ཨོ་རྒྱན་ཉི་མ།
དེ་ཡང་རྒྱལ་སྤྱིའི་རོགས་ཚོགས་ཀྱི་གཙོ་འཛིན་དམ་པ་༧ཆོས་རྗེ་ཨ་དཀོན་རིན་པོ་ཆེ་བཤད་སྒྲུབ་ཆོས་ཀྱི་ཉི་མ་མཆོག་ནི། འཛམ་གླིང་ས་ཡི་ཡང་རྩེ་གངས་ཅན་བོད་ཆེན་པོའི་ལྗོངས་སུ་སྐུ་འཁྲུངས་ཤིང་། རྒྱ་གར་འཕགས་པའི་ཡུལ་སོགས་ཕྱོགས་ཀྱི་ཡུལ་གྲུ་དུ་མ་ནས་མཛད་འཕྲིན་རྒྱས་པའི། རྒྱལ་ཁམས་རིག་པས་བསྐོར་བའི་<<མགོན་མེད་ཀྱི་ཡབ་ཆེན་>>ཞེས་པའི་མཚན་གྱི་སྙན་པ་ཅན། དམ་པ་ཁོང་གི་སྐུ་ཚེའི་ལོ་རྒྱུས་ནི་ཆོས་ལུགས་པ་དང་། ཆབ་སྲིད་པ། དཔལ་འབྱོར་བ། ཚན་རིག་པ་ཡོངས་ཀྱིས་གླེང་ན་གླེང་རིན་ཡོད་པ་དང་། གླེང་ན་རྒྱུ་མཚན་ཡོད་པ་ཤ་སྟག་རེད།
ཅིའི་ཕྱིར་ཞེ་ན་ཁོང་གི་སྐུ་ཚེ་སྟོད་སྨད་བར་གསུམ་ཀུན་དུ་སྐྱིད་སྡུག་དང་། དབུལ་ཕྱུག་སྣ་ཚོགས་དང་འགྲོགས་ཏེ། སྐུ་གསུང་ཐུགས་གསུམ་གྱི་ཡོན་ཏན་མ་ལུས་རྩལ་རྫོགས་ཤིང་། འཛམ་གླིང་ཤར་ནུབ་བགྲོད་པའི་ཉམས་མྱོང་ཁྲོད་ནས། ཆོས་དཔལ་སྲིད་གསུམ་ལ་གཞན་དྲིང་མི་འཇོག་པའི་རྣམ་དཔྱོད་ཅན་རྣམས་དང་ལྷན་དུ། ལན་གྲངས་དུ་མར་ཕན་ཚུན་བགྲོ་བ་དང་། གཤིབ་བསྡུར་གྱི་ལམ་ནས་ལུགས་གཉིས་གཏན་ལ་ཕབ་ཅིང་། ཕུལ་དུ་བྱུང་བའི་མྱོང་གོམས་ལ་བརྟེན་ནས། རྒྱ་དཀར་ནག་བོད་འབྲུག་སོགས་ཡུལ་གྲུ་དུ་མའི་གནད་ཡོད་ཀྱི་མི་སྣ་མང་པོ་ཞིག་གིས་མིག་དཔེ་བལྟ་སར་གྱུར་ཡོད།
ཁྱད་པར་དུ་ཡང་ས་སྟེང་ན་འགྲན་ཟླ་དང་བྲལ་བའི་གཞན་ཕན་དང་། སྙིང་རྗེའི་བདག་ཉིད་མཉམ་མེད་ཤཱཀྱའི་རྒྱལ་པོའི་བསྟན་པ་ལུང་རྟོགས་གཉིས་ཀྱི་གཞི་རྩའི་ཆེད་དུ་བཞེངས་གནང་བའི། ནུབ་ཕྱོགས་པའི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཐོག་མ་<<བསམ་ཡས་གླིང་>>གཙོར་བྱས་པའི་ཆོས་ཚོགས་ཁག་དང་། དབུལ་པོ་དང་ཉམས་ཐག་གི་ཆེད་དུ་བཙུགས་གནང་བའི་སྐྱོབ་གསོ་ཚོགས་པ་<<རྒྱལ་སྤྱིའི་རོགས་ཚོགས།>>དང་། ལུས་སེམས་གཉིས་ཀྱི་ནད་སེལ་བ་དགོངས་ཏེ་རྩ་འཛུགས་གནང་བའི་<<འཕྲོད་བསྟེན་ཚོགས་པ་>>སྟེ་ཚོགས་སྡེ་ཆེ་བ་གསུམ་གྱིས་མཚོན་པའི་སྡེ་ཚན་ཆེ་ཆུང་སྣ་ཚོགས་ཡོད་པ་རྣམས་ཀྱང་། མིང་ཙམ་མ་ཡིན་པར་དོན་དངོས་ཀྱི་ཆ་ནས་དམ་པའི་ལྷ་ཆོས་དང་། འཇིག་རྟེན་མི་ཆོས་ཏེ་ལུགས་གཉིས་ལ་སྨན་པ་དང་། དབུལ་པོ་ཉམ་ཆུང་ཚོའི་འཚོ་རྟེན་དང་། ཟས་གོས་འབྱུང་ས་ཤ་སྟག་རེད། ཨ་དཀོན་གང་དུ་ཕེབས་ན་དོ་སྣང་བྱེད་མཁན་དང་། འདྲི་རྩད་བྱེད་མཁན། སློབ་སྟོན་ཞུ་མཁན་སོགས་ཀྱིས་འཚང་ག་ཤིག་ཤིག་རེད།
གང་ཡིན་ཞེ་ན་ཁོང་ལ་དམིགས་བསལ་ཁྱད་ཆོས་ཤིག་ཡོད་པ་ནི། མཐོ་ཚད་གོང་དུ་མི་བཀུར་ཞིང་། དམན་པ་རྡོག་འོག་ཏུ་མི་བརྫི་བར། རང་ཚུགས་གཏན་ནས་མི་འཆོར་བ་ཞིག་དང་། ཚིག་ཉུང་ལ་དོན་འདུས་པའི་གདམས་ངག་གིས་ཕྱུག་པར་མ་ཟད། ཁོང་གི་གམ་དུ་བསླེབ་ཚར་ནས་བཟུང་ཕྱི་ནང་སུ་ཡིན་ཡང་། གང་ཟག་མཐོ་དམན་གང་འདྲ་ཞིག་ཡིན་རུང་སྐུའི་སྲས་རྣམས་དང་ཐོབ་ཐང་འདྲ་མཉམ་དང་། རང་རང་གི་བློ་གྲོས་དང་། འཇོན་ཐང་ལ་གཞིགས་ཏེ་བྱ་བ་ཆེ་ཆུང་སྣ་ཚོགས་ཤིག་སྤྲོད་ཆོག་ཆོག་དང་། སྒྲུབ་ཆོག་ཆོག བྱིས་པ་ཆུང་ཆུང་ཞིག་གིས་རེ་བ་རྒྱག་ན་ཡང་རེ་འབྲས་ཆུད་ཟོས་སུ་མི་གཏོང་བ་དང་། དཀའ་སྡུག་ཡོད་ཚད་རང་གི་ཕྲག་ཏུ་ལེན་ནུས་མཁན་ཞིག་དང་། ཡང་དགོས་རིན་པོ་ཆེ་མཆོག་གིས་<<རོགས་པ་ཚོགས་པའི་>>སློབ་ཕྲུག་རེད་ཟེར་དུས་སུ་ལས་ཀྱང་རྩ་བ་ཆེ་བ་དང་། བྱམས་བརྩེས་གཟིགས་རྟོག་གནང་བ་ནི། ངས་བཤད་མི་དགོས་པར་རོགས་པའི་སློབ་མ་ཚོས་ཤེས་ངེས་རེད།
ཁོང་ནི་རྒྱང་རིང་ནས་ཉན་ན་སྙན་གྲགས་ཆེ་བའི་བླ་ཆེན་ཞིག་དང་། འབྱོར་བ་ལྡན་པའི་མི་ཆེན་ཞིག་རེད་ཅེས་ཀུན་གྱིས་སྨྲ་མོད། འགྲམ་དུ་བཅར་ན་ཉིན་མཚན་གཉིས་ཀ་དལ་མེད་དུ་ལས་ལ་བརྩོན་ཞིང་། བོད་རིགས་ལ་སྙིང་ནས་དུང་ཞིང་། མི་རིགས་འདྲ་མིན་གྱི་དབུལ་པོ་དང་། ཉམས་ཐག་ཐུགས་ནས་ནམ་ཡང་འདོར་མ་མྱོང་བའི་གཞན་ཕན་ལ་དགའ་བ་དང་། དགྲ་གཉེན་ཀུན་ལ་བྱམས་པར་མ་ཟད། ཨ་དཀོན་གྱི་གྲོགས་པོ་དང་། སློབ་མ་རེད་ཟེར་དུས་ངང་བཟང་ཕྱི་ཐག་རིང་བ་དང་། ཁོང་གི་ཆེད་དུ་ཡོད་ཚད་བློས་གཏོང་ནུས་མཁན་རྐྱང་རྐྱང་རེད་ལ། ཁོང་གི་སློབ་མ་ཚོས་ཨ་དཀོན་ནི་ནམ་རྒྱུན་ནས་སྐད་ཆ་མང་པོ་མེད་པར། གང་གསུངས་པ་དེ་ནི་ལུགས་གཉིས་ལ་སྨན་པ་ཤ་སྟག་ཡིན་ཞེས་བཤད་སྲོལ་ཡོད་པ་དང་། ཁོང་རང་ཉིད་ཀྱིས་སློབ་སྦྱོང་གནང་བ་དང་། གཞན་ལ་སློབ་སྟོན་གནང་བ་མང་ཆེ་བ་ཕེབས་བཞུད་ཀྱི་ཞོར་དང་། བཞེས་ལགས་མཆོད་ཞོར་ལས་འཕྲོས་པའི་གཏམ་ཁོ་ན་རེད། དེ་ཙམ་དུ་མ་ཟད་ཁོང་གིས་བཀའ་སློབ་དང་ལམ་སྟོན་ལ་བརྟེན་ནས་འཚར་ལོངས་བྱུང་བའི་རྒྱལ་ཁབ་ཀྱི་སྲིད་འཛིན་དང་། ཡུལ་སྡེ་སྐྱོང་བའི་དཔོན་པོ། མི་ཚེ་ཆོས་ལ་བསྐྱལ་བའི་ཉམས་ལེན་པའང་ཤིན་ཏུ་མང་ངོ་། །
ཨ་དཀོན་ནི་རིས་མེད་ཀྱི་ཆོས་བརྒྱུད་ཀུན་ལ་དག་སྣང་ཅན། ཚད་ལྡན་གྱི་བླ་མ་གང་ཡོད་གཙུག་ཏུ་བཀུར་ཏེ་ཆོས་འབྲེལ་འཇོག་པ་ལ་དགའ་བ་དང་། ནམ་རྒྱུན་འགྲོགས་འདྲིས་ཀྱིས་འགྲིམས་འགྲུལ་དང་། བྱ་བའི་བརྒྱུད་རིམ་སྣ་ཚོགས་ཁྲོད་མི་དཀྱུས་མ་ཞིག་གི་སྤྱོད་ཚུལ་ལས། ཆེ་ཚུགས་དང་། མཐོ་འདོད་གཏན་ནས་མེད་པའི་བོད་ཀྱི་བླ་མ་ཞིག་རེད། དེ་ཕྱིར་ཁོ་བོར་མཚོན་ན་བླ་མ་མང་པོ་མཇལ་མྱོང་ལ། འགྲོགས་ཀྱང་མྱོང་མོད། མཚན་དང་སྙན་གྲགས་ཆེ་བའི་བླ་མ་ཞིག་ལ། ཆེ་འདོད་དང་། ཆེ་ཚུགས་མེད་པའི་ཁོང་འདྲ་བོ་ཞིག་གཏན་ནས་མཇལ་མ་མྱོང་། དེང་སང་སྐྱེ་བོ་ཕལ་ཆེ་བ་གོ་ས་ཞིག་གིས་དཔུང་པ་མཐོ་ཚར་དུས། སྒོར་མོ་ཞིག་གིས་ལྟོ་བ་འབུར་ཚར་དུས། མིག་ནམ་མཁར་ཅེར་ཞིང་། རྐུབ་ཁྲོ་རྡོ་ལས་ལྕི་མདོག་བྱེད་མཁན་ཤ་སྟག་རེད། རེད་དེ་ཁོང་ནི་འཁོས་ཆུང་ཚོའི་གྲལ་མཐའ་ནས་བསྡད་ཅིང་། ཉམ་ཐག་དང་ལྷན་དུ། དབུལ་པོ་དང་མཉམ་དུ། སྐྱིད་སྡུག་འདྲེས་མའི་འཚོ་བ། དགའ་སྐྱོའི་ཚོར་འདུ་ཇི་ལྟར་ལྕི་རུང་། ཚ་གྲང་གི་རེག་བྱ་ཚེར་མ་ལས་རྩུབ་རུང་། ངང་བཟང་ལ་ཕྱི་ཐག་རིང་བ་སྟེ། མདོར་ན་ཁོང་དང་འབྲེལ་བ་བྱུང་ཟིན་པ་ཞིག་ཡིན་ནས་བཟུང་། བཟང་ངན་གང་ལྟར་ཡང་ལས་སླ་མོས་འབྲེལ་བ་གཅོད་མི་སྲིད་པ་པས། སྐྱེས་བུ་དམ་པའི་རང་གཤིས་ཆ་ཚང་མངའ་བ་ཞིག་རེད།
ཁོང་གི་ཕྱག་བཞེས་ལ་ཕྱིར་བལྟས་ཤིག་བྱས་པ་ཡིན་ན། ཁ་ནས་བཤད་པ་དང་། ཡིད་སྨོན་ཙམ་མ་ཡིན་པར། ཁ་ཡོད་ལག་ཡོད་ཀྱིས་གཞན་ལ་དངོས་སུ་ཕན་བདེ་ལ་བརྩོན་པ་དང་། དོན་འབྲས་མ་བྱུང་གི་བར་ཕྱིར་བཀྱེད་གཏན་ནས་མི་གནང་མཁན་ཞིག་ཡིན་ལ། དེང་སང་ཆོས་པ་ཡིན་པར་འཁེ་ཆེ་བ་འགའ་ཞིག་གིས་གཞན་དོན་བྱེད་ཟེར་དུས་སྤུན་མཆེད་དང། ཉེ་འབྲེལ་ཡོད་ཚད་རྒྱང་རིང་དུ་དོར་ཞིང་། དེ་ལས་གཞན་པ་ཞིག་གི་དོན་བྱེད་མདོག་སྟོན་པ་དང་། དཔོན་པོ་ཁ་ཅིག་གིས་སྤྱི་ཚོགས་དང་། རྒྱལ་ཁབ། མི་རིགས་ཁ་ལ་ཁྱེར་ཏེ་རང་དང་། རང་ཕྱོགས་ཀྱི་བདེ་དོན་ཁོ་ནར་སེམས་མཁན་ཡང་མཆིས་མོད། ཨ་དཀོན་ནི་ནང་མི་སྤུན་མཆེད་སེམས་ཅན་གྱི་གྲལ་ནས་ཕུད་པའི་ཆོས་པ་མ་རེད་ལ། རང་ཕྱོགས་ལས་སེམས་ཅན་གཞན་གཏན་ནས་མི་མཐོང་བའི་ཆབ་སྲིད་པ་ཡང་མ་རེད། ཁོང་གིས་རང་དོན་དང་གཞན་དོན་སྒྲུབ་འདོད་པ་གང་ལྟར་ཡང་། ཁ་ཞེ་གཉིས་མེད་ཀྱིས་འབད་བརྩོན་གནང་བ་ལས། ཁ་ནས་མི་དགོས་ཟེར་བཞིན་ཁོག་ན་འདོད་པ་མེ་ལྟར་འབར་བའི་ཆོས་པ་རྫུན་མ་དང་། ཡང་སེམས་ལ་ཡོད་ཚད་འདོད་ཀྱང་བློ་སྤོབས་དང་། ལུས་ངག་གི་སྦྱོར་བས་མ་འདང་བའི་སྡར་མ་ཡང་མ་རེད།
དེ་ཕྱིར་ལུགས་གཉིས་ལ་མཁས་པའི་དཔྱོད་ལྡན་དང་། བླུན་པོ་བ་ལང་རྫི་ཡན་ཆོད་ཁོང་གི་རྣམ་ཐར་ལ་ཡིད་སྨོན་མི་འཆོར་མཁན་སུ་ཞིག་ཡོད། ཁོང་གི་བྱམས་བརྩེ་དང་། འདྲ་མཉམ་གྱི་ཕྱག་འོག་ན་གཉེན་ཉེ་དང་། དགྲ་བོ་ཡོད་ལ། ཕྱུག་པོ་དང་དབུལ་པོ་ཡོད། ད་དུང་མཁས་པ་བླུན་པོ། མགོ་སེར་ནག མདོག་དཀར་ནག་སོགས་མདོར་ན་ཤར་ནུབ་གཉིས་ཀྱི་རེ་ལྟོས་འཆའ་བའི་གང་ཟག་རེ་བའི་མིག་ཟུང་ཅེར་ཚད་ལ། རང་ནུས་གང་ཡོད་ཀྱིས་རམ་འདེགས་བསྐྲུན་པ་ལས། ལག་སྟོང་གཏན་ནས་བཏང་མ་མྱོང་། འདི་ནི་དམ་པ་ཞིག་གི་གྲུབ་རྟགས་དང་། བྱམས་བརྩེ་ལྡན་པའི་གང་ཟག་ཅིག་གི་མངོན་འདོད་དངོས་དེ་ཡིན་ནམ་སྙམ། དེ་ཕྱིར་དཔལ་འབྱོར་གཅིག་པུ་ཙམ་མ་ཡིན་པར་ཤིན་ཏུ་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ། ཉམ་ཐག་དབུལ་པོ་ཚོའི་ཆེད་དུ་ཕུལ་སོང་། རང་རིགས་ཀྱི་ཆེད་དུ་ཕུལ་སོང་། གཏན་དུ་ཕུལ་སོང་། ཕྱིར་མི་ལྡོག་པར་ཕུལ་སོང་། ད་ཕལ་ཆེར་རེ་འདོད་ཡོངས་སུ་གང་ཡོད་རྒྱུ་རེད།
ཨ་དཀོན་རིན་པོ་ཆེ་ནི་སྲོལ་རྒྱུན་ལ་ཤིན་ཏུ་དུང་བའི་བོད་མི་གནའ་རབས་པ་ཞིག་རེད། ཁོང་གིས་ནམ་རྒྱུན་ནས་བོད་ཀྱི་ཆོས་དང་། རིག་གཞུང་། ཡུལ་སྲོལ་གོམས་གཤིས་མི་ཉམས་པར་བརྒྱུད་འཛིན་བྱེད་དགོས་པ་དང་། ཆོལ་ཁ་སོ་སོའི་སྐད་དང་། གྱོན་གོས་ཚུན་ཆད་ནས་མི་རིགས་ཀྱི་ཁྱད་ཆོས་ཡིན་པས་ཉམས་མི་རུང་བར་འཆད་མཁན་ཞིག་རེད། ཐེངས་ཤིག་ཁོང་གིས་འཁོར་ཡུག་སྲུང་སྐྱོབ་ཀྱི་ཚོགས་འདུའི་ཐོག བོད་ཀྱི་ཕྱུ་པའི་ཁྱད་ཆོས་<<བོད་ཀྱི་ཕྱུ་པ་ནི་མི་རིགས་གཞན་སུ་ལ་ཡང་མེད་པའི་དམིགས་བསལ་གྱི་ཁྱད་ཆོས་ཅན་ཞིག་རེད། དཔེར་ན། ཉལ་ན་མལ་ཐུལ་དང་སྔས་སྟན། འགྲོ་ན་གྱོན་གོས་དང་ཁུག་མ། འཁྱགས་ན་ལག་ཤུབས་དང་ཞ་མོ་སོགས་ཆོག>> ཅེས་གསུངས་སོང་། ད་དུང་ཆོལ་ཁ་གསུམ་གྱི་སྐད་ལ་མཚོན་ན་<<སྤྱི་སྐད་གཅིག་པུ་གལ་མི་ཆེ་བར། ས་ཆ་གང་ཡིན་སྐད་ཀྱིས་ཤེས་ཟེར་བ་ལྟར་མི་དངོས་སུ་མ་མཐོང་ན་ཡང་། སྐད་གོ་བ་དང་དབུས་གཙང་དང་། ཨ་མདོ། ཁམས་པ་སུ་ཡིན་རྟོགས་ནུས་པ་དང་། རང་རང་ལ་དམིགས་བསལ་གྱི་ཁྱད་ཆོས་མང་པོ་ཡོད་ཅེས།>>གསུངས་སོང་།
སྤྱིར་བཏང་གི་ཆ་ནས་བཤད་ན། ཆོས་དང་འཇིག་རྟེན། སྲོལ་རྒྱུན་དང་དེང་རབས། ཆབ་སྲིད་དང་དཔལ་འབྱོར། ཚན་རིག་ལག་རྩལ། སྤྱི་དང་སྒེར། མཁས་པ་དང་བླུན་པོ། ཆོས་ལུགས་ཆོལ་ཁའི་བར་རང་རང་གི་ས་ན་ཚད་གཞི་རེ་དང་། སྒྲུབ་བྱ་རེ། འགྲོ་སྟངས་རེ་ཡོད་པས་རང་རང་གི་ལྟ་གྲུབ་མ་ཤོར་བ་གལ་ཆེན་པོ་རེད་དྲན་གྱིན་ཡོད། གང་སྲོལ་རྒྱུན་པར་འཁེ་ཆེ་བའི་གང་ཟག་ཅིག་ཡིན་ནས་བཟུང་། སྲོལ་རྒྱུན་ལ་ཡོད་པའི་ཕྱི་ནང་གསང་གསུམ་གྱི་ལྟ་སྒོམ་སྤྱོད་གསུམ་དང་། ཡུལ་སྲོལ་གོམ་གཤིས་ཆ་ཚང་ངེས་པར་ལྡན་དགོས་པ་དང་། གང་དེང་རབས་པར་འཁེ་འཆེ་བའི་གང་ཟག་ཅིག་དེང་སང་གི་ལྟ་གྲུབ་ཕལ་ཆེ་བ་ལྡན་དགོས་པ་རེད། དེང་སང་དེ་ལས་ལྡོག་སྟེ་སྲོལ་རྒྱུན་དང་། དེང་རབས་གཉིས་ཀའི་ཁོངས་སུ་མ་ཆུད་པའི་གང་ཟག་ཕུང་གསུམ་པ་མང་པོ་ཞིག་འབྱུང་བཞིན་པ་ལ་བརྟེན་ནས། ལུས་ལ་སྲོལ་རྒྱུན་གྱི་གོས་ཙམ་ལས། ནང་གི་སྲོལ་རྒྱུན་ལ་ཡོད་པའི་ཐུན་མིན་གྱི་ཁྱད་ཆོས་ཆ་ཚང་བརླགས་ཟིན་པ་རེད། ཡང་དེང་རབས་ཀྱི་ལམ་ལུགས་ལ་ཤིན་ཏུ་དུང་ན་ཡང་། ཐ་ན་དེང་སང་གི་ཟ་ཉལ་འགྲོ་འདུག་གི་སྤྱོད་ལམ་ཙམ་ཡང་ཁོང་དུ་མ་ཆུད་བཞིན། བླུན་པོ་གཡམ་རྒྱུག་མཁན་ནི་ཉིན་ལྟར་མང་དུ་འགྲོ་བཞིན་འདུག་པས། ཚང་མས་བསམ་ཤེས་ཀྱིས་སྲོལ་གསར་རྙིང་གཉིས་ཀའི་རང་སྲོག་མ་ཤོར་བའི་ཐོག་ནས་གཞན་ལ་རྒྱུས་ལོན་བྱ་ཐུབ་ན་ཕན་ཐོགས་ཡོད་པར་མངོན་ནོ། །
དེ་ཡང་རྒྱལ་བའི་དབང་པོ་ཀརྨ་པ་མཆོག་གིས་ཨ་དཀོན་རིན་པོ་ཆེའི་སྐོར་གནང་བའི་བཀའ་སློབ་<<ང་ལོ་བདུན་ནས་ཨ་དཀོན་རིན་པོ་ཆེ་དང་གྲོགས་པོ་ཡིན། ཁོང་ནི་སྤྱི་ཚོགས་ལས་འགུལ་བ་ཞིག་ཡིན་པ་དང་། དམིགས་བསལ་བོད་ནང་ལ་ཤེས་ཡོན་སློབ་གསོ་སྤྲོད་སའི་སློབ་གྲྭ་དང་། འཕྲོད་བསྟེན་སྨན་ཁང་། ཡིག་རྙིང་པར་བསྐྲུན་སོགས་གཞན་ཕན་རོགས་རམ་གྱི་ལས་དོན་རྒྱ་ཆེན་པོ་བྱེད་བཞིན་ཡོད། གློ་བུར་ཁོང་ཉིད་དང་བཅས་བའི་མི་གསུམ་བཀྲོངས་པའི་གནས་ཚུལ་ཐོས་པ་དང་ཧ་ལས་བྱུང་། ངས་ཁོང་ཉིད་ཀྱི་ནང་མི་དང་། བསམ་ཡས་གླིང་གི་འདུས་མང་། རོགས་པ་ཚོགས་པ། ཁོང་གི་ལས་གཞི་དང་འབྲེལ་བོད་ནང་གི་སློབ་མ་སོགས་ཚང་མར་སེམས་གསོ་བྱེད་འདོད་བྱུང་། མཉམ་དུ་ཁོང་གི་བྱ་གཞག་མངོན་འདོད་ཡོད་ཚད་མུ་མཐུད་ནས། དོན་གོ་ཆོད་པ་ཞིག་ཡོང་བའི་སྨོན་ལམ་བཅས།>>ཞེས་གསུངས་འདུག བྱམས་མགོན་སི་ཏུ་རིན་པོ་ཆེས་ཀྱང་<<འཛམ་གླིང་རོགས་པ་ཚོགས་པ་དང་། ཏྭ་ར་ཚོགས་པ་བཅས་ཀྱི་ཚོགས་གཙོ་ཞིང་གཤེགས་ཨ་དཀོན་རིན་པོ་ཆེ་དང་། ལས་བྱེད་སྦྱིན་བདག་ཁག་གིས་བོད་ཡུལ་སྟོད་སྨད་བར་གསུམ་དུ། གསར་བསྐྲུན་དང་། རོགས་སྐྱོར་གནང་བའི་སློབ་གྲྭ་བརྒྱ་ཕྲག་གཉིས་ཙམ་དང་། རིས་མེད་དགོན་སྡེ་ཁག་དང་། བཤད་གྲྭ་ཁག སྨན་ཁང་རྒས་གཙོ་གཅོང་གསོ་དྭ་ཕྲུག་སོགས་འབྲེལ་ཡོད་ཐམས་ཅད་གདུང་སེམས་མཉམ་བསྐྱེད་བྱ་རྒྱུ་ཡིན།>>ཞེས་དང་།
མཁན་ཆེན་བསོད་དར་རྒྱས་མཆོག་གིས་ཀྱང་<<ཨ་དཀོན་རིན་པོ་ཆེ་དགོངས་པ་བསྡུས་སོང་བའི་གནས་ཚུལ་དེ། མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་མདང་དགོང་གསུངས་སོང་། མཁན་པོ་ཚུལ་ཁྲིམས་བློ་གྲོས་ཁོང་ཨ་དཀོན་རིན་པོ་ཆེ་དང་འབྲེལ་བ་ཆེན་པོ་རེད། ཧ་ཅང་གི་ཐུགས་ཕམ་ཆེན་པོ་བྱུང་བ་གསུངས་སོང་། ང་འབྲེལ་བ་ཆེན་པོ་དེ་འདྲ་མེད་དེ་སེམས་ཕམ་ཆེན་པོ་བྱུང་། ང་ཚོ་བོད་ལ་མི་བཟང་པོ་རེ་ཡོད་པ་དེ། གློ་བུར་དུ་སྐུ་ཚེ་མ་ཟིན་པར་ཕེབས་པ་དེ་གྱོང་ཆེན་པོ་རེད། ངོ་མ་བཤད་ན་ང་ཚོ་བོད་ནང་ཁུལ་དུ་གནས་ཚུལ་འདི་འདྲའི་ཐབས་རྡུག་པོ་ཞིག་བྱུང་བ་དེ། བོད་པ་ཚོ་ལ་མཚོན་ན་ངོ་ཚ་དགོས་པའི་གནས་སྟངས་ཤིག་ཡིན་པ་ནི། ངས་བཤད་མི་དགོས་པར་ཚང་མས་མཁྱེན་གསལ་ལྟར་རེད།>>ཅེས་གསུངས་འདུག་པས། དེ་དང་འདྲ་བའི་བཀའ་སློབ་དང་། ཐུགས་གསོའི་འཚམས་འདྲི་ཤིན་ཏུ་མང་བས། བོད་ཀྱི་ཆེན་པོ་ཚོས་ཁོང་ལ་ཚད་གཞི་གང་འདྲ་ཞིག་འཇོག་གི་ཡོད་མེད་ཚང་མས་མཁྱེན་ངེས་སོ། །
ཨ་འབུམ་བློ་བཟང་དམ་ཆོས་ཀྱིས་ཀྱང་ཨ་དཀོན་རིན་པོ་ཆེར་རྗེས་དྲན་གྱི་ཚུལ་དུ་ཕུལ་བའི་བོད་ཀྱི་འདས་མ་ད་གསུམ་ཞེས་པའི་དཔྱད་རྩོམ་ལས། << སླད་མར། རང་རེ་བོད་རིགས་སྤུན་ཟླ་རྣམས་ཀྱིས་རང་གི་བྱ་སྤྱོད་ཐད་ལ་གཟབ་གཟབ་གནང་དགོས་པ་དང་། འདི་ལྟ་བུའི་གདུག་རྩུབ་ཀྱི་སྦྱོར་བ་དང་། མི་རིགས་སྤྱི་ལ་གནོད་པའི་རང་གཞན་གཉིས་ཕུང་གི་བྱ་ངན་ལས་བསླབ་བྱ་ཟབ་མོ་ཐོབ་དགོས་པ་དང་། ལྷག་པར་བོད་མི་ནང་ཕན་ཚུན་ཕྲག་དོག་གིས་བདག་གཞན་གཉིས་གནོད་ཀྱི་སྦྱོར་ངན་དེ་ཚོ་རིམ་པས་བསྒྱུར་བཅོས་མ་བཏང་ཚེ། ང་ཚོ་བོད་རིགས་ཀྱི་སྟེང་དུ་དམ་པ་ལྷ་ཆོས་ཀྱི་ཉེས་པ་ཕར་ཞོག འཇིག་རྟེན་མི་ཆོས་ཀྱི་ཉེས་པས་ཀྱང་མི་རིགས་གཞན་གྱི་མདུན་ནས་ངོ་ཚ་ནམ་ལངས་པ་རེ་ཉོ་ངེས་སོ།།>>ཞེས་དོན་སྙིང་ལྡན་པའི་བསླབ་བྱ་ཞིག་འདིར་དྲངས་ཡོད་པས་ཀུན་གྱིས་ཐུགས་ལ་བཏགས་ན་བསམ། གང་ཡིན་ཞེ་ན་དེང་སང་གི་བོད་ཀྱི་གཞོན་སྐྱེས་རྣམས་ནི་སྲོལ་རྒྱུན་ལས་མར་ཟག་ཅིང་། དེང་རབས་ཀྱི་རྗེས་མ་ཟིན་པའི་ཀླད་མེད་ཁོག་སྟོང་། སེམས་ལ་སྒོར་མོ་ལས་བསམ་རྒྱུ་མེད་པའི་སྐམ་ཆགས་ཅན་ཤ་སྟག་ཏུ་འགྱུར་བཞིན་པ་ལགས་ན། གཟབ་གཟབ་མ་གནང་ན་གནའ་དེང་གི་ལུགས་སྲོལ་གསར་རྙིང་གཉིས་ཀས་འདོར་བའི་མི་རིགས་ཤིག་ཏུ་མི་འགྱུར་བའི་ངེས་པ་གང་ཡང་མི་འདུག་གོ །
ངས་འདི་ནས་རིན་པོ་ཆེ་ཁོང་སྐྱོན་རྩ་བ་ནས་མེད་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་རྣམ་སྤྲུལ་ཆེན་པོ་ཞིག་ཡིན་ཞེས་བཤད་པའི་སྤོབས་པ་མེད་ཀྱང་། གོང་དུ་བྲིས་པ་དག་ནི་དངོས་ཡོད་ཀྱི་གནས་ཚུལ་ལ་རྒྱུས་ལོན་གྱིས་ཞིབ་བསྡུར་བྱས་ཤིང་། སྐྱོན་ཡོན་གཉིས་ལས་ཡོན་ཏན་མོད་པ་དང་། བསྟན་པ་སྤྱི་དང་བྱེ་བྲག་ལ་ཐུགས་ཁུར་ཆེ་བ། ཁོང་གིས་སྐུ་ཚེ་གང་འབད་པ་བརྒྱ་ཕྲག་གིས་རོགས་རམ་གནང་བ་རྣམས་རྒྱུ་མཚན་དུ་བཟུང་སྟེ། དེང་སང་གི་བོད་པའི་གཞོན་སྐྱེས་དྲིན་ལ་དྲིན་དུ་ངོ་མི་ཤེས་པའི་ཀླད་མེད་བཅོལ་ཆུང་དེ་ཚོར་ཅུང་ཟད་ཕན་པའི་བློས་འདིར་བཀོད་པའོ། །
ཨ་དཀོན་རིན་པོ་ཆེའི་ཡང་སྲིད་དེ་ཡང་ཁོང་དང་འདྲ་བའི་གཟུངས་སྤོབས་ཀྱི་བློ་གྲོས་ཅན་ཞིག་དང་། བསྟན་པ་དང་འགྲོ་བ་ལ་ལྷག་བསམ་མཚུངས་མེད་ཡོད་མཁན་ཞིག་འབྱུང་བར་སྨོན་འདུན་དང་། ཨ་དཀོན་རྗེས་དྲན་གྱི་ཆེད་རྩོམ་ཕྱོགས་བསྡུས་ལ་དམིགས་བསལ་དོ་སྣང་གནང་བའི་རྒྱལ་སྤྱིའི་གསར་འགོད་པ་ཁག་དང་། རྩོམ་པ་པོ། སྒྱུ་རྩལ་བ། བླ་ཆེན་མི་ཆེན་རྣམ་པ་དང་། ཆོས་རྗེ་ཨ་དཀོན་རིན་པོ་ཆེ་མཆོག་དང་མཉམ་དུ་སྐུ་ངལ་འཛེམས་མེད་ཀྱིས་ལོ་མང་རིང་ཕྱག་ལས་གནང་ཞིང་། ད་ལྟ་ཚོགས་སྡེ་ཆེ་ཆུང་ཡོངས་ཀྱི་གཙོ་འགན་བཞེས་བཞིན་པའི་བླ་མ་ཡེ་ཤེས་རིན་པོ་ཆེ་མཆོག་དང་། ཀ་སྟེང་བླ་མ་གཙོར་བྱས་པའི་བསམ་ཡས་གླིང་གི་དགེ་འདུན་པ་སྐྱ་སེར་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ཕྱི་ལོ་༢༠༡༤་ཟླ་བ་༡་ཚེས་༥་ལ་དམ་པ་གང་གི་གདན་ས་བཀའ་བརྒྱུད་བསམ་ཡས་གླིང་ནས་ཨ་དཀོན་རྗེས་དྲན་གྱི་རྩོམ་སྒྲིག་པ་ཨོ་རྒྱན་ཉི་མས་སོ།།
འདུག།
གསེར་རྟ་ཇ་ོམོ་སྒར་ལ་མེ་སྐྱོན།
ད་ལྟ་རང་སི་ཁྲོན་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་ཇོ་མོ་སྒར་ལ་མེ་སྐྱོན་ཚབས་ཆེན་བྱུང་འདུག
ད་ལྟ་རང་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལ། དེ་རིང་ཕྱི་ཚེས་༩ ཉིན་གྱི་དགོང་དྲོའི་དུས་ཚོད་༩ པ་ཙམ་ལ་སི་ཁྲོན་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་ཇོ་མོ་སྒར་ལ། མེ་སྐྱོན་ཚབས་ཆེན་བྱུང་ཡོད་འདུག། གནས་ཚུལ་མཁོ་སྤྲོད་པས་བརྗོད་ན།་ས་གནས་སེར་སྐྱ་གཉིས་ཀྱིས་མེ་གསོད་ཐབས་གནང་བ྄ཞིན་ཡོད་ཅིང་། མེ་སྐྱོན་བྱུང་རྐྱེན་དེའི་སྐོར་ལ་བསམ་ཚུལ་འདྲ་མིན་ཡོང་གི་ཡོད་འདུག།
ཨ་དཀོན་རིན་པོ་ཆེ་ལ་ཨོྃ་མ་ནི་པདྨེ་ཧྰུྃ། སྤྲུལ་སྐུ་ཉི་མས་ཡག་པོ་བྲིས་འདུག སྒྲོ་བཏགས་མང་ན་མི་ཉན་ཡ། ཤི་བོ་བླ་བདེ་ས་མ་རེད་ད།
ཡག་པོ་འདུག་་་་་མི་མང་ལ་ཕན་ཐོགས་ཡོད་ན་རྗེས་སུ་ཡི་རང་ཡོད་
དེ་མིན་ཁོང་གི་སྐོར་ཅི་ཡང་ཤེས་ཀྱི་མེད་་་་
ཨོ་རྒྱན་ཉི་མ་ལགས།
ཐུགས་རྗེ་ཆེ། འདྲི་བ་རྣལ་མ་ཞིག་ཡོད། ངེས་པར་དུ་ལན་སྟེར་རོགས།
ཨ་དཀོན་གསོད་མཁན་ཟིན་འདུག ཡིན་ནའང་། ད་བར་ཁྲིམས་ཐག་ཇི་བྱས་གནས་ཚུལ་མིན་འདུག སྤྱིར་རྒྱ་ནག་ལ་མི་གཅིག་བསད་ན། ལམ་གསེང་ཁྲིམས་ཐག་བཅད་ནས་སྲོག་ཐོག་ལ་གཏོང་བར་བྱེད། ཨ་དཀོན་ལྟ་བུ་ཕྱི་ནང་གཉིས་ཀས་དོ་སྣང་བྱེད་པའི་སྐྱེས་བུ་དམ་པ་འདི་ལྟ་བུ་གསོད་མཁན་གྱི་མི་ལ་ཁྲིམས་ཐག་དང་གནས་ཚུལ་གཅིག་ཀྱང་གོ་རྒྱུ་མིན་འདུག་པས། དེ་ལ་ཇི་ལྟར་འགྲེལ་པ་བྱེད།
ཁྲེན་ཏུ་ཁུལ་ལ་སྐད་ཆ་འདྲི་སྐབས། ལག་དམར་བའི་རྗེས་ལ་སྲིད་གཞུང་འདུག བྱས་ཙང་གསང་བ་རེད་ཟེར། འདི་བདེན་པ་རེད་དམ།
ཨ་དཀོན་རིན་པོ་ཆེ་ཕྱག་རྗེས་ཆེན་པོ་ཞིག་ཡིན་པ་གོ་མྱོང་ཡོད་མོད་ཀྱང་འདིར་བྲིས་པའི་རབ་རྟགས་ཀྱི་རྩོམ་འདི་འདྲ་ཅང་ཨ་ཡོད་བསམ། ཇི་བཞིན་བརྗོད་པའི་རྩོམ་ཡིག་འབྲི་སྐབས་དོན་དངོས་ལས་བརྒལ་བའི་སྐད་ཆ་འབྲི་རྒྱུ་མང་དྲག་ན་བསྟོད་པ་དེ་སྨད་པའི་ཚད་དུ་ལྷུང་བའི་ཉེན་ཡོད།
ཨ་དཀོན་རིན་པོ་ཆེ་ཁོང་ནི་མཁས་མཛངས་ལྷག་བསམ་དང་ལྡན་ལ། བོད་མི་རིགས་ལ་རྒྱ་དང་བྱས་རྗེས་གཞན་ལས་ཆེ་མོད། འོན་ཀྱང་བོད་མི་རིགས་འདི་ནི་གྲགས་པའི་རྗེས་སུ་འབྲངས་རྒྱུ་ལས་དོན་དངོས་་ཀྱི་གནས་ཚུལ་ལ་རྟོགས་ཞིབ་བྱེད་མཁན་དཀོན་ལ། ༧སྐྱབས་མགོན་༧སྐྱབས་རྗེ། མཁན་པོ་སྤྲུལ་སྐུ་སོགས་མིང་གི་རྗེས་སུ་རྒྱུགས་རྒྱུ་ལས་དོན་མི་རིགས་ལ་ཕན་པའི་རིག་གཞུང་ཤིན་ཏུ་དཀོན། གཅིག་འགྱུར་དང་ཆ་མཐུན་གྱི་སྐད་སྒྲ་སྒྲོག་རྒྱུ་ལས་དོན་གྱི་དམངས་གཙོའི་ལམ་ལུགས་ཤིན་ཏུ་ཉམས་ཆུང་། སྨྲ་བརྗོད་རང་དབང་གི་ཆོ་ལོ་ཆེ་མོད་དོན་དུ་ལྟ་གྲུབ་མི་མཐུན་པའི་རིགས་རྣམས་སྤྱི་ཚོགས་འདིར་སྡོད་ཐབས་བྲལ་ཡོད།
ཨ་ཀོན་བསད་ཚར་རེད། ད་མང་པོ་བཤད་ན་ཡག་པོ་མི་འདུག ཨོ་ཉིས་རང་གི་ཆུང་མ་སྒྲོལ་དཀར་ངོ་འཚོ་ཕྱིར་ཨ་སྐྱག་ཟོས་འདུག་ཡ། ཆོས་རྒྱལ་གྲོང་པའི་གསང་ཡུམ་གྱིས་ཨ་ཀོན་དམར་བརྗེད་དུ་རྒྱ་ཡིག་དབྱིན་ཡིག་ཐོག་འདུག ད་མང་པོ་བཤད་རུང་དགོས་པ་མི་འདུག ནག་ཚོང་མཁན་ཞིག་འཆི་སོང་བ་ལ་དེ་འདྲ་འབྲི་ནུས་པ་དེ་ནི་ཆོག་ཤེས་ཟེར་བ་ཡིན་ནམ། ཧ ཧ ཧ ལྟ་ལོག སྤྱོད་ལོག རྩོམ་ལོག་ཁྱོད་ཀྱིས་མི་སྲིད་པའི་སྐད་ཆ་དེ་རིགས་ད་ཕྱིན་ཆོད་མ་འབྲི་ལོ། ཨ་ཁ་ཁ། ངོ་ཚ་ཟེར་བ་ཁྱོད་ཚོ་ལ་མེད་ཀི་ཡ།
ཨ་ཀོན་རིན་པོ་ཆེ་དཀྲོང་དུས་མ་ཏོག་ཧ་མི་གོ་ལ་། སྤྱིར་གཏང་མི་ཡི་གཤིས་ཀ་ལ་མི་དེཤི་ཚར་ན་ཡག་པོ་རེད་། ཟེར་ནས་ཡོན་ཏན་བརྗོད་པ་འཇིགས་བརྟེན་་འདིའི་སྣང་ཚུལ་རེད། འོན་ཀྱང་ཁོང་ནི་བོད་སྤྱི་ལ་ཕན་པའི་སླབ་ཆེན་བྱ་བ་མང་པོ་ཞིག་གནང་བ་ཡིན་ཙང་ང་ཚོ་བོད་པའི་ཡབ་ཆེན་ཅིག་རེད། གསོད་མཁན་དེ་བོད་པ་ཚང་ཡིན་དུས་བོད་པའི་ཞབས་འདྲེན་ཆེན་པོ་ཞིག་རེད། ཕྱི་རྒྱལ་གཞུགས་པའི་བོད་པ་དངུལ་ཡོད་ཚོ་བོད་་ལ་འགྲོ་ན་དངུལ་གྱི་ཆེན་དུ་གསོད་ཡོང་ད། ལྷག་པར་བླ་ཆེན་དང་རྒྱ་བླ་མ་དངུལ་གྱི་ཕྱུགས་པའི་ཆོས་ཀྱི་ཚོང་པ་ཚོ་གསོད་ཡོང་ད།
ང་སྤྱིར་བཏང་ཨ་དཀོན་དང་འབྲེལ་ཡོད་ཡིན་ཞིང་རྒྱུས་ཏོག་ཙམ་ཡོད། ཁོང་བཀྲོངས་པ་གོ་དུས་སེམས་པ་ཕམ་པོ་བྱུང། བཀྲོངས་དགོས་པའི་རྒྱུ་མཚན་སོགས་འགྲེལ་བཤད་རྒྱག་མཁན་ཚོས་རང་ཕྱོགས་སྒྲུབ་ཁུལ་གྱིས་དོགས་པ་ཆེ་རུ་འདྲ་བོ་བཏང་སོང་བསམ་པ་བྱུང། ཁ་ཤས་མགོ་མ་ཚོས་མཁན་འགྲེལ་བཤད་རྒྱག་མཁན་འདྲ་བོ་མང་པོ་བྱུང་དེ་ཚོ་ལ་ཏོག་ཙམ་མཚར་བྱུང། ངོ་མ་བཤད་ན་ཨ་དཀོན་རིན་པོ་ཆེའི་བཤད་གྲྭ་དེ་ཚོ་ག་བ་ཡོད་པ་རེད། མཁན་པོ་སུ་དང་སུ་བྱ་བ་ཡོད་པ་རེད། བཙུགས་ནས་ལོ་ག་ཚད་འཁོར་བ་རེད་ལོ་རེ་ལ་འགྲོ་སོང་ག་ཚད་འགྲོ་གི་ཡོད་པ་རེད། དེ་ཚོའི་མ་རྩ་ག་ཚད་བཏང་འདུག་གསལ་པོ་བཟོ་ཐུབ་ན་ཡག་པོ་འདུག དེ་མ་ཡིན་པར་ཁ་ཚད་ག་ཚད་བཙུགས་བཙུགས་འདྲ་བོ་བཤད་དུས་མི་ག་བ་ཡིད་ཆེས། འགའ་ཤས་ཀྱིས་ཨ་དཀོན་གྱིས་ཏོག་ཙམ་ཞལ་འདེབས་བརྒྱབ་པ་དེ་ཚོ་ཨ་དཀོན་གྱི་བཤད་གྲྭ་ལ་བརྩིས་པ་མིན་འགྲོ་ག་རེ་ཡིན་ན་དེ་འདྲ་བཤད་མཁན་མང་པོ་འདུག ཨོ་ཉི་ཁྱེད་ཀྱིས་ངས་བཤད་པ་འདིར་གོ་ལོག་བྱེད་མི་ཉན། གསལ་པོ་བཤད་ན་ཡག་པོ་འདུག
ངས་འདིར་བྲིས་པ་དེ་ཆུང་མའི་ཞང་པོ་ཡིན་པ་རྒྱུ་མཚན་དུ་བྱས་ཏེ་བྲིས་པ་མིན་ལ། ང་ལ་དམིགས་བསལ་ཞིག་ཐོབ་ནས་བྲིས་པ་དེ་བས་མིན། འདིར་བྲིས་པ་ཡོད་ཚད་དངོས་པ་གནས་ཚུལ་ལ་རྒྱུས་ལོན་གྱིས་བརྟགས་དཔྱད་སྔོན་དུ་སོང་བ་ཡིན། ཨ་དཀོན་རིན་པོ་ཆེས་བོད་ལ་ལོ་ངོ་སུམ་བཅུ་ལྷག་ལ་རོགས་རམ་བྱས་འདུག ཀྲུང་སྒོར་དུང་ཕྱུར་ཁ་ཤས་བོད་ལ་བཏང་འདུག སྒོར་མོ་སྤྲོད་མཁན་སྦྱིན་བདག་རྣམ་པ་རེད་དེ། སྦྱིན་བདག་འཚོལ་རྒྱུ་དེ་ལས་སླ྄་མོ་ཞིག་གཏན་ནས་མ་རེད། ཁོང་གིས་རོགས་པ་བྱས་བཞག་པ་དེ་བོད་མི་ཚོས་ཤེས་པའི་ཆེད་དུ་བྲིས་པ་ཡིན། ཨ་དཀོན་རིན་པོ་ཆེའི་སྐོར་གྱི་གྱོད་དེ་ད་ལྟ་དབྱིན་གཞུང་དང་འབྲེལ་བའི་ཁྲིམས་ཁང་དུ་འགྲོ་བཞིན་པ་རེད། ཡིན་ན་ཡང་ངས་དེའི་སྐོར་གསལ་པོ་ཤེས་མ་སོང་། བྱུས་དོགས་བྱེད་ཀྱིན་མེད།
བོད་མི་རིགས་ལ་བཀའ་དྲིན་ཆེ་བའི་ཨ་དཀོན་རིན་པོ་ཆེའི་ཡང་སྲིད་མྱུར་དུ་བྱོན་པར་སྨོན།
སོ་སོའི་ཆུང་མའི་ཞང་པོ་ལ་བསྟོད་ཆེ་དྲག་འདུག བུ་ཕ་ཡིས་མི་བསྟོད་དགྲ་ཡིས་བསྟོད། ། ཟེར་བ་མ་བརྗེད། སྤྱིར་བཏང་འདས་པོ་ཁོང་གིས་ལས་བཟང་མང་པོ་བྱས་ཡོད་པ་ཤེས་ཀྱི་ཡོད། ཡིན་ནའང་སྒྲོ་བཏགས་མང་དྲག་ན་རྐང་པ་མར་འཐེན་གྱི་རེད། མི་ཚང་མ་ལྐུགས་པ་མ་རེད།
རྒྱལ་སྤྱིའི་རོགས་ཚོགས་ཀྱི་གཙོ་འཛིན་དུ་སུས་སྐོས་པ་རེད་དམ། རྒྱལ་སྤྱི་ཟེར་དུས་འཛམ་གླིང་རྒྱལ་སྤྱི་ལ་གོ་བ་མིན་ནམ་་་རོགས་ཚོགས་གང་ཞིག་གི་གཙོ་འཛིན་ཡིན་ན་་་རོགས་ཚོགས་གཙོ་འཛིན་དུ་ངོས་འཛིན་བྱེད་དགོས་སམ།
བསྟོད་མ་ཤེས་པས་བསྟོད་པ་ལས། སྨད་མི་ཤེས་པའི་སྨད་ན་དགའ། འདས་པོ་ཁོང་གིས་ཉམས་ཐག་རྣམས་ལ་རོགས་མགོན་ཆེ་ཆུང་ལ་མ་ལྟོས་པར་རོགས་རམ་གནང་ཡོད་ཚེ་རྗེས་སུ་ཡི་རངས་ཞུ་བཞིན་ཡོད། ཆོས་ལུགས་རིས་སུ་མ་ཕྱེས་པར་གནང་ཚུལ་ཤོད་བཞིན་པར་དྲི་རྟགས་མང་པོ་འདུག་པས་་་གནས་སྐབས་སྐྱུར་ཡིན།
ཁྱོད་ཚོ་འདྲ་བའི་དྲིན་ལ་དྲིན་དུ་ངོ་མི་ཤེས་ཤིང་། བཟང་ངན་དབྱེ་འབྱེད་མི་ཤེས་པའི་དམུས་ལོང་ལྟ་བུ་རྣམས་ལ། དམིགས་བུ་ལྟར་ལམ་སྟོན་ཞིག་དང་། དཔེ་ལྟ་ས་འགྱུར་ན་བསམ་ནས་བྲིས་པ་ཡིན། སྣང་བ་མ་འགྲོ་ན་མིག་སེར་པོ་ཡིན་པའི་རྟགས་རེད། བསྟོད་པ་རྒྱག་པ་ལ་ཡིན་གཅིག་མིན་གཉིས་མི་གཞན་ཞིག་དགོས་པ་སུའི་བཀའ་བཅད་པ་རེད། ངས་གོང་དུ་བཤད་པ་དག་ལས་གང་འགྲིགས་མི་འདུག གང་ཚང་མི་འདུག ཧཧཧཧཧཧཧ
བན་དེ་ལགས།
ཁམས་ནང་གི་བོན་པོའི་དགོན་པོ་དེ་ཚོར་ཨ་ཀོང་ལས་སྐུ་དྲིན་ཆེ་བ་མེད་ཟེར་ངས་སྲོག་གཏད་དེ་ཤོད་ཐུབ། ང་རང་ཨ་ཀོང་རིན་པོ་ཆེ་ངོ་ཡག་པོ་ཤེས་པ་དང་། ཁོང་མཉམ་དུ་ལོ་འགའ་ཤས་ལས་ཀ་བསྒྲུབས་པ་ཡིན། ཨ་ཀོང་གིས་འཁྱུང་པོ་སྟེང་ཆེན་ཁུལ་གྱི་བོན་པོའི་དགོན་པ་དེ་ཚོར་རོགས་པ་བྱེད་དགོས་ཅེས་ཤུགས་ཆེན་པོས་བཤད་ནས་དངུལ་སློང་སོང་ལ་དགོན་པ་དེ་ཚོར་བགོ་བཤའ་ཡང་བརྒྱབ་སོང་། དགོན་པ་དེ་དག་བོད་རང་སྐྱོང་ལྗོངས་ཟེར་བའི་ཆབ་མདོའི་ཁུལ་ལ་ཡོད་སྟབས། ༡༩༩༩ནས་ཁོང་དེ་ལ་མ་བཏང་བས། ལོ་འགའ་ཤས་རིང་བོན་དགོན་གྱི་སྐུ་ཚབ་ཁྲེན་ཏུ་ལ་སྐད་བཏང་ནས་དངུལ་སྤྲད་སོང་། བླ་མ་དེར་ངོ་མ་སྦྱིན་པ་གཏོང་དུས་རིས་མེད་ངོ་མ་རེད། དགེ་ལྡན་པའི་ལོ་རྒྱུས་ནང་ལ་དགེ་ལུགས་པའི་དགོན་པར་རོགས་རམ་བྱེད་མཁན་བཀའ་བརྒྱུད་པ་ཁོང་མ་གཏོགས་བྱུང་མེད་ཚོད།
དཔེར་ན། དཀར་མཛེས་ལམ་བྲག་དགོན་པ་དང་དེ་བཞིན་དགེ་ལྡན་པའི་དགོན་པ་གཞན་ལ་ཁོང་ནས་དངུལ་མང་པོ་སྦྱིན་སོང་། དཔེ་ཆ་བལྟས་ན། ཆོས་ལུགས་སུའི་དཔེ་ཆ་ལྟས་ཀྱང་འགྲིགས་ཅེས་སློ་གསོ་བརྒྱབ་པ་གོ་མྱོང་།
དེ་བདེན་པ་རེད། འཛམ་གླིང་རོགས་ཚོགས་ཟེར་བ་འདི་ཚོགས་པའི་མིང་རེད། ཕྱི་རྒྱལ་ལ་དངུལ་སློང་དུས་རྒྱལ་ཁབ་གཅིག་ལས་མང་བའི་ནང་ལ་ལས་ཀ་སྒྲུབ་ན་དེ་ལ། International ཟེར་བའི་མིང་འདོགས་སྲོལ་ཡོད། ཚོགས་པ་འདི་ཁོང་གིས་བཙུགས་པ་དང་དངུལ་འདུ་སློང་བྱེད་མཁན་གཙོ་བོ་ཁོང་རེད།
ངས་ད་བར་ངོ་ཤེས་པའི་ཁམས་པའི་ནང་ནས་ཁོང་ལས་ལྷག་པའི་མི་གཏན་པོ་ཞིག་མཐོང་མྱོང་མེད། སྐད་ཆ་ཤིན་དུ་ཉུང་ཉུང་རེད། ཁོང་འཚོ་བཞུགས་སྐབས་ལ་ཁོང་གི་སྐོར་གོ་རྒྱུ་ཉུང་ཉུང་རེད། རྒྱུ་མཚན་ནི་ཁོང་རང་གི་སྐོར་ལ་སྐད་ཆ་ཤོད་འདོད་རྩ་བ་ནས་མེད། ལྷག་དོན་ཁྲོམ་བསྒྲགས་ལ་མི་དགའ་མཁན་གྱི་མི་ཞིག་རེད་འདུག
མི་ཚང་མ་ལ་དགེ་དང་སྐྱོན་ཡོད་པ་བདེན་པ་རེད། ཁོང་ལ་ཡང་སྐྱོན་གཏན་གཏན་ཡོད་ངེས།
བསམ་ཤེས་ལགས་ངོ་མ་རེད། དེ་ག་རང་རེད། ངས་འདི་ནས་རང་དང་འབྲེལ་བ་ཡོད་པ་ཙམ་གྱིས་བསྟོད་པ་རྩ་བ་ནས་མིན། གཅིག་ནས་ཁོང་གིས་ལོ་མང་རིང་སྐུ་ངལ་མ་འཛེམས་པར་ཆོལ་ཁ་དང་། ཆོས་ལུགས་རིས་མེད་ལ་རོགས་སྐྱོར་གནང་ཡོད་ན་ཡང་བོད་མི་མང་པོ་ཞིག་གིས་ཁོང་གི་སྐོར་ཤེས་ཀྱི་མེད་པ་འདྲ། དེ་ཕྱིར་ཅུང་ཟད་ཕན་ན་བསམ་ནས་བྲིས་པ་ཡིན། གཉིས་ནས་ལོ་ན་དོན་བཞི་ལ་སོན་པའི་བགྲེས་སོན་ཞིག་ཉིན་མཚན་གཉིས་ཀར་བྱ་བས་བྲེལ་བཞིན། རང་གི་མི་རིགས་ལ་ཕན་པའི་བློས་དངུལ་ལོར་ཅུང་ཟད་རག་པ་དེ་ཡང་། བོད་ལ་སྐྱེལ་གང་ཐུབ་བྱེད་མཁན་ཞིག་དང་། སྐུ་ཚེ་གང་དཀའ་ངལ་རྐྱང་རྐྱང་གིས་མཇུག་རྫོགས་པའི་བོད་མི་རྒན་རབས་པ་ཞིག་གི་བྱ་བ་ལ། ཕྱོགས་གཅིག་ནས་ཡི་རང་དང་། ཡིད་སྨོན་འཆོར་ནས་ཡིན། ཕྱོགས་གཅིག་ནས་སྙིང་རྗེ་དང་། ཤ་ཚ་ནས་བྲིས་པ་ཡིན།
འདིར་ཨ་ཀོང་རིན་པོ་ཆེར་དམའ་འབེབས་ཀྱི་མཆན་འགའ་བཀོད་པ་ནི། ཨོ་རྒྱན་ཉི་མ་ཞེས་པའི་མི་ཁོ་རང་དང་ཡང་ན་ཁོ་རང་གི་རྩོམ་ལ་མ་དགའ་བ་དང་། ཡང་ན་རང་གི་ཆོས་བརྒྱུད་མིན་པ་ཚོར་མ་དགའ་བ་ཙམ་མ་གཏོགས་ཨ་ཀོང་རིན་པོ་ཆེའི་སྐུའི་མཛད་པ་དང་ཐུགས་ཀྱི་ཡོན་ཏན་གྱི་སྐོར་ནས་གཟུར་གནས་ཀྱི་དཔྱད་མཆན་བཏབ་པ་ཞིག་ཏུ་མ་མཐོང་།
ཨ་ཀོང་རིན་པོ་ཆེའི་སྐོར་ནས་སྤྱི་ཚོགས་ཁྲོད་དུ་བགྲོ་གླེང་བྱེད་དགོས་པར་མཐོང་བའི་གནས་ཚུལ་འགའ་རེ་འདུག་བསམས་རུང་། ཁོང་གི་སྐོར་ལ་མང་ཆེ་བས་ནི་ད་བར་དུ་ “རོགས་སྐྱོར” དང་ “མཛད་རྗེས”། “དམར་གསོད” བཅས་དང་འབྲེལ་བའི་སྐད་ཆ་བཤད་སོང་། དེ་དག་གི་ཁྲོད་དུ་དྲང་ཕྱོགས་ནས་བཤད་མཁན་མང་པོ་དང་ལྡོག་ཕྱོགས་ནས་བཤད་མཁན་ཉུང་ཉུང་དུ་སྣང་། དེར་བློ་བ་དགའ།
ཨ་ཀོང་རིན་པོ་ཆེ་མཇལ་མྱོང་། ཁོང་གི་མཁྱེན་ཡོན་དང་རྟོགས་པའི་མཐོ་དམའ་སོགས་ལ་རྒྱུས་མངའ་མེད་མོད། ཡིན་ནའང་ཁོང་ནི་རང་གི་བོད་མི་རིགས་འདི་ལ་ཤ་ཚ་ཞིང་། ཞེན་ཁོག་ཆེ་བ་ནི་ཚོར་སྣང་ཙམ་མིན་པར་དངོས་སུ་ར་འཕྲོད་པ་ཞིག་བྱུང་སོང་བས། ཁོང་གི་བོད་མིའི་ལ་རྒྱ་དང་ལྷག་བསམ། ཞེན་ཁོག་བཅས་ལ་ཡི་རངས་དང་རྗེས་དྲན་ཞུའོ།
ང་ལ་མི་དགོས་དོན་གང་ཡོད། ངས་ཕུང་གསུམ་པ་དང་། བོན་པོའི་ལོ་རྒྱུས་རྫུན་མ་ལ་སྐྱོན་འདོགས་བྱས་པ་ལས། དགེ་འདུན་སྡེ་གཉིས་དང་། ཁྱིམ་པ་ཚད་ལྡན་ཚོར་གང་ཡང་བཤད་མེད། ཁྱེད་ཅག་ཕུང་གསུམ་པ་ནི་ཡིན་རྒྱུ་མ་རེད།
དེང་སང་ཨ་དཀོན་བླ་མས་རྒྱ་ནག་ལ་འབྲེལ་བ་བཟུང་བ་དེ་ལ་མི་དགའ་བའི་རྣམ་འགྱུར་སྟོན་མཁན་མང་དུ་འདུག་མོད། འཇོན་མ་འཇོན་ཙམ་ལས་བཙན་བྱོལ་གཞུང་གིས་ཀྱང་འབྲེལ་བ་འཛུགས་པའི་འཆར་གཞི་འདིང་བཞིན་པ་ལས། རྒྱ་ནག་དང་འབྲེལ་བ་གཏན་གཅོད་བྱ་བའི་འདུན་པ་དེ་ཕལ་ཆེར་ཡོད་ཚོད་མ་རེད། ཨ་དཀོན་གྱིས་རྒྱ་ནག་དང་འབྲེལ་བ་བྱས་པ་དེ་ཡང་བོད་ཀྱི་ཐུན་མིན་རིག་གཞུང་སྲུང་བའི་ཆེད་དུ་འབྲེལ་བ་བྱས་པ་ལས། བོད་གཞུང་ལ་མ་དགའ་ནས་མ་རེད་ལ། རྒྱ་ནག་ལ་དགའ་དྲགས་ནས་གང་ཡང་མ་རེད།
ཨོ་ཉི། གལ་སྲིད་ཁྱོད་ཀྱིས་ཨ་ཀོང་རིན་པོ་ཆེའི་སྐོར་ལ་ “ཕྱོགས་གཅིག་ནས་ཡི་རང་དང་། ཡིད་སྨོན་འཆོར་ནས་ཡིན། ཕྱོགས་གཅིག་ནས་སྙིང་རྗེ་དང་། ཤ་ཚ་ནས་བྲིས་པ་ཡིན” པ་བདེན་ན། རྩོམ་ཡིག་འདིའི་ཞབས་མཆན་དུ། “ཕུང་གསུམ་པ་དང་། བོན་པོའི་ལོ་རྒྱུས་རྫུན་མ” སོགས་ཀྱི་སྐོར་གླེང་བ་འདི་ “ཕྱོགས་གསུམ་པ་” ཞིག་ཏུ་མཆེད་བཞིན་འདུག་ཅེས་ཨ་ཀོང་རིན་པོ་ཆེ་ལ་ཤ་ཚ་ནས་ཁྱོད་ལ་གསལ་འདེབས་ཞིག་བྱའོ།།
ཨོ་ཉི། ཡང་ངས་ཁྱོད་ལ་གསལ་ཞིག་འདེབས། ཨ་ཀོང་རིན་པོ་ཆེ་དང་རྒྱ་ནག་གཞུང་། བཙན་བྱོལ་བོད་གཞུང་བཅས་གསུམ་བར་གྱི་འབྲེལ་བ་དེ་ནི་ངས་གོང་དུ་སྤྱི་ཚོགས་ཐོག་བགྲོ་གླེང་བྱེད་དགོས་པ་ཞིག་འདུག་ཅེས་བཤད་པ་དེའི་ཆ་ཤས་ཤིག་ཡིན། གོང་དུ་མི་ཞིག་གིས་ “བུ་ཕ་ཡིས་མི་བསྟོད་དགྲ་ཡིས་བསྟོད” ཅེས་གཏམ་དཔེ་ཞིག་ཁྱོད་ཀྱི་ཐོག་ལ་དྲངས་ཡོད་པ་ལྟར། ཨ་ཀོང་རིན་པོ་ཆེ་རྒྱ་དགའ་ཞིག་ཡིན་མིན་ནི་མི་གཞན་གྱིས་གསལ་བཤད་དང་བགྲོ་གླེང་བྱས་ན་ཡག་གི་རེད་དེ། ད་སྔ་དྲྭ་ཐོག་འདི་ན་དེ་ལྟར་བགྲོ་གླེང་བྱེད་མཁན་ཞིག་དཀོན་ཚད་དུ་གདའ། དེ་བས་སྤྱང་ཀིའི་རྣ་ལ་ཆོས་བཤད་ཀྱི་ངལ་བ་དེ་མ་བསྟེན་ན་མི་དགའ་འམ།
ཚེ་སྲོག་རང་མི་རིགས་ཀྱི་ལག་འོག་ཏུ་ཤོར་བའི་ཨ་ཀོང་རིན་པོ་ཆེ་མཆོག་གིས་ལོ་མང་རིང་བོད་དང་བོད་མིའི་གཙོས་ཉམས་ཐག་རྣམས་ལ་རོགས་སྐྱོར་ཚད་མེད་གནང་བ་དགའ་མགུ་དང་ཡིད་རངས་ཞུ་མ་ཐུབ་ནའང་དེ་འདྲའི་མཛད་རྗེས་ཅན་གྱིས་མི་ཞིག་སྐུ་སྲོག་ཤོར་བར་བློ་ཕམ་བྱེད་རྒྱུའི་ཚབ་ཏུ་ཁ་རྡུང་གནང་བ་ནི་ཤིན་ཏུ་མི་འོས་པ་ཞིག་མཐོང་། འོག་ཏུ་༧གོང་ས་མཆོག་གི་བཀའ་སློབ་ཞིག་དྲངས་ཡོད།
གངས་ཅན་པ་རྣམས་འཕགས་མཆོག་ཐུགས་རྗེ་ཆེན་པོའི་འདུལ་ཞིང་དུ་གྱུར་པའི་དྲིན་ལས་བྱམས་བརྩེའི་བསམ་བློ་དང་འབྲེལ་བའི་ཡ་རབས་བཟང་སྤྱོད་གི་གོམས་གཤིས་བཟང་པོ་དམིགས་བསལ་ཞིག་མི་རབས་རྒྱུན་ཆགས་སུ་ཡོད་པ་ཡིན། འོན་ཀྱང་བར་སྐབས་ནས་རང་ཡུལ་ནང་བློ་ཡུལ་དུ་མི་ཤོང་བའི་དཀའ་སྡུག་སྣ་ཚོགས་ཤིག་བྱུང་བ་དང་། ལྷག་པར་སྔ་དུས་དང་མི་འདྲ་བར་དེང་སང་ཞིང་འབྲོག་ཐོན་སྐྱེད་འགན་གཙང་ཞེས་ཡུལ་གྱི་རྩྭ་ས་བདག་སྐྱོང་དུད་ཁྱིམ་དང་། སྡེ་ཚན་ཆུང་ངུ་ཁག་མང་ལ་བགོས་པའི་དབང་གིས་འབྲི་གཡག་དང་། བ་གླང་། ར་ལུག་སོགས་ཕྱུགས་རིགས་འཚོ་སྐྱོང་དང་། དབྱར་རྩྭ་དགུན་འབུ་རྐོ་སྐབས་སོགས་ཀྱི་དུས་སུ་ཕན་ཚུན་ས་མཚམས་བརྒལ་རེས་ཕྲན་བུ་ལ་བསྙད་དེ་བསམ་མེད་དོན་མ་གོ་འགའ་ཞིག་ནས་བོད་མི་རིགས་ཤ་ཁྲག་གཅིག་གྱུར་གྱི་ལ་རྒྱར་ཇི་མི་སྙམ་པར་ལམ་སང་གྲི་མེ་མདའ་ལ་འཆང་ནས་ལག་འགྱོགས་རྒོལ་འཛིངས་བྱེད་ལུགས་གོ་ཐོས་ཡོང་གི་ཡོད་པ་བཞིན། ད་ལམ་ཡང་ས་ཁུལ་འགའ་རེར་དབྱར་རྩྭ་དགུན་འབུ་རྐོ་ཡུལ་ས་ཆའི་ཐོག་ནས་རྩོད་རྙོག་ལྷགས་ཏེ་ཡུལ་ལུང་ཤོག་བསྒྲིལ་གྱི་ཛ་དྲག་ཉེན་ཁའི་གནས་ཚུལ་ཡོད་གནས་ཐོས་པར་བློ་ཕམ་བྱུང་། འཚེ་བའི་ལས་ནི་མཆོག་གསུམ་སྐྱབས་སུ་བཟུང་ཞིང་། འདི་ཕྱིའི་ལས་འབྲས་ཁས་ལེན་མཁན་ནང་པ་སངས་རྒྱས་པའི་ལྟ་སྤྱོད་དང་ཡོངས་སུ་འགལ་བ་དང་། ཡང་སྒོས་ངོས་ནས་བོད་གངས་ཅན་གྱི་ལྗོངས་འདི་འཚེ་མེད་ཞི་བའི་མི་སྡེའི་སྤྱི་ཚོགས་ཤིག་བསྐྲུན་ཆེད་འབད་བརྩོན་བྱེད་མུས་སུ་ཡོད་པ་འདི་དང་མི་མཐུན་པ་ཤེས་གསལ་ཡིན། དེས་ན་བོད་མི་རིགས་ཀྱི་ཞབས་འདྲེན་དུ་འགྲོ་གཞིའི་ཐབས་སྡུག་གི་བྱ་བ་དེ་རིགས་འཕྲལ་དུ་མཚམས་འཇོག་བྱེད་དགོས་ཞེས་ཤ་ཚ་བཟོད་མེད་ཀྱི་རེ་སྐུལ་བྱེད་བཞིན་ཡོད། སླད་ཀྱང་གནས་ཚུལ་དེ་རིགས་སྐབས་འཕྲལ་སོ་སོར་འདུམ་འགྲིག་ཡོང་ཐབས་སུ་སེར་སྐྱ་བསམ་ཡོད་མྱོང་ཅན་ཚང་མས་ཕན་ཚུན་གཉིས་ཀར་མ་ལན་མ་འགྱོད་པའི་བསླབ་བྱ་ནན་བསྐྱེད་བྱེད་གལ་ཆེ་བའི་གཞེན་བསྐུལ་སྐྱབས་སྨོན་བཅས། ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ཏཱ་ལའི་བླ་མས། རབ་བྱུང་བཅུ་བདུན་པའི་ཆུ་སྦྲུལ་ཟླ་ ༤ ཚེས་ ༢༦ ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༤ ལ། །
རང་ཕུང་གསུམ་པ་ཞིག་ནམ་གཞན་ཕུང་སུམ་པ་ཞིག་ཡིན། རང་ཕྲག་དོག་རང་རྒྱལ་གྱིས་མྱོས་པའི་མི་རྫུན་མ་ཞིག་ནམ་གཞན་གྱི་ལོ་རྒྱུས་རྫུན་མ་ཡིན།
ཧཧཧཧ་ད་ངོ་ཚ་མ་འཇུག་ཨོ་ཉི་ལགས། བོན་པོ་བོན་པོ་ཟེར་ནས་སེམས་པ་སྡུག་གི་ཁེངས་དུས། རང་སྐྱོན་ཡོད་དོ་ཅོག་ཕྱི་ལ་དོན་འགྲོ་གི་ཡོད་པའི་རྟག་རེད།
ལོ་རྒྱུས་རྫུན་བཟོ་སུ་དང་སུས་བྱས་ཡོད་མེད་བློ་གཟུར་བོར་གནས་པའི་གོས་ས་མཆོག་གཙོས། ནམ་མཁའི་ནོར་བུ། ཚ་བ་མདའ་སྨྱུག་སོགས་བན་དེའི་མཁས་དབང་
མང་དག་ཞིག་གི་གཅིག་རྗེས་གཉིས་མཐུད་ཀྱི་གསུང་འདུག་བ། ལྟ་བའི་མིག་ལོང་ཉན་པའི་རྣ་བ་འོང་སོང་བ་འདྲ་མ་གཏོགས། གཞན་ཚང་མས་མ་གོ་མ་ཐོས་
མེད་པར་ཁྱབ་བསྒྲགས་བྱས་འདུག་བ།
གོང་ས་མཆོག
སྟོན་པའི་དམ་ཆོས་རྣམ་གཉིས་སྟེ།། ལུང་དང་རྟོགས་པའི་བདག་ཉིད་དོ།།
ཨ་ཀོང་ལོ་རྒྱུས་བདེན་པ།
ཀཾ་ཚང་བསྟན་པའི་སྒོར་ཞུགས་སྤྲུལ་མིང་ཐོབ།།
ཆོ་ག་ཆོས་སྤྱོད་སྤྱི་ལ་གང་ནུས་འབད།།
རྒྱ་དམར་གནོད་པས་རྒྱ་གར་ཡུལ་དུ་བྲོས།།
བསམ་བློས་ན་འཕར་དབྱིན་ཡུལ་གཞི་བསྡད་ཆགས།།
ཆོས་རྒྱམ་དྲུང་པའི་རྒྱུ་ནོར་དཔུང་གིས་འཕྲོགས།།
ཉེས་མེད་སྙོན་འཛུགས་ཨ་རིའི་ཡུལ་དུ་འབྱུགས།།
ཉིན་མོ་ལས་ཀར་མཚན་མོ་འཁྲིག་ཆོས་ཀྱིས།།
ཆོས་ཚོགས་རོགས་པ་མགོ་སེར་ལག་ནས་ལོན།།
བཙན་བྱོལ་བོད་ལ་རྒོལ་བའི་མི་ངན་ཞིག།
རྒྱ་ནག་རྐུབ་ལ་བརྡག་པའི་བླ་བཙོང་ཞིག།
སི་ཞྭ་ཁྲག་བཞིན་དཀྲུགས་པའི་ཏེ་བོ་ཞིག།
འཇིག་རྟེན་འཁོར་བ་སྒྲུབ་པའི་ནག་ཚོང་པ།།
ལྷ་བཟོར་གླ་རིན་མི་སྦྱིན་ཁྲམ་པ་འདྲ།།
འོན་ཁྱང་ལེགས་ཆ་ཅུང་ཙམ་ཡོད་པ་ཡིན། །
བལ་ཡུལ་རྒྱ་ནག་ཡུལ་ལ་སློབ་ཆུང་གི།།
འགྲོ་གྲོན་ཉུང་ཉུང་གཏོང་བའི་སྦྱིན་བདག་ཅིག།
སྐུ་གསུང་ཐུགས་རྟེན་བཙོང་པའི་ཚོང་ཆེན་ཞིག།
རྒྱུ་རྙིང་དཔེ་མཛོད་ཡོད་པའི་སྟོབས་ཆེན་ཞིག།
གསར་ཁང་རྫིག་པོ་ཡོད་པའི་རྒྱུ་ཆེན་ཞིག།
གཅེས་སྲོག་དངུལ་ལ་བརྗེ་བའི་གཤིན་པོ་དེ།།
བདེ་བ་ཅན་སྐྱེ་བར་གསོལ་བ་འདེབས། །
གོ་ཚོད་མཐོང་ཐོས་ཤེས་པར་བྲིས་པའོ། །
མཆན་བཅུ་དྲུག་པ་ལགས། ཞལ་རྫུན་མ་གསུངས་རོགས་གནང་། ཨ་ཀོང་སྤྲུལ་སྐུས་ཁམས་ནང་གི་བོན་དགོན་ཚོར་རོགས་རམ་གནང་ཡོད་མེད་ཚང་མས་ཤེས་གསལ་རེད། ལྷག་པར་སྟེང་ཆེན་ཁུལ་གྱི་དགོན་པའི་སྐུ་ཚབ་ཁྲིན་ཏུར་སྐད་བཏང་རབས་སོགས་རྒྱུས་མེད་སྔོན་ལ་རྫུན་གཏམ་འདི་འདྲ་ཤོད་དགོས་དོན་གང་ཡིན་ནམ། ཁྱེད་ཀྱི་གཏམ་འདི་ལ་བརྟེན་ནས་ཨོ་ཉིས་རྫུན་གཏམ་གཉིས་རྩེགས་སུམ་རྩེགས་བྱེད་སྲིད་པས་དྲ་འབུ་ཚོས་ཀྱང་ཐུགས་སྣང་ཡོད་པ་ཞུ། གང་ལྟར་ངས་ཀྱང་ཨ་ཀོང་མཆོག་གིས་བོད་ནང་ལ་འགྲོ་སོང་ཕོན་ཆེན་བཏང་གནང་བར་ཡིད་རང་དང་། ཁོང་གཤེགས་སོང་བར་སེམས་ཕམ་བྱེད་བཞིན་ཡོད།
ཧ་ཧ་ཧ!! ཨོ་ཉི་ཟེར་བའི་ཤེས་མེད་ཇབ་ཆུང་འདིས་ཨ་ཀོང་འདས་པོའི་རྣམ་ཤེས་ཀྱི་རྐང་པ་ནས་མར་འཐེན་གི་ཡ།
ད་ངོ་མར་མི་ཁོ་ལ་ཤེས་བྱེད་དང་འཇོན་ཐང་སྣེ་ཅིག་མི་འདུག
ཅིག་བྱེད་དགོས་པ་ཤེས་བྱེད་སྟངས་མི་ཤེས་མཁན།
ཤི་བླ་རྡུང་མཁན་རང་རེད། ངོ་མ་ཤི་བླ་མཁན་རེད། དཀོན་མཆོག་གསུམ་ལ་ཚད་འཛུགས་ཤི་བླ་རྡུང་མཁན་ཁོ་ན་རེད།
ཨ་ཁ་ཁ་མི་ཁྱོད་ངོ་མ་ཤི་བླ་རྡུང་མཁན་རེད།
ཁྱོད་ཤ་ཚ་དེ་འདྲའི་ཤེས་མེད་ཅིག ངོ་མ་ཤ་ཚ་ཡ།
ངས་ཨ་དཀོན་བླ་མའི་ལོ་རྒྱུས་ཅུང་ཙམ་ཤེས་རྟོགས་ཡོད་པས་གྲ་གྲོགས་རྣམས་ནས་གསན་གནང་ཡོད་པར་ཞུ།
གོང་གི་ཨོ་ཉིས་བཤད་པ་ནང་བཞིན་ཞིག་ཡིན་པ་བདེན་པར་འཛིན་དཀའ་བ་ཞིག་བྱུང། གང་ཡིན་ཟེར་ན་ཨ་དཀོན་བླ་མ་སྔོན་ང་ཚོའི་ལུང་པར་སླེབ་སོང། སྟེང་ཆེན་རྫོང་གི་ཉེ་འཁྲིས་ཐང་ཆུང་ཞིག་ཡོད་དེར་ཉིན་བདུན་ཙམ་བསྡད་སོང། ཁོང་ལ་གཟིམས་གུར་ཞིག་འདུག་དེའི་ཕྱི་ངོས་སུ་རྫི་དཔར་གྱི་ཚེམས་དྲུབས་རི་མོའི་རྒྱན་པ་ཞིག་དང། གཞན་འཁོར་གཡོག་ཁག་འདུག་སར་དཔའ་ཀྲའི་རི་མོའི་རྒྱན་པའི་གཟིམས་གུར་རེད་འདུག། གུར་གི་ཕྱི་རོལ་ལ་ཡང་ལྕགས་རི་ཞིག་འདུག་དེས་ངོས་སུ་རྟགས་བརྒྱད་མཛེས་རིས་ཀྱི་རྒྱན་འདུག། ཁོང་རྒྱུ་ནོར་ཆེ་བའི་བླ་མ་ཞིག་དང་བཙན་བྱོལ་གཞུང་ལ་འགལ་བ་ཆགས་པ་རེད་ཟེར་ནས་སྐད་གྲགས་འབྲུག་གྲགས་གྲགས་བྱས་སོང། གུར་གི་ནང་དུ་འཕྲུལ་མདའ་ལྔ་དྲུག་ཙམ་གོ་ཚོམ་བྱས་ནས་བཞག་འདུག། དེ་དག་ལ་རྒྱ་ནག་གི་དོ་དམ་གང་ཡང་བྱེད་ཀྱི་མི་འདུག། བཟའ་ཆས་སྦྱོར་སའི་སྣོད་ཆས་དག་ཁྲུ་དུས་ཁྲུས་རྩམ་འདེབསནས་ཁྲུ་གི་འདུག། དེ་དུས་དུས་ཚོད་ཅུང་སྔ་མོ་ཡིན་དུས་མི་ཚོའི་དེ་འདྲའི་སྟོབས་ཆེ་བ་ལ་ཟེར་ནས་ཧ་ལས་ཀྱི་འདུག་རང་ཡང་ཧ་ལས་སོང། ཁོང་གི་སྐྱག་གཅིན་གཏོང་དུས་ཀུབ་སྟེག་དཀྱིལ་ནས་མིག་ཡོད་པ་ཞིག་འདུག་དེའི་ཐོག་འདུག་ནས་གཏོང་བ་ལས་ནམ་རྒྱུན་ང་ཚོ་ནང་བཞིན་སྡོད་ཐུབ་ཅི་མི་འདུག། དེ་ནི་ཤ་རྒྱག་པ་ཞིག་འདུག་དེས་ཡིན་ས་རེད། ང་ཚོའི་རྫོང་ནང་ང་དང་ཤིན་དུ་འདྲིས་འབྲེལ་ཆེ་བའི་རྫོང་གི་བདེ་སྲུང་མགོ་དཔོན་་་་ད་ལུ་ཟེར་བ་་་་ཞིག་དང་གཞན་ཁྲིམ་དཔོན་་་་ཕུན་ཚོགས་་་ཟེར་བ་ཞིག་ཡོད། ཁོང་གཉིས་ནི་ང་ཚོའི་དགོན་པར་ཤིན་དུ་འདྲིས་འབྲེལ་ཆེ། ཁོང་གཉིས་ཀྱི་བརྗོད་པ་ལྟར་ན་ཨ་དཀོན་བླ་མ་ནི་ལྟ་ལིས་བླ་མ་ལ་ངོ་ལོག་བྱས་ནས་བློ་དཀར་སེམས་དཀར་གྱི་རང་རྒྱལ་ལ་ཕྱིར་ལོག་ཡོང་བ་ཞིག་ཡིན་པས། རྫོང་གི་བདེ་སྲུང་མི་སྣས་ཁོང་གི་བདེ་འཇག་ལ་ལྟ་སྲུང་ནན་མོ་བྱེད་དགོས་པ་དང།
ཡང་དོག་གཞི་ཞིག་ལ་ཁོང་གི་ཀྲུང་གོའི་གནའ་བོའི་རིགས་དངོས་རྩ་ཆེན་དག་ལྐོག་ཚོང་བྱེད་ཀྱི་ཡོད་དེར་ལྟ་དཔྱད་བྱེད་དགོས་ཚུལ་སོགས། ཆབ་མདོ་སྤྱི་བདེ་ཅུས་ནས་བཀའ་ཕེབས་བྱུང་ཚུལ་ཤོད་ཀྱི་འདུག། ང་ཚོའི་ལུང་པར་ཨ་དཀོན་བླ་མ་ཡོང་དགོས་དོན་ཁོང་གི་གཉེན་ཉེ་ཐུག་འཕྲད་ལ་སླེབ་འདུག། ངས་ཤེས་གསལ་ལྟར་ན་ཨ་དཀོང་བླ་མའི་ལོ་རྒྱུས་དེ་འདྲ་རེད་འདུག། ཁོང་ལ་སྐྱོན་ཁོ་ན་ལས་དགེ་མཚན་མེད་པ་ཞིག་ག་ལ་ཡིན། དགེ་མཚན་ནི་གོང་ནས་གོང་བཟང་ཞིག་ལོས་ཡོད།
ང་ཤེས་མེད་ཅབ་ཆུང་ཡིན་དུ་ཆུག་མོད། ཨ་དཀོན་སྤྲུལ་སྐུ་ལ་དོན་མེད་བསྐུར་འདེབས་མ་གནང་ན་ལེགས་པར་སེམས། ཁོང་ནི་གོང་ས་མཆོག་ལ་ཁ་ཞེ་གཉིས་མེད་ཀྱི་དད་པ་ཡོད་མཁན་ཞིག་དང་། བོད་མི་རིགས་ལ་སེམས་གཏིང་ནས་དུང་བ་ཡོད་མཁན་ཞིག་རེད། ཁོང་འདས་འགྲོ་དུས་ཆོས་བརྒྱུད་རིས་མེད་དང་། བོན་པོ་ཚོས་ཀྱང་འདས་མཆོད་སྒྲུབ་སོང་། ཁོང་རྒྱ་ནག་དང་འབྲེལ་བ་ཡོད་པ་ཚང་མས་ཤེས་གསལ་ལྟར་རེད་ལ། དེ་ཙམ་གྱིས་ཐབས་རྡུག་ཡིན་ན། འཛམ་གླིང་གི་སྐྱེ་འགྲོ་ཕལ་ཆེ་བ་ཐབས་རྡུག་ཏུ་ལྟ་མི་དགོས་སམ། གང་ལྟར་ཡང་ཁྱེད་ཅག་དྲ་འབུ་ཚོས་ཨ་དཀོན་སྤྲུལ་སྐུའི་བ་སྤུའི་གོང་བུ་ཙམ་ཡང་བསྡུར་མི་ནུས་ན། དོན་མེད་སྨད་ར་མ་གཏོང་ན་ལེགས།
ལྷ་སའི་དུས་སྟོན་ཐོག་”ཨ་དཀོན་རིན་པོ་ཆེས་དོན་ཚན་ལྔ་རེ་རེ་བཞིན་ལན་འདེབས་དང། གཙོ་ཆེ་ཤོས་དོན་ཚན་མཐའ་མ་དེར་ཁོང་གིས། ང་བོད་པའི་བླ་མ་ཆུང་ཆུང་ཞིག་གི་མིང་ཁུར་ནས་ལས་ཀ་བྱེད་མཁན་ཞིག་ཡིན་པའི་ཆ་ནས། ༧གོང་ས་མཆོག་ལ་མཚན་སྨད་སྐུར་འདེབས་ཞུ་རྒྱུ་དང། སྐྱག་རྫུན་ཤོད་རྒྱུའི་རིགས་དེ་ངས་ད་བར་བྱེད་མ་མྱོང། མ་འོངས་པར་ཡང་ངའི་མི་ཚེའི་ནང་རྩ་བ་ཉིད་ནས་བྱེད་རྩིས་མེད་”ཅེས་ཀྲུང་གོའི་རྒྱལ་ཡོངས་ཀྱི་མི་སྣའི་ཁྲོད་དེ་ལྟར་གསུང་ཕོད་པའི་སྙིང་སྟོབས་ཅན་ཞིག་གིས་གོང་ས་མཆོག་ལ་ངོ་ལོག་བྱ་སྲིད་དམ། ཁོང་གིས་ནམ་རྒྱུན་ནས་རྒྱ་ནག་གི་ལས་བྱེད་རྣམས་ལ་ཁོང་ཆོས་ཀྱི་ཐད་ནས་༧གོང་ས་མཆོག་དང་འབྲེལ་བ་ཡོད་པ་དང་། གོང་ས་མཆོག་ལ་དད་པ་ཡོད་ཚུལ་གསུང་མཁན་ཞིག་རེད། ཁྱེད་ཚོ་ནང་བཞིན་དྲ་འབུ་ཁ་ནག་རང་གིས་གང་ཡང་མི་འཇོན་བཞིན། གཞན་ལ་ཁ་ཁོ་ན་གཏོང་ནས་འདུག་མཁན་དེ་འདྲ་མ་རེད།