འབྲིང་བ་འཇིགས་མེད་ཀྱིས།
༄༅།། ཉེ་ཆར་ནས་བཟུང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་སྐོར་གླེང་སློང་བྱེད་ཤུགས་ཇེ་ཆེར་སོང་སྟེ་ད་ཆ་གནད་དོན་འདི་ནི་རྒྱ་བོད་གཉིས་ཙམ་མིན་པར་རྒྱལ་སྤྱིའི་གླེང་གཞི་ཞིག་ཏུ་གྱུར། ཆོས་ཕྱོགས་ནས་བཤད་ན་བླ་མ་ཞལ་བཞུགས་བཞིན་དུ་དེའི་ཡང་སྲིད་སྐོར་མང་དུ་བཤད་པ་ནི་རྟེན་འབྲེལ་ཉེས་པ་ལྟ་བུར་བརྩི་བས་མི་རུང་བ་ཞིག་ཡིན་སྲིད་ནའང་། ༸གོང་ས་མཆོག་གི་སྐུའི་ཡང་སྲིད་སྐོར་འདི་ནི་བོད་དོན་འཐབ་རྩོད་དང་འབྲེལ་བའི་བོད་སྤྱི་པའི་དོན་དག་ཅིག་དང་། རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་དགོས་མཁོའི་དབང་གིས་མ་བདག་བདག་བཟུང་དང་བྱུས་མེད་བྱུས་འཁྲི་བྱེད་བཞིན་པའི་ཆབ་སྲིད་ཀྱི་གནད་དོན་ཞིག་ཏུ་གྱུར་པས་མི་གླེང་ཐབས་མེད་ཅིག་ཆགས་ཡོད།
༸གོང་ས་མཆོག་གིས་མ་འོངས་པར་ཁོང་གི་ཡང་སྲིད་ཕེབས་དགོས་མིན་ནི་བོད་མི་མང་གིས་ཐག་གཅོད་བྱེད་དགོས་ཞེས་ལོ་ངོ་ལྔ་བཅུ་ཙམ་གྱི་གོང་ནས་བཀའ་གནང་ཡོད། བོད་མི་མང་གི་ངོས་ནས་སྐུའི་ཡང་སྲིད་མུ་མཐུད་ཕེབས་དགོས་པའི་གསོལ་འདེབས་ཞུ་རྒྱུ་ཡིན་པ་ནི་སྨོས་མ་དགོས་པ་ཞིག་ཡིན་ཞིང་། གནད་དོན་གཙོ་བོ་ནི་སྐུའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་དང་བདག་སྐྱོང་ཞུ་ཕྱོགས་སྐོར་ཡིན།
གཅིག
རྒྱ་ནག་གཞུང་གིས་དེ་སྔོན་ཕྱི་ལོ་ ༡༧༩༣ ལོར་མན་ཇུའི་གཞུང་གིས་༸རྒྱལ་བ་ཡབ་སྲས་སོགས་ཀྱི་ཡང་སྲིད་གསེར་བུམ་དཀྲུག་འདོན་གྱི་ལམ་ནས་ངོས་འཛིན་བྱེད་དགོས་པའི་ལམ་སྲོལ་བཟོས་པ་དེ་ཉིད་རྩ་འཛིན་གྱིས་སྐུའི་ཡང་སྲིད་རྒྱ་ནག་གཞུང་གིས་ངོས་འཛིན་བྱེད་དགོས་ཚུལ་ཤོད་བཞིན་ཡོད། མན་ཇུའི་ལམ་སྲོལ་དེ་ནི་བོད་ཐོག་ལ་མ་བདག་བདག་བཟུང་གི་ཆབ་སྲིད་ཀྱི་བྱེད་ཐབས་ཤིག་ཡིན་ནའང་མ་མཐར་མན་ཇུའི་གཞུང་ནི་ཆོས་ཁས་ལེན་མཁན་ཞིག་ཡིན་ལ། ད་ལྟའི་རྒྱ་ནག་གཞུང་ནི་ཆོས་ཁས་མི་ལེན་པའི་དམར་ཤོག་པ་ཡིན་པས་ཆོས་ལུགས་དང་འབྲེལ་བའི་ཡང་སྲིད་སྐོར་ལ་སྐད་ཆ་བཤད་རྒྱུའི་ཐོབ་ཐང་གཏན་ནས་མེད་པ་ཞིག་ཡིན་མོད། འོན་ཀྱང་ཆབ་སྲིད་ཀྱི་དགོས་དབང་ཁོ་ནས་བྱུས་མེད་བྱུས་འཁྲི་བྱེད་བཞིན་ཡོད་པ་རེད། རྒྱ་ནག་གི་བྱེད་སྟངས་དེར་བོད་མི་ཙམ་མ་ཟད་རྒྱ་གར་དང་ཨ་རི་སོགས་ཀྱིས་ཀྱང་ངོ་རྒོལ་བྱེད་བཞིན་ཡོད།
རྒྱ་རིགས་ཤེས་ཡོན་ཅན་ཞིག་གིས་བཤད་མྱོང་ཟེར་བ་ལྟར། མ་འོངས་པར་རྒྱ་ནག་གཞུང་གིས་༸གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་བྱེད་སྐབས་ངོས་འཛིན་བྱེད་མཁན་ངོ་མ་ནི་ད་ལྟའི་རྒྱ་ནག་གི་པཎ་ཆེན་རྒྱལ་མཚན་ནོར་བུ་ལས་གཞན་མེད་པ་དང་། རྒྱལ་མཚན་ནོར་བུ་ནི་བོད་མི་མང་གིས་ནམ་ཡང་ཁས་ལེན་བྱེད་ཀྱི་མེད་པས་ཁོས་ངོས་འཛིན་བྱས་པའི་༸གོང་ས་མཆོག་གི་ཡང་སྲིད་ཀྱང་བོད་མི་མང་གིས་ནམ་ཡང་ཁས་ལེན་བྱེད་མི་སྲིད་པས། རྒྱ་ནག་གཞུང་གི་བྱེད་ཕྱོགས་དེར་རྒྱལ་ཁ་འཐོབ་མི་ཐུབ། གལ་ཏེ་རྒྱ་ནག་གཞུང་གིས་༸གོང་ས་མཆོག་ནས་ངོས་འཛིན་གནང་བའི་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ངོས་ལེན་གྱིས་གསོ་སྐྱོང་ལེགས་པར་བྱས་ཡོད་ཚེ། མ་འོངས་པར་༸གོང་ས་མཆོག་གི་ཡང་སྲིད་ཀྱང་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མས་ངོས་འཛིན་གནང་རྒྱུ་དང་། དེ་ལ་བོད་མི་མང་གིས་ཀྱང་ངོས་ལེན་བྱེད་ངེས་པས། དེ་དུས་༸རྒྱལ་བ་ཡབ་སྲས་གཉིས་ཀ་རྒྱ་ནག་གཞུང་གི་ལག་པར་ཡོད་ཅིང་། བོད་ལ་དབང་བསྒྱུར་ཇི་བྱེད་ཀྱི་ནུས་པ་ཆ་ཚང་རྒྱ་ནག་ལ་འཛོམས་པར་འགྱུར་ངེས་ནའང་། ད་ནི་དེ་འདྲ་ཞིག་ནམ་ཡང་ཡོང་ཐབས་མེད་པར་གྱུར་པ་ནི། རྩ་བ་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ངོས་ལེན་མ་བྱས་པ་དེ་ནས་ནོར་བས། རྒྱ་ནག་གཞུང་གིས་ཐབས་ཇུས་ཀྱི་ཐོག་ནས་ནོར་འཁྲུལ་ཆེན་པོ་ཞིག་ཤོར་ཡོད། དེར་བརྟེན་རྒྱ་ནག་གཞུང་གིས་༸གོང་ས་མཆོག་གི་ཡང་སྲིད་སྐོར་ལ་ཇི་ལྟར་བཤད་ཀྱང་ཁོང་ཚོར་རྒྱལ་ཁ་འཐོབ་མི་སྲིད།
གཉིས།
རྒྱ་ནག་གཞུང་ལ་རྒྱལ་ཁ་འཐོབ་རྒྱུ་མེད་ཀྱང་གནད་དོན་འདི་ཆབ་སྲིད་ཀྱི་ལག་ཆར་བཟུང་སྟེ་བོད་ལ་མུ་མཐུད་རྙོག་ཟིང་བཟོ་ངེས་པས། དེ་བཟློག་ཐབས་སུ་བོད་མི་ཚོས་ད་ལྟ་ནས་བྱེད་ཐབས་གང་ཡོད་འཚོལ་ཞིབ་དང་ལག་ལེན་དུ་བསྟར་དགོས། དེ་ལ་གཙོ་བོ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་གང་ཉིད་ཀྱིས་ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་པའི་ལམ་སྟོན་གསུང་འཕྲིན་དུ།
‘‘གལ་ཏེ་རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དགོས་པ་དང༌། སྐུ་ཕྲེང་བཅོ་ལྔ་པའི་ཡང་སྲིད་ངོས་འཛིན་བྱ་དགོས་ཀྱི་དུས་སྐབས་ཤིག་ཤར་ཚེ་དེའི་བྱེད་སྒོའི་འགན་ཁུར་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་དང༌། ཁོ་ཚོས་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དང༌། རྒྱལ་དབང་སྐུ་ཕྲེང་ན་རིམ་དང་ལུས་དང་གྲིབ་མ་བཞིན་འགྲོགས་པའི་དམ་ལྡན་ཆོས་སྲུང་ཁག་ལ་སྐབས་བསྟུན་ལམ་སྟོན་ཞུས་ཏེ་ཡང་སྤྲུལ་རྩད་གཅོད་ངོས་འཛིན་སྔོན་སྲོལ་བཞིན་བྱེད་དགོས་པ་དང༌། ངོས་ནས་ཀྱང་བྱེད་ཕྱོགས་དེ་དག་ལམ་སྟོན་གསལ་བཀོད་ཀྱི་ཡིག་འཇོག་བྱ་རྒྱུ་ཡིན་ཞིང༌། དེ་ལྟར་ཚུལ་མཐུན་རྩད་གཅོད་ངོས་འཛིན་བྱུང་བའི་ཡང་སྤྲུལ་ཞིག་ལས་གཞན་དུ་སྲིད་དོན་གྱི་དགོས་མཁོ་ལ་བརྟེན་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་དབང་འཛིན་པས་མཚོན། སྲིད་དབང་འཛིན་པ་སུ་ཞིག་གིས་ཡང་སྤྲུལ་འདེམས་སྒྲུག་བྱས་པ་བྱུང་ཚེ་དེ་ལ་སུས་ཀྱང་རྒྱལ་བའི་ཡང་སྤྲུལ་དུ་ངོས་འཛིན་དང་དད་མོས་བྱེད་མི་དགོས་པ་ཡིད་འཇགས་དགོས།’’ (སྐུ་སྒེར་ཡིག་ཚང་གི་དྲ་རྒྱ་ལས་དྲངས།)
ཞེས་བཀའ་ཕེབས་ཡོད་པ་དང་། ལྷག་པར་དེའི་སྐོར་གྱི་ལམ་སྟོན་ཡིག་ཆ་སྤྱི་སྩོལ་བཀའ་དྲིན་ཆེ་རྒྱུ་ཡིན་པ་ལྟར་འདི་ནི་ཆོས་སྲིད་གཉིས་ཆ་ནས་ཆེས་ཤིན་ཏུ་མེད་དུ་མི་རུང་བ་དང་གཙོ་བོའི་ཡང་གཙོ་བོ་དེ་ཡིན།
གསུམ།
དེ་དང་ཆབས་ཅིག སྐུའི་ཡང་སྲིད་ངོས་འཛིན་གྱི་འགན་ཁུར་ནི་དགའ་ལྡན་ཕོ་བྲང་གིས་གཙོ་བོར་བཞེས་དགོས་པ་སྨོས་མེད་ཐོག དེ་ལ་རམ་འདེགས་མཉམ་རུབ་ཀྱི་ཁུར་འགན་རྒྱ་ཆེ་ས་དང་རྩ་བ་བརྟན་ས་ནས་བཞེས་ཏེ་རྒྱལ་སྤྱིའི་རང་བཞིན་གྱི་ནུས་པ་ཆེན་པོ་ཐོན་མཁན་ཞིག་དགོས་པའང་ཤིན་ཏུ་གལ་ཆེ་བས། དེ་སྔོན་ཕྱི་ལོ་ ༢༠༠༨ ཟླ་ ༢ ཚེས་ ༡༦ ཉིན་༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གི་བཀའི་ལམ་སྟོན་ལྟར་ཀིརྟིའི་དགེ་རྩ་ཚོགས་པའི་ཚོགས་ཆེན་ཐེངས་དང་པོའི་ཚོགས་མི་ཐུན་མོང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་འཁོད་༸སྙན་ཞུ་དོན་ཚན་ལྔ་འཁོད་ཅིག་འབུལ་ལམ་ཞུས་པའི་དོན་ཚན་གསུམ་པར།
‘‘འཕགས་མཆོག་ཕྱག་ན་པདྨོའི་ཐུགས་བསྐྱེད་དང་དམ་བཅའ་བཞིན་བོད་དུ་ཐོག་མར་མིའི་འགྲོ་བ་སྤེལ་བ་ནས་བཟུང་རྒྱལ་བློན་བྱང་ཆུབ་སེམས་དཔའ་སོགས་སྤྲུལ་པའི་ཟློས་གར་སྣ་ཚོགས་པར་སྐུའི་སྐྱེ་བ་བཞེས་ནས་རྗེས་སུ་བཟུང་བར་མཛད། ལྷག་པར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ལྔ་པ་ཆེན་པོས་གཞུང་ས་དགའ་ལྡན་ཕོ་བྲང་གསར་འཛུགས་ཀྱིས་བོད་གངས་ཅན་པའི་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བཞེས་པ་ནས་བཟུང་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱིས་དུས་ད་ལྟའི་བར་བོད་ཀྱི་ཆོས་སྲིད་ལུགས་གཉིས་ཕྱག་མཚན་དུ་བདག་གིར་བཞེས་པའི་ཐུགས་རྗེ་བཀའ་དྲིན་ཁོ་ནས་བོད་ཀྱི་ཆོས་དང་རིག་གཞུང་། མི་རིགས་དང་བཅས་པ་འཛམ་གླིང་འདིའི་ཡང་ཐོག་ཏུ་འབུར་ཐོན་གནས་ཐུབ་པ་བྱུང་ཡོད།
དེས་ན་མ་འོངས་པར་བོད་མི་རིགས་འདི་ཇི་སྲིད་གནས་ཀྱི་བར་དེ་སྲིད་དུ་བོད་མིའི་ལས་དབང་དང་སྔོན་གྱི་ཐུགས་བསྐྱེད་དམ་བཅའ་བཞིན་འཕགས་མཆོག་ཕྱག་ན་པདྨོའི་སྒྱུ་འཕྲུལ་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོའི་སྐུ་ཡི་ཕྲེང་བ་རིམ་པར་འབྱོན་དགོས་པ་ཙམ་དུ་མ་ཟད། སྡོམ་བརྩོན་ངུར་སྨྲིག་གར་གྱིས་རྣམ་པར་རོལ་པའི་མཛད་པས་བོད་མིའི་ཆོས་སྲིད་ལུགས་གཉིས་ཀྱི་ཁ་ལོ་སྒྱུར་བ་པོ་མཛད་དེ་གངས་རིའི་ལྗོངས་འདི་ཕྱག་མཚན་དུ་བཞེས་དགོས་པ་ནི་བོད་མིའི་དགོས་མཁོ་དང་བོད་མིའི་བདེ་དོན་ཙམ་མིན།
འཛམ་གླིང་སྤྱིའི་ཞི་བདེ་དང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཛམ་གླིང་སྤྱི་ལ་དར་རྒྱས་ཡུན་གནས་ཡོང་མིན་ཀྱང་༸རྒྱལ་དབང་སྐུ་ཕྲེང་རིམ་པར་འབྱོན་རྒྱུ་རྣམས་ཀྱི་མཛད་འཕྲིན་ཁོ་ན་ལ་རག་ལས་ཤིང་། དུས་རབས་ཉེར་གཅིག་པའི་ནང་༸རྒྱལ་དབང་སྐུ་ཕྲེང་ནི་འཛམ་གླིང་སྤྱི་ལ་དབང་བའི་མི་སྣའི་ངོ་བོར་གྱུར་ཟིན་པས། སྐུ་བདག་ཀྱང་བོད་གཞུང་སྒེར་ཙམ་མིན་པར་འཛམ་གླིང་རྒྱལ་སྤྱིའི་རང་བཞིན་དང་རྒྱལ་སྤྱིའི་ནུས་ཤུགས་ལྡན་པའི་ཁྲིམས་མཐུན་གྱི་ཚོགས་པ་ནུས་ལྡན་ཞིག་གིས་འཛིན་སྐྱོང་གནང་དགོས།
གཟིགས་པ་ལྔ་ལ་གཟིགས་སའི་ཡུལ་ཡང་མི་རིགས་དང་རྒྱལ་མཚམས་ཀྱི་དབྱེ་བ་མེད་པས་ཆེས་ཡངས་ཤིང་རྒྱ་ཆེ། དེས་ན་གསེར་བུམ་དཀྲུག་འདོན་མི་དགོས་པའི་སྔ་སྲོལ་བཞིན་༸རྒྱལ་དབང་སྐུ་ཕྲེང་ན་རིམ་དུ་འབྱོན་དགོས་པའི་ཐུགས་བསྐྱེད་དང་དམ་བཅའ་ལ་དུས་ནམ་ཡང་འགྱུར་བ་མེད་པའི་ཞལ་བཞེས་བཟང་པོ་སྤྱི་བོའི་མཛེས་རྒྱན་དུ་སྩོལ་བར་མཁྱེན་ཅེས་སློབ་བརྒྱུད་ཡོངས་རྫོགས་མ་བགྲོས་བསམ་པ་གཅིག་མཐུན་གྱིས་གསོལ་བ་རྩེ་གཅིག་ཏུ་འདེབས།’’ (ཀིརྟིའི་དགེ་རྩ་ཚོགས་པའི་གྲོས་ཚོགས་ཡིག་ཆ་ཕྱོགས་བསྒྲིགས་ཨང་དང་པོ་ལས་དྲངས།)
ཞེས་༸སྙན་སེང་གསོལ་འདེབས་ཞུས་ཡོད་པ་ལྟར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་སྤྱི་ལ་དབང་བའི་རླབས་ཆེའི་མི་སྣ་ཞིག་ཏུ་གྱུར་ཟིན་པས། དགའ་ལྡན་ཕོ་བྲང་གིས་སྣེ་ཁྲིད་པའི་འོག་རྒྱལ་སྤྱིའི་ནུས་ཤུགས་ལྡན་པའི་ཁྲིམས་མཐུན་གྱི་ཚོགས་པ་ནུས་ལྡན་ཞིག་གིས་སྐུ་བདག་གི་འགན་ཁུར་མཉམ་དུ་བཞེས་དགོས་པ་ནི་དུས་བབ་ཀྱི་དགོས་མཁོ་ཞིག་ཏུ་གྱུར་ཡོད་དོ་སྙམ་མོ། །
འབྲིང་བ་འཇིགས་མེད་ཀྱིས། ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༢ ལ།