) དཔེ་སྟོན་སློབ་གྲྭ་ལ་མཚོན་ནས་བཤད་ན། སེམས་ཁྲལ་ཆེ་ཤོས་ནི། ད་ལྟ་འཛིན་གྲྭ་བརྒྱད་པ་བར་དུ་སླེབས་ཀྱིན་ཡོད་ནའང་། འཛིན་གྲྭ་དགུ་བ་འཛུགས་ཐུབ་མིན་ཐད་ནས་ཕྲུ་གུ་དང་དགེ་རྒན་གཉིས་ཀས་སེམས་ཁྲལ་བྱེད་ཀྱིན་ཡོད། ཕྲུ་གུས་སེམས་ཁྲལ་ནི་ད་ལྟ་བར་ལོ་བདུན་བརྒྱད་ལ་བོད་ཡིག་ཆེད་སྦྱོང་བྱས་པ་དེ། ད་ལྟ་སློབ་གྲྭ་གཞན་དུ་བཏང་ཚེ་ཁོ་ཚོས་ད་བར་དུ་བཅངས་པའི་དམིགས་འདུན་འཕྲོ་བརླག་ཏུ་འགྲོ་གི་རེད་སྙམ་པ་དང་། དགེ་རྒན་གྱིས་སེམས་ཁྲལ་ནི་ད་ལྟའི་བར་དུ་དཀའ་ལས་བརྒྱབ་ནས་བསྐྱངས་པའི་སློབ་ཕྲུག་གི་གྲུབ་འབྲས་ཡོངས་སུ་མངོན་ཐུབ་མེད་པའི་སྐབས་འདིར། སློབ་གྲྭ་གཞན་དང་ལམ་ཁ་གཞན་དུ་ཕྱིན་ཚེ། ཁོང་ཚོས་ད་བར་དཀའ་ལས་བརྒྱབས་པར་གྲུབ་འབྲས་མ་བྱུང་བར་མ་ཟད། སློབ་ཕྲུག་དེ་དག་གི་མི་ཚེའི་མདུན་ལམ་འཕྲོ་བརླག་ཏུ་བཏང་བ་ལྟ་བུ་རེད་སྙམ་ཡོད།
མཆན། ཡི་གེ་མང་པར་དོགས་ནས་<བཀའ་སྤྱི་གཉིས་ཀྱིས་བསྒྲུབས་ཟིན་པའི་སྐད་ཡིག་སྲུང་སྐྱོབ་སྐོར་གྱི་དགེ་སྐྱོན་གླེང་བ།>ཞེས་པའི་བརྗོད་གཞི་དེའི་དགོངས་ཚུལ་འདིར་བཀོད་མེད།
༢༠༡༡ ༡༡ ༢༨ ཉིན་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པའི་ཚོགས་གཙོའི་མིང་འཛིན་པ་འབྲོག་རུ་ཆོས་གྲགས་ཀྱིས་བཞུགས་སྒར་དྷ་རམ་ས་ལ་རུ།
རྡ་ལམ་ས་ལའི་བོད་ཀྱི་སྐད་ཡིག་རྒྱུད་འཛིན་ཚོགས་པའི་ལས་འགུལ་དག་ལ་རྗེས་སུ་ཡི་རངས་དང་སྙིང་ནས་བཀའ་དྲིན་ཆེ་ཞུ་བཞིན་ཡོད་། བོད་ཀྱི་སྐད་ཡིག་གི་སྐོར་ལ་གུས་བར་ཡང་བསམ་ཚུལ་མང་པོ་ཡོད་། ཚང་མ་ཞུ་རྒྱུའི་དུས་ཚོད་ཡོང་བ་མི་འདུག འདིར་གནད་དོན་གཅིག་ཞུ་གི་ཡིན།
དང་པོ།
སྐད་ཡིག་གི་གནད་དོན་འདི་ཐུག་ས་གཅིག་དེ། གཞི་རིམ་སློབ་གྲའི་ཀློག་དེབ་རེད་། གཞི་རིམ་སློབ་་གྲའི་ཀློག་དེབ་གཏན་འབེབས་བྱེད་སྟངས་དེ་གནད་འགག་ཆེ་ཤོས་ཤིག་རེད་། ཀློག་དེབ་ཀྱི་ལས་ཀ་འདི་མི་གཅིག་གཉིས་ཀྱིས་ཡོང་བ་དང་ལས་ཁུངས་སུ་བསྡད་ནས་བཟོས་ན་འགྲུབ་པ་ཞིག་མིན་པ་འདྲ་། ཀློག་དེབ་གཏན་འབེབས་བྱེད་པ་ལ། ཐོག་མར་ཀློག་དེབ་བེད་སྤྱོད་གཏོང་ས་དེའི་གནས་སྟངས་ལ་རྒྱུས་ལོན་ཆ་ཚང་བ་ཞིག་དགོས་གི་ གལ་སྲིད་ང་ཀློག་དེབ་བཟོ་མཁན་ཞིག་ཡིན་ན། ངས་ཐོག་མར་ཀློག་དེབ་བེད་སྤྱོད་གཏོང་ས་དེ་ཚོར་ཕྱོགས་ཡོངས་ནས་རྒྱུས་ལོན་བྱེད་ས་རེད་། དཔེར་ན། འཛིན་རིམ་ལྔ་པའི་བོད་ཕྲུག་ཚོར་བོད་ཀྱི་སྐད་ཡིག་གི་ཀློག་དེབ་བཟོ་ན། ཐོག་མར་ངས་འཛིན་རིམ་ལྔ་པའི་བོད་ཕྲུག་ཚོའི་བོད་ཡིག་གི་གནས་སྟངས་ལ་རྒྱུས་ལོན་བྱེད་ས་རེད་། འཛིན་རིམ་ལྔ་པའི་བོད་ཕྲུག་ཞིག་ལ། “ངའི་ཨ་མ་” ཟེར་བའི་སྐོར་ལ་ཤོག་ངོས་གཅིག་བོད་ཡིག་ཏུ་ཕྲིས་ལབ་ན། “ཨ་མའི་སྐོར” ་ལ་མིང་ཚིག་ཇི་ཙམ་བེད་སྤྱོད་གཏོང་ཐུབ་གི་འདུག ཨ་མའི་སྐོར་ལ་བྱ་ཚིག་ག་ཚོད་བེད་སྤྱོད་གཏོང་ཐུབ་གི་འདུག ཨ་མའི་སྐོར་ལ་རྒྱན་ཚིག་ག་ཚོད་བེད་སྤྱོད་གཏོང་ཐུབ་གི་འདུག ཤོག་གྲངས་གཅིག་གི་སྒང་ལ་བོད་ཕྲུག་དེས་སོ་སོའི་ཨ་མའི་སྐོར་ལ་གནས་ཚུལ་ཇི་ཙམ་སྤུངས་ཐུབ་ཀྱི་ཡོད་མེད་སོགས་བོད་ཕྲུག་དེའི་སྐད་ཡིག་གི་འབྲི་ནུས་ལ་རྒྱུས་ལོན་བྱས། དེ་བཞིན། སློབ་ཕྲུག་དེར་། “ངའི་ཨ་མ་”ཟེར་བའི་སྐོར་ལ། སྐར་མ་གཉིས་ལ་ངག་ཐོག་ནས་བཤད་བཅུག་ན། ག་ཚོད་བཤད་ཐུབ་མིན་སོགས་ལ་རྒྱུས་ལོན་བྱས་། གང་ལྟར་། ཡིག་ངག་གཉིས་ཀྱི་ཐོག་ནས་རྒྱུས་ལོན་གང་འཚམ་བྱུང་རྗེས། ད་གཟོད་ཀློག་དེབ་བཟོ་བར་སྟ་གོན་བྱེད་ས་རེད་། གཞན། ང་ཚོའི་སྤྱི་ཚོགས་སུ་ཀློག་དེབ་དང་དགེ་རྒན་གྱི་གལ་ཆེ་ཆུང་སྐོར་ལ་རྩོད་པ་ཡོང་གི་འདུག འོན་ཀྱང་། དེའི་སྐོར་ངས་མི་ཤེས། གནས་སྐབས་སུ་དེ་ཙམ་ཡིན།
བོད་སྐད་ཡིག་རྒྱུན་འཛིན་ཚོགས་པའི་ཚོགས་གཙོ་འབྲོག་ཆོས་ལགས་ཀྱི་གསུངས་པ་ལ་རྗེས་སུ་ཡི་རངས་ཞུ་བ་དང་ཆབ་ཅིག་རྒྱལ་སྤྱིའི་བོད་སྐད་ཡིག་སྐོར་གྱི་ཚོགས་འདུ་
ཐེངས་གསུམ་པར་ཕུལ་བའི་བསམ་ཚུལ་གྱི་ཀ་ཕྲེང་ལྟར་ལགས་སོ།།
དབྱངས་ཨ་ངེས་པ་འབོད་སྒྲའི་ཀ་ཕྲེངཞེས་བྱ་བ།།
ངགཁྲི།
ཀ་མད་དབྱངས་ལ་བཅངས་པ་ལྷག་བསམ་ཅན་རྣམ་པས།།
ཁ་བ་གངས་ཅན་སྐད་དང་བརྡ་དག་རྣམས་བསྐྱངས་སླད།།
ག་ས་གང་ལ་གནས་མཛད་ལ་རྒྱ་ཅན་མངགས་ནས།།
ང་ཅག་བླ་གནས་དར་རྒྱས་མཐའ་དག་ལ་སྨན་འཚལ།།
ཅ་ལག་ཟ་མ་ངན་པར་དལ་དལ་ངང་སྤྱད་ནས།།
ཆ་ཤས་སྐད་ངན་བསྒྲགས་པ་ཐབས་བཟང་ཙམ་ལགས་ཀྱང་།།
ཇ་ཆང་བརླན་རྫས་དག་ལ་ཐད་ཀར་རང་སྦྲགས་ན།།
ཉ་མར་སྤྱད་ལ་དགའ་ལྟར་ངམ་ངམ་ལ་ལྷགས་པས།།
འཕྲོ་མུ་མཐུད་འགོད་རྒྱུ་ཡིན།།
བོད་ཀྱི་སྐད་ཡིག་རྒྱུན་ཚོགས་པས་དངོས་སུ་ལག་ལེན་བསྟར་ཐུབ་པ་གཅིག་ཡོད་པ་ནི། རྡ་སའི་ཚོང་ཁངས་དང་། ཟ་ཁང་། ལས་ཁུངས་སོགས་ཀྱི་སྒོ་བྱང་བོད་ཡིག་སྟེང་ནས་ཡིག་གཟུགས་ཡག་པོའི་སྒང་ནས་འབྲི་བར་འབད་འབུངས་བྱ་གལ་ཆེ།
ཏཱ་ལ་མཚན་སྙན་མངའ་འབངས་གངས་ཅན་པ་རྣམས་པས།།
ཐ་སྙད་རང་རང་སྐད་དང་མཉམ་སྤྱད་རང་མཛད་སླད།།
ད་ཆ་འདྲ་མཉམ་ངང་ནས་གཏམ་བཤད་མང་མཛད་ན།།
ན་ཕྲ་བདག་ཅག་རྣམས་ལ་གདམས་ངག་རང་ལགས་ལ།།
པ་སངས་མཁའ་ལ་འཕགས་འདྲ་གངས་ཅན་སྐད་སྙན་ཡང་།།
ཕ་མས་རང་གཞན་ཕན་སླད་བདག་ཉར་མཛད་དཀའ་ན།།
བ་ལང་འདྲ་བ་དག་ལ་ངལ་བ་རང་ལགས་པས།།
མ་ཉམས་ཡང་དག་གནས་ལ་དཔྱད་པ་མང་གནང་དང།།
བོད་ཀྱི་སྐད་ཡིག་གོང་ཕེལ་གཏོང་དགོས་ན་། ཡིག་གེ་འབྲི་དུས་དང་བོད་པའི་ནང་ཕན་ཚུན་སྐད་ཆ་བཤད་དུ་སོགས་ལ་ངེས་པར་དུ་རང་ཡིག་དང་རང་སྐད་རྩང་མ་བད་སྤྱོད་གཏང་ཐུབ་དགོས་པ་དེ་དོ་གལ་ཆེ་ཤོས་རེད་།
བོད་ཀྱི་སྐད་ཡིག་སྲུང་དགོས་ན། འདས་མ་འོངས་ད་ལྟ་གསུམ་ཞེས་ངོ་སྤྲོད་བྱས་པའི་རྗེས་སུ། ཚིག་སྡུད་བྱེད་དགོས་ན། འདས་མ་ད་གསུམ་ཞེས་ཚིག་སྡུད་བྱེད་ལུགས་དེ་ཐུགས་ལ་འཇོག་དགོས། དེ་མིན་ཕྱི་མ་དེ་ཉིད་དང་པོ་དེ་ཡི་བསྡུས་ཚིག་ཡིན་པ་མ་ཤེས་པའི་ཀློག་པ་པོ་མང་དུ་འབྱུང་ངེས། དེ་བཞིན་དུ། ཡོད་པ་མ་ཟད། ཅེས་པ་ལ། ཡོད་པར་མ་ཟད། ཅེས་འབྲི་དགོས་སོ།།
བོད་ཕྱི་ནང་གཉིས་ཀྱི་མཁས་པ་ཚོ་ལྷན་དུ་ད་རེས་འཚོགས་ཐུབ་པ་ནི་ཧ་ཅང་ཡག་པོ་རེད། དེ་བཞིན་བོད་ཕྱི་ནང་གཉིས་ཀྱི་མཉམ་མྱོང་བརྗེ་རེས་བྱེད་ཐུབ། དཔེར་ན། རྒྱ་ནག་སྐམ་ས་དང་ཐེ་ཝན་མཚོ་འགག་གཉིས་ལ་ཆབ་སྲིད་སྟེང་འབྲེལ་བ་དངོས་སུ་མེད་ཀྱང་། རིག་གཞུང་བརྗེ་རེས་ཀྱི་འབྲེལ་བ་གཏིང་ཟབ་པོ་འདུག དཔེ་དེ་བཞིན་བོད་ཕྱི་ནང་གཉིས་ལ་ཡང་རིག་གཞུང་སྟེང་ནས་འབྲེལ་བ་འཕེལ་ཡོང་ན་བོད་ཀྱི་རིག་གཞུང་ཡར་རྒྱས་ཡོང་བར་ཕན་ཐོག་ཆེན་པོ་ཡོང་རྒྱུ་རེད་བསམ།
ཙ་ར་ཀ་༡༽ལ་དཔྱད་ལྟར་ཕ་སྐད་ལ་བསམ་ནས།།
ཚ་གྲང་ས་མཐའ་ཚང་མར་བག་ཡངས་ངང་སྤྱད་མཐར།།
ཛ་ཡ་༸རྒྱལ་དབང་སྲས་བཅས་བཀའ་མངགས་ལ་འབད་ན།།
ཝ་ངན་མཐའ་དག་སྐྲག་ལ་ངལ་བས་ཀྱང་མ་སྦགས།།།
མཆན་འགྲེལ།
ཙ་ར་ཀ་ནི། ལེགས་སྦྱར་སྐད་དེ། བོད་སྐད་དུ་སྨན་དཔྱད་དང་སྨན་བཅོས་ཀྱི་དོན་ནོ།།
ཝ་ངན་མཐའ་རམས་བསྐྲད་ལ་ངལ་བ་རང་མ་ལགས།།
༦༽ཞཱ་བཟང་སྣ་མང་མནབ་ལ་གངས་ཅན་སླད་བལྟམས་མཐར།།
ཟ་མ་བཟང་ངན་དག་ལས་དཀར་ཟས་ལ་བསྔགས་རྣམས།།
འ་ཅག་ཁ་བ་ཅན་པར་གདམས་ངག་རང་ལགས་ན།།
ཡ་མཚན་སྤངས་ནས་མ་སྐད་དཀར་ཟས་སླད་འབད་འཚལ།།