རེ་མདོ་སེངྒེ་།
ཡོ་རོབ་ཏུ་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ཐེངས་བཅུ་བཞི་པར་བསྐྱོད་པའི་སྐབས་ཀྱི་མཐོང་ཐོས་འགའ་ཤས། {ཚན་པ་གསུམ་པ།}
༄༅།། ཟླ་ ༦ ཚེས་ ༡༩ ཕྱི་དྲོ་ཆུ་ཚོད་ ༣ ཐོག་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ཐེངས་བཅུ་བཞི་པ་དབུ་འཛུགས་ཀྱི་མཛད་སྒོ་ཚུགས། ཚོགས་བཅར་བ་རྒྱལ་ཁབ་མ་འདྲ་བ་བཞི་བཅུ་མ་ཟིན་ཙམ་ནས་མི་གྲངས་ ༤༥༠ ཙམ་ཚོགས་ཞུགས་བྱས་འདུག་པ་དང༌། བོད་མི་བདུན་ཅུ་ཙམ་ཡོད་པ་ལས་ལྷག་མ་ཡོངས་རྫོགས་ཕྱི་རྒྱལ་བ་ཡིན་པས་བོད་མིས་ཚོགས་ཞུགས་པ་སྤྱིའི་བརྒྱ་ཆ་བཅོ་ལྔ་ལས་ཟིན་གྱི་མེད། འདིའི་ཐད་ལྟ་ཚུལ་མི་མཐུན་པ་སྣ་ཚོགས་ཡོད་ཀྱང་ཡིག་ཚོགས་མངས་པར་འགྱུར་བས་འདིར་མི་གླེང༌།
ཟླ་ ༦ ཚེས་ ༢༠ ཉིན་ནས་ཚོགས་འདུ་གོ་སྒྲིག་པས་སྡེ་ཚན་དབྱེ་བགོས་བྱས་པ་གཞི་བཟུང་གིས་བགྲོ་གླེང་དངོས་གཞི་དབུ་ཚུགས། སྡེ་ཚན་དབྱེ་བགོས་བྱེད་སྟངས་ནི་ Panel མ་འདྲ་བ་ལྔ་བཅུ་ང་གསུམ་དང༌། Session མ་འདྲ་བ་ཉེར་བརྒྱད་འདུག དེ་ཡང་ Panel ནི་ཚོགས་ཞུགས་པ་གང་ཡང་རུང་བ་ཞིག་གིས་ཆེད་འཛུགས་བྱས་པའི་བཞུགས་མོལ་ཚོགས་འདུ་ལྟ་བུ་ཡིན་ལ། ཚོགས་སྟངས་འདི་ལ་མདུན་འཇོག་སྒོར་མོའི་ཚོགས་འདུ་ཟེར་བའང་ཡོད་ཚོད་འདུག Session ནི་ཚོགས་འདུ་གོ་སྒྲིག་པས་བརྗོད་གཞི་རིགས་མཐུན་ཁག་ལྷན་བསྡུས་བྱས་པའི་ཚན་ཆུང་ངམ་སྡེ་ཁག་ལྟ་བུ་ཞིག་ལ་གོ་དགོས་པ་ཡིན་ཚོད། Panel དང༌། Session གཉིས་བསྡོམས་པའི་འགོས་ཚན་མ་འདྲ་བ་བརྒྱད་ཅུ་གྱ་གཅིག་ཡོད་ཅིང༌། སྐབས་གཅིག་ལ་ཉུང་མཐའ་མི་བརྒྱད་དང་དགུའི་བར་གྱིས་གཏམ་བཤད་གནང་གི་ཡོད་སྟབས། ཚོགས་ཞུགས་པ་ཡོངས་རྫོགས་ཀྱི་གཏམ་བཤད་ལ་བཅར་ཐུབ་པའི་གནས་སྟངས་མེད་ཀྱང༌། ཁོ་བོར་མཚོན་ན་རང་ཉིད་ཀྱིས་དོ་སྣང་ཡོད་སའི་བརྗོད་གཞི་ཁག་འདེམས་གསེས་ཀྱིས་གཏམ་བཤད་ཁག་མ་འདྲ་བ་ལྔ་བཅུ་ཙམ་ལ་བཅར་ཐུབ་པའི་འབད་བརྩོན་བྱས་པ་ཡིན།
མི་སོ་སོའི་བརྗོད་གཞི་འདེམས་སྟངས་མ་འདྲ་བ་དང༌། ལུང་རིགས་ཀྱི་རྒྱབ་རྟེན་མ་འདྲ་བ། ཉམས་ཞིབ་ཀྱི་རིགས་ལམ་མ་འདྲ་བ། ཞིབ་འཇུག་གི་གྲུབ་དོན་མ་འདྲ་བ། ངོ་སྤྲོད་གནང་སྟངས་མ་འདྲ་བ་བཅས་ལས་གོ་རྟོགས་དང་ཉམས་མྱོང་མ་འདྲ་བ་མང་པོ་བྱུང་བར་མ་ཟད། ཚོགས་འདུའི་བར་གསེང་དང་སྔ་དགོང་རྣམས་སུ་མཁས་པ་དང་གཞོན་སྐྱེས་མཁྱེན་དཔྱོད་ལྡན་པ་མང་པོ་ཞིག་ལ་གནད་དོན་སྣ་ཚོགས་ཐོག་བསམ་ཚུལ་བརྗེ་ལེན་བྱེད་པའི་གོ་སྐབས་བྱུང་བས་ཡིད་ཚིམས་ནས་སྤྲོ་བ་བརྟས་ཡོད།
ཚོགས་འདུའི་གནས་ཚུལ་བཤད་པའི་སྐབས་བཟང་ཕྱོགས་ཀྱི་གནས་ཚུལ་བཤད་པ་དང་མཉམ་དུ། མཐོང་ཚུལ་མ་ལེགས་པར་བྱུང་བའི་སྐོར་གྱི་ཞན་ཆ་ཡང་བཤད་དགོས་ངེས་ཡིན། དཔེར་ན། ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོ་དང༌། མཇུག་སྡོམ་སོགས་བོད་རིག་པའི་ཚོགས་མི་རྣམས་ལྷན་འཛོམས་ཀྱི་ཚོགས་འདུ་སྔ་ཕྱིའི་སྐབས། ཚོགས་གཙོའི་གཏམ་བཤད་རྣམས་བོད་སྐད་དུ་གསུངས་ནས་དབྱིན་སྐད་དུ་སྒྱུར་དགོས་པ་རེད་དམ། ཡང་ན་དབྱིན་སྐད་དུ་གསུངས་ནས་བོད་སྐད་དུ་སྒྱུར་དགོས་པ་རེད། ཚོགས་གཙོ་བོད་མི་ཡིན་མིན་ལ་མ་ལྟོས་པར་བོད་སྐད་མི་མཁྱེན་མཁན་ཞིག་ཡིན་ན། ཁོ་རང་གིས་གང་མཁྱེན་པའི་སྐད་ཡིག་དེའི་ཐོག་ནས་གསུངས་པ་ལས་གདམ་ག་གཞན་མེད། འོན་ཀྱང་བོད་རིག་པའི་ཚོགས་ཆེན་གྱི་ཚོགས་གཙོ་བོད་མི་བོད་སྐད་མཁྱེན་མཁན་ཞིག་གིས། ཚོགས་འདུའི་གཏམ་བཤད་དབྱིན་སྐད་དུ་གསུངས་ནས་གཞན་པ་ཞིག་གིས་བོད་སྐད་དུ་སྒྱུར་བའི་སྐབས། བོད་པ་མང་པོ་ཞིག་གི་བསམ་བློར་མ་བདེ་བའི་ཚོར་སྣང་ཞིག་ཡོད་པའི་མཐོང་ཚུལ་བྱུང༌།
ཚོགས་ཞུགས་པ་རིགས་ཤིག་གིས་ཚོགས་འདུའི་ཐོག་བགྲོ་སྦྱང་གནང་རྒྱུའི་རྩོམ་ཡིག་ཅིག་འཁྱེར་ཡོང་འདུག་པ་མ་གཏོགས། རྩོམ་ཡིག་དེའི་རྒྱབ་ལྗོངས་ཀྱི་གནས་ཚུལ་གང་ལ་ཡང་ཞིབ་འཇུག་གཏིང་ཕྱིན་པ་མཛད་མི་འདུག འདི་རིགས་ལ་བརྗོད་གཞི་དང་འབྲེལ་བའི་དྲི་བ་གང་འདྲ་ཞིག་དྲིས་ཀྱང༌། དེ་ང་ལ་རྒྱུས་མེད། དེ་ལ་ངས་ཞིབ་འཇུག་བྱས་མེད་ཅེས་པ་ལྟ་བུ་ཤ་སྟག་མ་གཏོགས་ལན་གནད་ལ་འཁེལ་བ་གང་ཡང་མི་འདུག་ཅིང༌། ཞིབ་འཇུག་གི་གནས་ཚད་གང་འདྲ་ཡིན་མིན་དྲི་བ་དྲིས་ལན་གྱི་སྐབས་སུ་རང་བཞིན་གྱིས་གསལ་ཡོང་བས། རིགས་ཤིག་ལ་གང་བྱུང་གིས་ཚོགས་འདུ་འདི་རིགས་ལ་ཡོང་མི་ཉན་པའི་ཉམས་མྱོང་ཞིག་བརྙེས་ཡོད་ཚོད་ཡིན།
རང་ཉིད་ལ་སྲོལ་རྒྱུན་རིག་གཞུང་གི་གོ་རྟོགས་དང་ལྟ་རྒྱ་ཚད་ལོན་པ་གང་ཡང་མེད་བཞིན། སྲོལ་རྒྱུན་གྱི་གཞུང་ལུགས་འདི་དང་འདི་ལ་རིན་ཐང་མེད་ཚུལ་དང༌། འདི་དང་འདི་རིགས་ཀྱིས་བོད་ཀྱི་རིག་གནས་ལ་ཕན་ཐོགས་གཏན་ནས་མེད་པས། གཞི་རྩ་ནས་གསར་བརྗེ་བྱ་དགོས་པ་རེད་ཅེས་པ་ལྟ་བུའི་གསུང་བཤད་གནང་མཁན་ཡང་འདུག སྤྱིར་རིག་གཞུང་ཞིག་གླེང་དགོས་ན་གླེང་བྱའི་རིག་གཞུང་དེ་ལ་གོ་བ་དང་ལྟ་རྒྱ་ངེས་ཅན་ཡོད་དགོས་པར་མ་ཟད། བོད་རིག་པའི་ཚོགས་ཆེན་ལྟ་བུའི་སྐབས་རང་ཉིད་ཀྱི་བརྗོད་གཞི་གང་ཡིན་པ་དེའི་གནས་ལུགས་ལ་ཞིབ་འཇུག་གི་གནས་ཚད་ངེས་ཅན་དགོས་པ་སྨོས་མ་དགོས་ཀྱང་། གནས་ལུགས་དང་རྒྱུ་མཚན་གྱིས་སྟོང་པའི་ཀླད་པ་ཧམ་པས་བརྒྱངས་ནས་གཏམ་བཤད་སྤེལ་ཡོང་བའི་སྐབས། ཤུགས་མ་ཐུབ་ཀྱིས་སེམས་ཁྲལ་དང་འཚེར་སྣང་ཞིག་ཡོང་གི་འདུག་ལ། འདི་འདྲའི་ཚོར་སྣང་ཡོད་མཁན་ང་རང་རྐྱང་པ་མིན་པ་ཕྱིས་སུ་ཤེས་རྟོགས་བྱུང་།
ལོ་ཙཱ་བའི་ཆ་རྐྱེན་མེད་པས་ཡིན་ནམ་ཡང་ན་སོ་སོས་དགའ་མོས་འདེམས་ཕྱོགས་མ་འདྲ་བའི་དབང་གིས་ཡིན། གང་ལྟར་བོད་སྐད་བརྒྱུད་ལམ་གྱི་གཏམ་བཤད་ལ་ཉན་མཁན་བརྒྱ་ཆ་དགུ་བཅུ་གོ་བརྒྱད་བོད་པ་ཡིན་པ་དང་། དབྱིན་སྐད་བརྒྱུད་ལམ་གྱི་གཏམ་བཤད་ལ་ཉན་མཁན་བརྒྱ་ཆ་དགུ་བཅུ་ལྷག་མགོ་སེར་པ་ཡིན། དེར་བརྟེན་བོད་རིགས་ཚོས་བོད་མི་ནང་ཁུལ་དང་། མགོ་སེར་པ་ཚོས་མགོ་སེར་པའི་ནང་ཁུལ་ལ་གཏམ་བཤད་གནང་བསྡད་པ་མ་གཏོགས། འདི་གཉིས་ཀྱིས་བསམ་བློ་བསྡུར་ནས་གནད་དོན་གཅིག་གི་ཐོག་གོ་རྟོགས་སྤེལ་རེས་དང་བསམ་ཚུལ་བརྗེ་ལེན་བྱེད་པ་ཤིན་ཏུ་མཐོང་དཀོན་ཞིང་། འདི་ནི་རང་བཞིན་གྱིས་ཕངས་སེམས་སྐྱེ་དགོས་པ་ཞིག་ཏུ་ཚོར།
རྒྱུ་མཚན་ནི་མགོ་སེར་པའི་དེང་རབས་ཀྱི་ཞིབ་འཇུག་བྱེད་སྟངས་དང་། དཔྱོད་ཐབས་ཀྱི་རིགས་ལམ་ཐོག་ནས་བོད་པར་དགོས་པའི་ལེགས་ཆ་མང་པོ་ཡོད་ངེས་ཤིང་། བོད་མིའི་བོད་རིག་པའི་གོ་བ་དང་། བྱང་ཚད། ལྟ་རྒྱ། གོམས་གཤིས་དང་འབྲེལ་བའི་ཉམས་ལེན། འཚོ་བའི་ཉམས་མྱོང་བཅས་ཀྱི་ཐོག་ནས་མགོ་སེར་པ་ཚོའི་བོད་རིག་པའི་ཞིབ་འཇུག་ལ་དག་ཐེར་དང་། སྣོན་འཕྲི་ཁ་གསབ། རིག་གཞུང་དང་འཚོ་བའི་རྒྱུས་སྟོན་བཅས་ཕྱོགས་ཡོངས་ནས་དགོས་མཁོ་ཤིན་ཏུ་ཆེ་བས། འདི་གཉིས་ཁོར་ཡུག་ཅིག་ཏུ་འཛོམས་པ་ཙམ་མ་ཡིན་པར། གནད་དོན་གཅིག་གི་ཐོག་བསམ་བློ་སྤུངས་ཐུབ་པའི་ཆ་རྐྱེན་དགོས་ངེས་བསྐྲུན་དགོས་པ་དངོས་མཐོང་གི་མྱོང་བ་ཡིན།
ང་རང་གིས་དབྱིན་ཇིའི་སྐད་ཡིག་ཤེས་ཀྱི་མེད་སྟབས་འདི་ལྟར་སྡུག་སྐད་བྱས་པ་རེད་སྙམ་པ་ཡོད་སྲིད། སྤྱིར་བོད་མི་ཚོགས་ཞུགས་པའི་གྲས་ནས་དབྱིན་ཇིའི་སྐད་ཡིག་མཁྱེན་མཁན་གང་འཚམས་ཡོད་པ་བདེན། འོན་ཀྱང་འདི་དག་ལས་རིག་གཞུང་གི་གཏམ་གླེང་བྱེད་པའི་གནས་ཚད་ཡོད་མཁན་རེ་ཟུང་ཙམ་ཡིན་པས། གནད་འདི་ལ་ཐུག་པའི་སྐབས་སྤྱིར་བཏང་གི་ཟ་སྐད་འཐུང་སྐད་དེས་རྔོ་ཐོགས་པ་གང་ཡང་མེད་པ་མཁྱེན་དགོས།
མགོ་སེར་པ་ཚོའི་གཏམ་བཤད་ཀྱི་བརྗོད་གཞི་མ་འདྲ་བ་སྣ་ཚོགས་འདུག་ཅིང་། ཁོ་བོས་དངོས་སུ་ཐོས་པ་ནི། འཇམ་དབྱངས་བཞད་པ་སྐུ་ཕྲེང་ལྔ་པའི་རྣམ་ཐར་དང་མཁས་དབང་དམུ་དགེ་བསམ་གཏན་གྱི་རང་རྣམ་སོགས་སུ་གསལ་བ་ལྟར། དུས་འགྱུར་གྱི་གོང་དུ་བླ་བྲང་བཀྲ་ཤིས་འཁྱིལ་དུ་གསར་འཛུགས་མཛད་པའི་རིག་གནས་སློབ་གྲྭའི་སྐོར་དང་། དེ་བཞིན་གྲོས་ཆོད་དོན་ཚན་བཅུ་བདུན་གྱི་སྐོར། བོད་ཀྱི་རྡོ་བརྐོས་ལག་རྩལ་སྐོར། སྙན་ངག་མེ་ལོང་མའི་སྒྱུ་རྩལ་གྱི་སྐོར་བཅས་ནི་མཚོན་བྱེད་ཙམ་དུ་བཀོད་པ་ལགས།
སྤྱིར་བཤད་ཕྱོགས་ཙམ་དེ་ཡིས་འཐུས་པར་བྱས་ཏེ། ང་རང་ཡོད་སའི་Panel དང་འབྲེལ་བའི་གནས་ཚུལ་འགའ་འདིར་བཀོད་ན། ཕྲན་གྱི་གཏམ་བཤད་ནི་ཕྱི་ཟླ་ ༦ ཚེས་ ༢༡ ཉིན་ Tools and resources for early childhoos esucation: reports from the Tibetan plateau བོད་མཐོ་སྒང་ནས་བཏོན་པའི་བྱིས་པའི་སློབ་གསོ་ལ་མཁོ་བའི་མ་ལག་དང་དེའི་འབྱུང་ཁུངས། ཞེས་འཁོད་པའི་ Panel ཞེ་ལྔ་པའི་ནང་གཏམ་བཤད་བྱས་པ་ཡིན། ང་ཚོའི་གཙོ་སྐྱོང་བ་ནི་བོད་ཀྱི་དེང་རབས་རྩོམ་རིག་སྨྲ་བའི་མཁས་པ་རྒན་པདྨ་འབུམ་ཡིན། ཁོང་གིས་ངོ་སྤྲོད་གནང་བ་ལྟར་ན། བྱིས་པའི་སློབ་གསོ་དང་འབྲེལ་བའི་གནད་དོན་འདི་ནི་དེ་སྔར་བོད་རིག་པའི་ཚོགས་འདུའི་ཐོག་གླེང་མྱོང་མེད་པའི་བརྗོད་གཞི་གསར་པ་ཞིག་ཡིན་འདུག་ཅིང༌། ཕྲན་དང་ལྷན་དུ་ Panel གཅིག་ཏུ་གསུང་བཤད་གནང་མཁན་ནི།
དང་པོ། བོད་ནས་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་གྱི་སློབ་སྦྱོང་མཐའ་སོན་ཏེ་དེང་སང་ནུབ་ཕྱོགས་སུ་འབུམ་རམས་པའི་སློབ་སྦྱོང་གནང་བཞིན་པ་རྒྱ་ལོ་ཞུ་བ་ཡིན་ཞིང༌། ཁོང་གིས་བོད་ཀྱི་སྔོན་འགྲོ་སློབ་གསོའི་གནད་དོན་འགར་སྤྱི་ཚོགས་རིག་པའི་ངོས་ནས་དཔྱད་པ། ཞེས་པའི་བརྗོད་གཞིའི་ཐོག་ནས་གསུང་བཤད་གནང༌། ཁོང་གི་བརྗོད་པ་གཙང་ཞིང་དལ་ལ་ལྷུ་འགྲིག་པ། བརྗོད་དོན་ཡོངས་རྫོགས་སྤྱི་ཚོགས་ཀྱི་གཏིང་རིམ་ནས་ཕྱུང་བའི་གལ་གནད་ཆེ་བ་ཤ་སྟག་ཡིན་པར་མ་ཟད། ཞིབ་འཇུག་གི་རིགས་ལམ་གཙང་ཞིང་སྤུས་ཚད་མཐོ་ལ། ལྷག་བསམ་དང་སྤོབས་པ་འགྲན་པ་ལྟ་བུའི་མི་ཞིག་ཡིན་པའི་ཚོར་སྣང་བྱུང༌། ཕྱི་ལོ་ ༢༠༡༣ ལོར་སོག་པོར་ཚོགས་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་ཐོག་ཁོང་དང་ཐོག་མར་ངོ་ཤེས་ཆགས་པ་ཡིན།
གཉིས་པ་ནི། ཨ་རིར་བཞུགས་པའི་བསྟན་འཛིན་ནོར་བུ་ལགས་ཡིན། བསྟན་འཛིན་ནོར་བུ་ལགས་ནི་བོད་ཀྱི་གཞོན་སྐྱེས་ལོ་ཙཱ་བ་གྲགས་ཅན་ཆུང་ཚེ་རིང་ལགས་བརྒྱུད་ནས་ཕྱི་ལོ་ ༢༠༡༣ ལོར་སོག་པོར་ངེད་གཉིས་ངོ་ཤེས་པར་གྱུར་ལ། སྐབས་དེར་ང་ཚོ་སྡོད་ཁང་དུ་ལོ་རྒྱུས་ཀྱི་གནད་དོན་ཞིག་གི་ཐོག་རྩོད་པ་ཅུང་ཚ་བོ་བྱུང་བ་ད་དུང་ཡང་དྲན་གྱི་འདུག ཁོང་བྱིས་པའི་སློབ་གསོ་དང༌། བྱིས་པའི་རྩོམ་རིག་ཐོག་དམིགས་བསལ་མཁྱེན་མྱོང་ལྡན་པ་ཞིག་ཡིན་པས། བོད་ཀྱི་བྱིས་པའི་རྩོམ་རིག་དང༌། སྔོན་འགྲོའི་དགེ་རྒན་གྱི་ཟབ་སྦྱོང༌། ཞེས་པའི་རྩོམ་ཡིག་གི་ཁ་བྱང་ཐོག་ནས་གསུང་བཤད་མཛད། ཁོང་གི་གསུང་བཤད་ཀྱི་འགྲོས་ལས་བྱིས་པའི་སློབ་ཁྲིད་ལ་དམིགས་བསལ་མཁྱེན་མྱོང་ལྡན་པ་ཞིག་ཡིན་པ་ར་འཕྲོད་གསལ་པོ་བྱུང་བར་མ་ཟད། བྱིས་པའི་སྒྲུང་དེབ་མང་པོ་གསར་རྩོམ་གནང་བས་མཚོན་བོད་ཀྱི་བྱིས་པའི་སློབ་གསོའི་ཐད་མཛད་རྗེས་ཆེ་བའི་མི་སྣ་ཡིན་པའི་ངེས་ཤེས་བརྙེས།
གསུམ་པ་ནི། ལྕེ་ནག་ཚང་རྡོ་རྗེ་ཚེ་རིང་ངམ་ལྗང་བུ་ལགས་ཡིན། ཁོང་ནི་བོད་ཀྱི་དེང་རབས་རྩོམ་རིག་མཁས་ཅན་སྙན་གྲགས་ལྡན་པ་ཞིག་ཡིན་པས་ཀློག་པ་པོ་མང་ཆེ་བས་མཁྱེན་ངེས་ཡིན། ལྗང་བུ་ལགས་ཀྱིས་སློབ་ལོ་མ་རན་པའི་བོད་ཕྲུག་ཚོས་ཕ་སྐད་གློག་བརྙན་དང་ཨང་བརྡའི་ཤེས་སྐྱེད་ཐོན་ཁུངས་སྣ་ཚོགས་བེད་སྤྱོད་སྐོར་གྱི་ཐོག་མའི་བརྟག་དཔྱད་ཅེས་པའི་རྩོམ་བྱང་ཐོག་ནས་གཏམ་བཤད་མཛད། ཁོང་གིས་བོད་ཀྱི་སྤྱི་ཚོགས་ནང་ཕ་སྐད་གློག་བརྙན་སོགས་བེད་སྤྱོད་ཀྱི་ཁྱབ་ཁོངས་དང་དེས་སྤྱི་ཚོགས་ལ་ཤུགས་རྐྱེན་གང་འདྲ་ཐེབས་ཀྱི་ཡོད་མེད། བརྒྱུད་ལམ་གང་དང་གང་གི་ཐོག་ནས་བེད་སྤྱོད་བྱེད་ཀྱི་ཡོད་མེད་བཅས་གཙོ་འདོན་གྱིས་གླེང་ཞིང༌། ཁོང་གི་དཔྱད་དོན་མཐའ་དག་དེང་རབས་ཀྱི་དཔྱད་ལུགས་ལྟར་ཨང་གྲགས་ཀྱི་ཐོག་ནས་གཏན་འབེབས་མཛད་པ་ཤ་སྟག་མ་གཏོགས། ཡིན་ཤག་དང་རང་ཤེད་ཀྱིས་ཐག་གཅོད་བྱས་པ་མི་འདུག་ལ། ལར་ནས་ཁོང་གི་གཤིས་ཀའི་ཐོག་ནས་ཨ་མདོའི་འབྲོག་པའི་ཉམས་གསོན་པོ་ཞིག་ཡོད་པས་ཡིན་ནམ། གང་ལྟར་ཡང་ཁོང་གི་སྐད་ཆ་ཡོངས་རྫོགས་བདེན་པ་ཡིན་པའི་ཡིད་ཆེས་རང་བཞིན་གྱིས་སྟེར་ཡོང་བ་ཞིག་འདུག
བཞི་པ་ནི། ཕྲན་རེ་མདོ་སེངྒེ་ཡིན། ཕྲན་གྱི་རྩ་བའི་ཆེད་རྩོམ་གྱི་ཁ་བྱང་ནི་གཞི་རིམ་སློབ་གྲྭའི་བོད་སྐད་ཡིག་སློབ་དེབ་ཀྱི་བྱུང་རིམ་དང་འགྱུར་བ་སྔ་ཕྱིའི་ཐད་ཀྱི་ཞིབ་འཇུག་ཅེས་པ་ཡིན་ཡང༌། ཆེད་རྩོམ་འདི་ཁྱབ་ཁོངས་ཆེ་བས་དུས་ཡུན་ཐུང་ངུའི་ནང་གནད་འཛོམས་པ་ཞིག་བཤད་ཐུབ་པ་མི་ཡོང་བར་བརྟེན། འདིའི་ནང་གསེས་ཀྱི་ཚན་པ་མུན་ནག་ཁྲོད་ཀྱི་ཉི་མའི་སློབ་གསོ་ཞེས་པའི་ཁ་བྱང་ཐོག་ནས་གཏམ་བཤད་ཞུས་པ་ཡིན། ངའི་སྐད་ཆའི་སྙིང་དོན་གཙོ་བོ་ནི། ཕྱི་ལོ་དུས་རབས་ཉི་ཤུ་པའི་ལོ་རབས་དྲུག་ཅུ་པ་དང་བདུན་ཅུ་པའི་ནང་མཁས་དབང་མཛོད་དགེ་ཉི་མ་མཆོག་གིས། དེ་སྔ་ལོ་རྒྱུས་ཐོག་ཤེས་ཡོན་སློབ་སྦྱོང་གཏན་ནས་དར་མ་མྱོང་བ་ལྟ་བུའི་མདོ་སྨད་ལྷོ་རྒྱུད་ཀྱི་ཞིང་འབྲོག་མང་ཚོགས་ཁྲོད་ཡིག་རྨོངས་སེལ་བ་ནས་དབུ་བཙུགས་ཏེ། དེང་རབས་སློབ་གྲྭའི་སློབ་གསོའི་ལམ་ལུགས་ཀྱི་ཐོག་ནས་ཤེས་ཡོན་སློབ་སྦྱོང་དར་སྤེལ་བཏང་བའི་ཚུལ་དང༌། བོད་ཡིག་གི་སློབ་ཆུང་ནས་བཟུང་སྟེ་མི་རིགས་སློབ་གྲྭ་ཆེན་མོའི་བར་ཐད་ཀར་བགྲོད་པའི་འགག་སྒོ་གཏོར་ནས་དེང་རབས་སློབ་གྲྭའི་ལམ་ལུགས་ཀྱི་ཐོག་ནས་བོད་ཀྱི་སྐད་ཡིག་གསོན་གནས་ཐུབ་པའི་ཐབས་ལམ་ཇི་མཛད་བཅས་ཀྱི་སྐོར་རྩལ་འདོན་གྱིས་སྙན་སྒྲོན་ཞུས།
ལྔ་པ་ནི། རེབ་གོང་ནས་ཕེབས་པའི་བསོད་ནམས་རྡོ་རྗེ་ལགས་ཡིན། ཁོང་གིས་རེབ་གོང་ས་ཁུལ་གྱི་གྲོང་གསེབ་བུ་གསོ་ཁང་གི་ཐོག་མའི་དུས་རིམ་ཞེས་པའི་རྩོམ་བྱང་ཐོག་ནས་གཏམ་བཤད་མཛད། ཁོང་གི་གཏམ་བཤད་ཀྱི་བརྒྱུད་རིམ་ནས་ཁོང་གིས་གྲོང་གསེབ་བུ་གསོ་ཁང་འཛུགས་དགོས་པའི་ཐོག་མའི་སྐུལ་སློང་དང༌། བར་གྱི་དཀའ་ཁག ད་ལྟའི་གནས་སྟངས་ཡོངས་རྫོགས་གསལ་རྟོགས་བྱུང་བ་ན་རང་བཞིན་གྱིས་སེམས་འགུལ་ཐེབས་པ་ཞིག་བྱུང་ལ། ཁོང་གི་རང་བཞིན་གཤིས་ཀའི་ཐོག་ནས་མི་ཤིན་ཏུ་ཧུར་བརྩོན་ཅན་ཞིག་དང་། ངང་རྒྱུད་རིང་པོ་ཅན་ཞིག་ཡིན་པའི་སྣང་ཚུལ་བསྐྲུན་ཐུབ་པ་ཞིག་འདུག་པར་མ་ཟད། ཁོང་གི་མ་འོངས་པའི་ལས་འཆར་ཕྲན་བུ་ངོ་སྤྲོད་གནང་བའི་ཐོག་ནས་ཁོང་ཉེན་ཁ་ཡོངས་རྫོགས་ལ་དོགས་ཟོན་གནང་ཐུབ་མཁན་གྱི་མི་བརྟན་པོ་དང་རྣམ་དཔྱོད་ཅན་ཞིག་ཡིན་པ་ཡང་ཤུགས་ཀྱིས་རྟོགས་ཐུབ་པ་བྱུང༌།
གོང་དུ་བཤད་པ་ལྟར་ང་ཚོའི་ Panel འདིའི་ཚོགས་སྐོང་འགན་འཛིན་བོད་ཀྱི་དེང་རབས་རྩོམ་རིག་མཁས་ཅན་རྒན་པདྨ་འབུམ་ལགས་ཡིན་པས། ཁོང་གིས་མཇུག་སྡོམ་གསུང་ཤིན་ཏུ་བསྡུས་པ་ཞིག་གིས་ཚོགས་འདུ་གྲོལ། ང་ཚོའི་བཞུགས་མོལ་ཚོགས་འདུ་ལ་མཉམ་ཞུགས་གནང་མཁན་བོད་ནས་ཕེབས་པ་དང༌། ཕྱི་རྒྱལ་ཁག་ནས་ཕེབས་པ། རྒྱ་གར་ནས་ཕེབས་པ། ཉི་ཧོང་སོགས་ཨེ་ཤི་ཡའི་རྒྱལ་ཁབ་གཞན་དག་ནས་ཕེབས་པ་བཅས་བསྡོམས་མི་ལྔ་བཅུ་མ་ཟིན་ཙམ་ཡོད་ཚོད་འདུག
ཕྱི་ཟླ་ ༦ ཚེས་ ༢༣ ཉིན་གྱི་ཕྱི་དྲོ་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་གྱི་ཚོགས་གཙོ་རང་འཇགས་ཐོག རྒྱུན་ལས་བཅུ་གཉིས་གསར་འདེམས་བྱས། ཕྲན་ཡང་བསྟུད་མར་ཚོགས་ཞུགས་ཐེངས་མ་གཉིས་བྱས་པས་ཚོགས་འདུའི་སྒྲིག་གཞི་ལྟར་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་གྱི་ཚོགས་མིར་གྱུར་ཅིང༌། ཚོགས་གཙོ་དང་རྒྱུན་ལས་འོས་འདེམས་ཀྱི་ཐོབ་ཐང་ཡོད་སྟབས་འོས་འདེམས་ཀྱི་ཆ་ཤས་བླངས་པ་ཡིན། རྒྱུན་ལས་འོས་འདེམས་སྐབས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་མཁྱེན་རྒྱ་ཡོད་པའི་ཐོག ཚོགས་འདུ་གོ་སྒྲིག་ལ་ཉམས་མྱོང་ལྡན་ཞིང་ཕྱིའི་སྐད་ཡིག་གི་ཆ་རྐྱེན་འཛོམས་པོ་ཡོད་པའི་བོད་མི་འགའ་ཤས་རྒྱུན་ལས་ལ་འདེམས་ཐུབ་པའི་རེ་བ་བྱས། འོས་ཤོག་གི་གྲུབ་འབྲས་ཐོན་པའི་སྐབས་ཐོག་མའི་འདོད་པ་བཞིན་བྱུང་མི་འདུག་ཀྱང༌། རྡ་སར་རྟེན་གཞི་བྱས་པའི་ཨ་མྱེ་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་ལོ་རྒྱུས་མཁས་དབང་རྒན་བཀྲ་ཤིས་ཚེ་རིང་ལགས་དང༌། དབྱིན་ཡུལ་དུ་རྟེན་གཞི་བྱས་པ་རྩོམ་རིག་འབུམ་རམས་པ་མདའ་ཚན་པ་བླ་མ་སྐྱབས་སོགས་བོད་རིགས་འགའ་ཤས་འོས་འདེམས་བྱུང་འདུག་པས་སྤྲོ་བ་བརྟས།
༼་་་་་་་་་མུ་འགོད།༽
རེ་མདོ་སེང་གེ་ལགས་ཀྱིས་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་སྐབས་ཀྱི་མཐོང་ཐོས་ཁ་གསལ་ཡག་པོ་བྲིས་གནང་འདུག ཚོགས་ཞུགས་པ་གཞན་ཚོས་ཀྱང་རང་གི་མཐོང་ཐོས་འདི་འདྲ་རེ་བྲི་ཐུབ་པ་ཡིན་ན། དེ་བས་ཀྱང་སྐབས་དེའི་ཚོགས་ཆེན་གྱི་གནས་ཚུལ་ཕྱོགས་ཡོངས་ནས་ཞིབ་གསལ་ཡོང་བར་ཕན་ཐོགས་ཆེ་ངེས་ཡིན། རེ་མདོ་ལགས་ལ་ངོ་སོ་བསྟོད།
རེ་མདོ་སེངྒེ་ལེགས་ཀྱིས་ཡོ་རོབ་ཏུ་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ལན་བཅུ་བཞི་པར་བསྐྱོད་པའི་སྐབས་ཀྱི་མཐོང་ཐོས་འགའ་ཤས་བྲིས་ནས། ཁ་བརྡར་བཀོད་པར་ཐུགས་རྗེ་ཆེ། རགས་ཙམ་ཀློག་ལོང་བྱུང་།
བོད་མཁས་པ་རྣམས་ཀྱིས་བྲིས་པ་དང་མི་མཐུན་པའི་མིང་ཚིག་དག་ལ་དཔྱོད་དགོས་ཀྱང་། དུས་མེད་པས།
“མ་འདྲ་བ” ཞེས་པ་ཡང་དང་ཡང་དུ་བྲིས་པ་ལ་རྣམ་རྟོག་གམ་རྣམ་དཔྱོད་དགོས་པ་མཆིས། དེ་ཡང་ཁོ་བོ་གཞོན་པའི་སྐབས་སུ་བློ་ཟིན། དབྱངས་ཅན་གྲུབ་པའི་རྡོ་རྗེའི་ལེགས་བཤད་ལྗོན་དབང་ན།
་
མ་མི་མེད་མིན་དགག་སྒྲ་སྟེ།
མ་མི་ཐོག་མར་མེད་མིན་མཇུག
་
ཅེས་པ་ལས་ཕྱིས་སུ་དཔེ་དག་པ་རྣམས་དང་། ཁ་སྐད་དག་པར་འབོད་པ་ཀུན་ཏུ་མ་ཡིག་བྱ་ཚིག་གང་འགོག་པའི་དགག་སྒྲར་འཇུག་པར་མཐོང་། དཔེར་ན། མ་འགྲོ། མ་འོང་། མ་འབྲི། ཞེས་དང་། དགག་སྒྲ་མེད་པ་ན། སོངས། འོངས། བྲིས། ཞེས་པ་སྐུལ་ཚུལ་ཚིག་ཏུ་མཆིས། སྐུལ་ཚིག་མིན་པར་མི་ཞེས་པ་དགོས་ཏེ། དཔེར་ན། དེ་དང་འདི་མི་འདྲ། ཞེས་པ་ལྟ་བུ་ཡིན་སྙམ་མོ།
ལ་དྭགས་བློ་བཟང་འཇམ་དཔལ་ལགས་ཀྱིས་མ་འདྲ་ཞེས་པ་དང་མི་འདྲ་ཞེས་པ་གཉིས་ཀྱི་སྦྱོར་སྟངས་ཀྱི་ཁྱད་པར་ཐད་དགོངས་ཚུལ་གསུངས་པར་བཀའ་དྲིན་ཆེ། འདི་ལྟ་བུའི་རིགས་ཤིག་ལ་ཡུལ་སྐད་ཀྱི་ཤན་ཞུགས་ཆེན་པོ་ཡོང་སྲིད་པས་ཁྱེད་ཀྱི་རྒྱུ་མཚན་འདི་རིགས་ལ་བསམ་བློ་གཏོང་དགོས་པའི་གནད་ཅིག་ཡོད་པ་མཐོང་བྱུང་།
ནང་དར་ཡུལ། ཡུལ་རྙིང་ཞིག
https://www.facebook.com/AncientPakistan/videos/3583831995143/
ནང་ཆོས་དར་ཡུལ། ཡུལ་རྙིང་ཞིག
https://www.facebook.com/AncientPakistan/videos/3583831995143/
རེ་མདོ་སེང་གེ་ལགས་ཀྱི་ཉིན་ཐོ་བཀླགས་པ་བརྒྱུད་ཤེས་རྟོགས་བྱུང་བར། ཕྱི་རྒྱལ་ལ་འགྲོ་རྒྱུ་ཁོ་ནར་རྔམས་པ་ལས་དོན་དུ་ཞིབ་འཇུག་པ་མིན་པའམ། ཡང་ན་ཞིབ་འཇུག་མཐིལ་ཕྱིན་མ་གནང་བར་ཁ་མཁས་འདྲ་ཆགས་ཀྱི་གཏམ་བཤད་སྤེལ་མཁན་བྱུང་ཡོད་ཚོད་འདུག་པས། རང་བློ་རང་ལ་ལྐོག་ཏུ་མི་འགྱུར་བ་ཡིན་སྟབས། མ་འོངས་པར་བོད་རིག་པའི་ཞིབ་འཇུག་ཚོགས་འདུར་བསྐྱོད་འདུན་ཡོད་ཚེ་ད་ལྟ་ནས་འགོ་བཙུགས་ཀྱིས་དུས་རྒྱུན་ཉིན་རེའི་འཚོ་བའི་ནང་གི་དུས་ཚོད་མང་པོ་ཞིག་ཞིབ་འཇུག་ཐོག་སྐྱེལ་ནས་འབྲས་བུ་ཐོན་པ་ཞིག་གནང་རྒྱུ་གལ་ཆེ། དེ་ལྟར་བྱུང་ན་སྤྱི་སྒེར་གཉིས་ཀར་ཁེ་ཕན་ཡོང་རྒྱུ་ལས་དེ་མིན་རང་གིས་རང་ལ་མགོ་བསྐོར་བཏང་པ་ཙམ་མ་ཡིན་ནམ། སྐུ་ཞབས་རེ་མདོ་སེངྒེ་ལགས་ཐུགས་རྗེ་ཆེ།
བོད་རིག་པའི་ཞིབ་འཇུག་ཚོགས་པའི་ལས་རྟགས་གཡག་ཡ་སོ་ཅན་དེའི་སྐོར་ལ་ཐུགས་སྣང་བྱུང་ཡོད་དམ་མེད།
དབྱིན་ཇི་དེ་ཚོའི་མཉམ་དུ་ལས་དཀའ་ལས་རྒྱུ་དེ་འདྲ་ལས་བསླ་མོ་ཞིག་ཡོད་སྐད་མི་འདུག འོན་ཀྱང་བོད་རིག་པ་བ་ཚོས་བཀའ་དྲིན་ལས་ཕྱི་རྒྱལ་གྱི་གཙུག་ལག་སློབ་གྲྭ་མང་པོ་ཞིག་ནང་བོད་རིག་པའི་སྡེ་ཚན་བཙུགས་ཡོད་རབས་ཐོས། དེར་མ་ཚད་འདས་དོན་བོད་ཀྱི་བྱུང་རབས་ལ་ཚན་རིག་གི་ལམ་ནས་ཞིབ་འཇུག་ཡང་དག་བྱེད་རྒྱུ་བྱུང་བ་ཡང་ཁོང་ཚོའི་བྱས་རྗེས་ཤིག་ཡིན་པར་སེམས། མི་མང་པོ་ཞིག་ལ་གློ་བུར་དུ་བཏང་འཛིན་ནན་མོ་བྱེད་དགོས་ན་དཀའ་སས་ཡིན་གྱི་རེད། འོན་ཀྱང་བོད་རང་གི་རིག་པའི་རྣམ་བཞག་ལ་སློབ་གཉེར་དང་ཞིབ་འཇུག་བྱེད་པའི་རྒྱལ་སྤྱིའི་ཚོགས་སྡེ་འདི་འདྲ་ཞིག་བཙུགས་ཐུབ་པ་ཡང་ཧ་ཅང་ཡག་པོ་རེད། བོད་པ་རང་གི་ངོས་ནས་ནི་བོད་རང་ལ་རིག་གནས་དང་ཆོས་ལུགས་ལོ་རྒྱུས་སོགས་ག་འདྲ་བྱུང་མྱངས་འདུག་སློབ་གཉེར་དང་ཞིབ་འཇུག་རྩ་བ་ནས་བྱེད་ཕོད་ཀྱི་མེད་བ། མི་བྱེད་དགོས་པའི་རྒྱུ་མཚན་གང་ལ་ཐུག་ཡོད་དམ། གཅིག་ཐོན་ཡོང་བསམ་ནས་ཞེ་ཐག་འདྲ་ཆོད་བསྡད་ཡོད་རེད། ད་མི་གཞན་ཚོས་གཅིག་བྱས་ཡོང་དུས་ཡང་དེ་ལ་གླེང་རྒྱུ་མང་པོ་ཞིག་བཟོ་རྩིས་བྱེད་མ་ཡོང་ཨ། །
གཡག་ལ་ཡ་སོ་ཡོད་པ་དེ་སྡོམ་བཙུན་རིས་མོའི་ནང་དུ་བྱ་ཞིག་ལ་མགོ་གཉིས་ཡོད་པ་འདྲ་པོ་ཡིན་འགྲོ ད་དུས་སེང་གེ་དང་ཁྱུང་ཉ་བཅས་མཉམ་སྦྱར་བྲིས་པ་དེ་འདྲ་ཡང་འདུག་བསམ་སོང་།
ད་ལོ་བོད་འབྲེལ་གྱི་དྲ་ལམ་ཁག་ཏུ་གཡག་ལ་ཡ་སོ་ཡོད་མེད་གླེང་སློང་ཤུགས་ཆེན་པོ་བྱེད་ལུགས་ལ་བལྟས་ན། བོད་ཀྱི་རྩོམ་པ་པོ་མང་པོ་ཞིག་གིས་བོད་གཡག་སོ་རྟོག་གི་བསྟན་བཅོས་རྩོམ་འདོད་ཡོད་ཚོད་རེད། ཨ་ལེ་རྩེད་མོ་ཡིན། གཡག་ཡ་སོ་ཅན་གྱི་རི་མོ་འདི་ད་ལོ་གསར་དུ་བྲིས་བཞག་པ་དེ་འདྲ་མ་རེད། ལོ་མང་པོའི་གོང་ནས་བོད་རིག་པའི་ཚོགས་ཆེན་གྱི་ལས་ཤོག་དང་། ཚོགས་མིའི་སྐེ་འདོགས། ལག་ཁུག་སོགས་འབྲེལ་ཡོད་མང་པོའི་ཐོག་གཡག་ཡ་སོ་འདི་བྲིས་ཡོད་ཚོད་འདུག ཕྱི་ལོ་ ༢༠༡༣ ལོའི་ཚོགས་འདུའི་ལས་ཤོག་དང་ སྐེ་འདོགས། ལག་ཁུག་སོགས་ཀྱི་ཐོག་རི་མོ་འདི་ལྟར་བྲིས་འདུག འདི་གནད་དོན་ཆེན་པོ་གཞན་མ་ཡིན་ལ། སྣང་ཆུང་བྱས་པ་ཡང་མ་རེད་བསམས། རྒྱུ་མཚན་གཙོ་བོ་ནི་ཚོགས་འདུ་གོ་སྒྲིག་བྱེད་མཁན་མང་ཆེ་བ་བོད་ཀྱི་འཚོ་བ་དངོས་ལ་རྒྱུས་ལོན་མེད་པས་རེད།
ཚོགས་འདུ་གོ་སྒྲིག་བྱེད་མཁན་རྣམས་བོད་ཀྱི་འཚོ་བ་དངོས་ལ་རྒྱུས་ལོན་མེད་ཀྱང་། རང་རིགས་བོད་རིག་པའི་མཁས་པ་རྣམས་ཀྱིས་གཡག་ལ་ཡ་སོ་ཡོད་མེད་ཤེས་ཀྱི་ཡོད་པ་མ་ཟད། ཕྱི་གླིང་བོད་རིག་པའི་མཁས་པ་ཡིན་ཟེར་མཁན་དེ་ཚོས་གཡག་གི་རྔ་མ་ལ་ཞིབ་འཇུག་བྱས་སྐད་དང་། གཡག་གི་རྭ་ཅོ་ལ་ཞིབ་འཇུག་བྱས་སྐད་སོགས་མང་པོ་ཐོས་རྒྱུ་འདུག་ཀྱང་གཡག་ལ་ས་ཡོ་ཡོད་མེད་ད་བར་ཞིབ་འཇུག་བྱས་མེད་པ་འདྲ།
གམའ་སྔ་མོ་སྔ་མོ་ལུང་པ་ག་གེ་མོ་ཞིག་ཏུ་མི་ག་གེ་མོ་ཞིག་གིས་མཛོ་ཉོས་སྐབས་རྟ་ན་ཚོད་ལོན་མིན་སོར་ལྟ་བ་ནང་བཞིན་མི་དེས་མཛོ་ཡིན་སོ་རྟགས་དཔྱད་བྱེད་ནས་མཛོ་ཡར་སོ་མེད་པར་ཉོ་ལེ་མ་རེད་ཟེར་ནས་དངོས་སྒྲུང་ཡོད་རེད་དེང་སང་དང་ཁག་ཡོད་མ་རེད་ཧཧཧཧ
འབྲི་ལ་ཡ་སོ་ཡོད་དམ།