ལེའོན་ཝེར་ཐི་ལ།
ངས་དཔེ་དེབ་འདི་མི་ཆེ་བ་ཞིག་ལ་འབུལ་གྱི་ཡོད་པར་བརྟེན། བྱིས་པ་རྣམས་ལ་དགོངས་སེལ་ཞུ་གི་ཡོད། རྒྱུ་མཚན་གཙོ་བོ་ནི། མི་ཆེ་བ་འདི་ནི། འཇིག་རྟེན་འདིར། ངའི་གྲོགས་པོ་ཡག་ཤོས་དེ་ཡིན། ང་ལ་རྒྱུ་མཚན་གཞན་ཞིག་ཀྱང་ཡོད། མི་ཆེ་བ་འདིས་ཚང་མ་ཤེས་གི་ཡོད་པ་རེད། ཐ་ན་བྱིས་པའི་དཔེ་དེབ་ཀྱང་གཅིག་པ་རེད། ངའི་རྒྱུ་མཚན་གསུམ་པ་ནི། མི་ཆེ་བ་འདི། ཧྥ་རན་སི་ལ་བསྡད་ཡོད་པ་དང་། དེར་ཁོང་ལྟོགས་ཤིང་འཁྱགས་ཀྱི་ཡོད་པ་རེད། ཁོང་ལ་སེམས་གསོ་ཞིག་ཧ་ཅང་མཁོ།
གལ་སྲིད། དགོངས་སེལ་གྱི་རྒྱུ་མཚན་འདི་དག་གིས་འདང་གི་མེད་པ་ཡིན་ན། ངས་དཔེ་དེབ་འདི། བྱིས་པ་ཞིག་ལ་འབུལ་གྱི་ཡོད། བྱིས་པ་གང་དེ་ནི། འདས་པའི་དུས་སུ་མི་ཆེ་བ་དེ་རེད། མི་ཆེ་བ་ཚང་མ། དང་ཐོག་བྱིས་པ་རེད། (ཡིན་ནའང། ཉུང་ཤས་ཤིག་ཁོ་ནས་དྲན་གྱི་ཡོད་པ་རེད།) དེར་བརྟེན། ངས་འབུལ་ས་དེ། ལེའོན་ཝེར་ཐི་བྱིས་པའི་སྐབས་སུ། ཞེས་སྒྱུར་བཅོས་གཏོང་གི་ཡིན།
ལེའུ་དང་པོ།
ང་ལོ་དྲུག་ཡིན་པའི་སྐབས་ཤིག་ལ། སྒྲུང་ངོ་མ་ ཟེར་པའི་གདོན་མའི་ཤིང་ནགས་སྐོར་གྱི་དཔེ་དེབ་ཅིག་ནང་། རི་མོ་ཡ་མཚན་ཆེན་པོ་ཞིག་མཐོང་། དེ་ནི། སྦྲུལ་ཆེན་པོ་(boa)ཞིག་གིས། སྲོག་ཆགས་ཆུང་ཆུང་ཞིག་ཁྱུར་མིད་གཏོང་གི་ཡོད་པ་དེ་རེད། རི་མོ་དེ་འདི་རེད།
དེབ་ནང་། ་་སྦྲུལ་དེས། ཁ་ཟས་ཀྱི་སྲོག་ཆགས་དེ། མ་བལྡད་པར་རིལ་བོར་མིད་རྗེས། ཟླ་དྲུག་ལ་གཡོ་འགུལ་མང་པོ་བྱེད་མི་ཐུབ་པར། གཉིད་ནས་ཞུ་ཞུ་བར་སྡོད་པ་རེད།་་
ང་ནགས་ཚལ་ནང་ལ། ལྟ་སྐོར་དང་། འཚོལ་ཞིབ་ལ་འགྲོ་རྒྱུར། བསམ་བློ་མང་པོ་བཏང་བ་ཡིན། ཡག་པོ་བྱུང་བ་ནི། ངས་ཚོན་ལྡན་ཞ་སྨྱུག་གིས་རི་མོ་ཐོག་མ་དེ་བྲིས་། ངའི་རི་མོ་ཨང་ཀི ༡ ནི། འདི་འདྲ་ཞིག་ཡིན།
ངས་ངའི་རི་མོ་ཡག་ཤོས་འདི། མི་ཆེ་བ་ཚོར་བསྟན་ཞིང་། ངའི་རི་མོ་ཡིས་ཁོང་ཚོར་སྐྲག་སྣང་སློང་
གི་ཡོད་མེད་དྲིས་པར། ཁོ་ཚོས་ལན་དུ། ་་ཞྭ་མོ་ཞིག་གིས། ཁོང་ཚོར་སྐྲག་སྣང་སློང་ཅི་ལ་ཐུབ་་་ ཟེར།
ངའི་རི་མོ་ནི་ཞྭ་མོ་ཞིག་མིན། དེ་ནི། སྦྲུལ་ཆེན་པོ་ཞིག་གིས། ཁོག་པའི་ནང་གླང་ཆེན་ཞིག་ཞུ་རུ་འཇུག
གི་ཡོད་པ་རེད། ངས་མི་ཆེ་བ་ཚོས་ཤེས་ཐུབ་པའི་ཆེད། སྦྲུལ་གྱི་ཁོག་ནང་བྲིས་པ་ཡིན། ཁོང་ཚོར། ནམ་ཡིན་ན་ཡང།
འགྲེལ་བཤད་བྱེད་དགོས་ཀྱི་འདུག
ངའི་རི་མོ་ཨང་ཀི ༢ ནི། འདི་འདྲ་ཞིག་ཡིན།
མི་ཆེ་བ་ཚོས། སྦྲུལ་གྱི་རི་མོ་དེ། ནང་ཡིན་ནའང་འདྲ། ཕྱི་ཡིན་ན་འདྲ། དེ་ཟུར་དུ་ཞོག་ལ། དེ་ལས་ས་རྒྱུས་དང་། ལོ་རྒྱུས། རྩིས།
བརྡ་སྤྲོད་རིག་པ་བཅས་ལ་དགའ་མོས་མང་བ་བྱོས་ཟེར་
ནས་ང་ལ་སློབ་སྟོན་གནང་སོང་། དེ་ལྟར། ངས་རྒྱ་ཆེ་བའི་རི་མོའི་ལས་ཀ་འདི། ང་ལོ་དྲུག་གི་ཐོག་མཚམས་འཇོག་དགོས་བྱུང་ ། ངའི་རི་མོ་ཨང་ཀི ༡ དང་། ངའི་རི་མོ་ཨང་ཀི ༢ གཉིས་ལེགས་འགྲུབ་མ་བྱུང་བས། ང་སེམས་ཤུགས་ཆགས་སོང་། མི་ཆེ་བ་ཚོས། ཁོང་
རང་ཚོ་ཁེར་རྐྱང་ལ་དོན་དག་གང་ཡང་ཤེས་ཀྱི་མེད་པ་རེད། རྟག་པར། ཁོང་ཚོར་འགྲེལ་བཤད་
རྒྱག་དགོས་པ་དེ། བྱིས་པ་ཚོར་མཚོན་ན། ཐང་འཆད་པའི་ལས་ཀ་ཞིག་རེད།
དེ་ནས། ངས་ལས་རིགས་གཞན་པ་ཞིག་འདེམས་ཏེ། གནམ་གྲུའི་ཁ་ལོ་བ་སྦྱངས་པ་ཡིན། ང་འཛམ་གླིང་གི་ཕྱོགས་གང་སར་ཅུང་ཟད་ཕྱིན་པ་ཡིན། བདེན་པ་རེད། ངས་ས་རྒྱུས་ཤེས་པར་དེས་ཕན་ཐོགས་སོང་། ངས་མཐོང་ཙམ་ཉིད་ཀྱིས་རྒྱ་ནག་དང་ཨ་རི་ཛོ་ན་གཉིས་
ཀྱི་ཁྱད་པར་ཤེས་ཀྱི་ཡོད། གལ་སྲིད་ང་ཚོ་དགོང་མོར་ལམ་ནོར་བ་ཡིན་ན། དེ་ཕན་ཐོགས་ཆེན་པོ་རེད།
འདི་ལྟར། ངའི་མི་ཚེའི་ནང་ལ། ངས་མི་གལ་ཆེན་པོ་མང་པོར་ཐུག་པ་དང་། མི་ཆེ་བ་ཚོའི་མཉམ་
སྡོད་རྒྱུ་བྱུང་། ཁོང་ཚོ་ཐག་ཉེ་ས་ནས་མཐོང་། ཡིན་ནའང་། དེས་ངའི་བསམ་ཚུལ་ལ་ཕན་
ཐོགས་མ་སོང་།
ང་མི་སྤྱང་མདོག་ཁ་པོ་དེ་འདྲར་ཐུག་སྐབས། ངས་རྟག་པར་མཉམ་་ཅིག་ཏུ་ཉར་བའི་རི་མོ་༡ དེས། ཁོང་ཚོར་ཉམས་ཚོད་ལེན་གྱི་ཡོད། ངས་ཁོང་ཚོས་དངོས་གནས་དེ་ཤེས་གི་ཡོད་མེད་ཧ་གོ་དགོས་ཀྱི་འདུག ཡིན་ན་ཡང་། ཁོང་ཚོས་རྟག་པར། ་་དེ་ཞྭ་མོ་ཞིག་རེད་་ ཟེར་ནས་ང་ལ་ལན་འདེབས། དེར་བརྟེན། ངས་ཁོང་ཚོར་སྦྲུལ་ཆེན་པོ་དང་། གདོད་མའི་ནགས་ཚལ། སྐར་མའི་སྐོར་ཁ་བརྡ་བྱེད་ཀྱི་མེད། ངས་ཁོང་ཚོའི་ཚད་དང་བསྟུན་པ་བྱས་ནས། ཏག་སེའི་རྩེད་མོ ། (bridge) སྤང་རྩེད་སྤོ་ལོ། (golf) སྲིད་དོན། སྐེ་མདུད། (ties) བཅས་ཀྱི་སྐོར་ཤོད་ཀྱི་ཡོད། མི་ཆེ་བ་ཚོ་ཡང་མི་བསམ་ཤེས་ཞིག་དང་
ཐུག་པར་དགའ་བོ་བྱུང་སོང་།
ཚིག་གྲུབ་ཐུང་ཐུང་དུ་བསྒྱུར་བ་དེས་ཕན་འདུག འོན་ཀྱང་ད་དུང་བློ་ཁོག་ཆེ་ཙམ་གནང་དགོས་ས་རེད། འུར་བཤད་ཀྱི་ཉམས་ཏོག་ཙམ་དགོས་ས་རེད་སྙམ། མ་ཡིག་མཉམ་དུ་བཀོད་ན་བསམ་ཚུལ་འདོན་པར་ཕན།
མགོན་ཕྱག་ལགས། ཁྱེད་ནས་མཁས་དབང་ཚོས་དགོངས་འཆར་གནང་རོགས་ལབ་འདུག ང་ནི་གཙུག་ལག་སློབ་གཉེར་ཁང་གི་སློབ་མ་ཞིག་ཡིན། སྐུ་མཁྱེན། ངས་ཀྱང་ཅུང་ཙམ་བཤད་ན་འདོད། འགྱུར་དེའི་མ་རྩོམ་དབྱིན་ཡིག་ཏུ་ཡོད་པ་དེ་ངེད་ཀྱིས་འཁྱུག་ཙམ་བལྟས་བ་ཡིན། ཧྤ་ཡིག་ངས་མི་ཤེས། གཤམ་དུ་བཀོད་པའི་འགྱུར་འདི་དག་ལ་བསྐྱར་དུ་བསམ་བློ་གཏོང་རྒྱུ་ཞིག་འདུག་དྲན།
དང་པོ།
སྒྲུང་ངོ་མ། ཟེར་བའི་གདོད་མའི་ཤིང་ནགས་སྐོར་གྱི་དཔེ་དེབ་ཅིག་ནང་།
གཉིས།
“སྤྲུལ་དེས། ཁ་ཟས་ཀྱི་སྲོག་ཆགས་དེ། མ་བལྡད་པར་རིལ་བོར་མིད་རྗེས། ཟླ་དྲུག་ལ་གཡོ་འགུལ་མང་པོ་བྱེད་མི་ཐུབ་པར། གཉིད་ནས་ཞུ་ཞུ་བར་སྡོད་པ་རེད།”
གསུམ།
མི་ཆེ་བ་ཚོས། ཁོང་རང་ཚོ་ཁེར་རྐྱང་ལ་དོན་དག་གང་ཡང་ཤེས་ཀྱི་མེད་པ་རེད།
བཞི།
ངས་མཐོང་ཙམ་ཉིད་ཀྱིས་རྒྱ་ནག་དང་ཨ་རི་ཛོ་ན་གཉིས་ཀྱི་ཁྱད་པར་ཤེས་ཀྱི་ཡོད།
ལྔ་།
ཁོང་ཚོ་ཐག་ཉེ་ས་ནས་མཐོང་། ཡིན་ན་ཡང་། དེས་ངའི་བསམ་ཚུལ་ལ་ཕན་ཐོགས་མ་སོང་།
གཞན། འགྱུར་གྱི་ཚིག་སྦྱོར་སྤེལ་སྟངས་ཐད། བརྗོད་པ་རིང་པོ་དེ་ཚོ་ཐུང་ངུར་བཏང་བ་དེས། ྐློག་པ་པོས་གོ་བ་ལེན་རྒྱུར་སྟབས་བདེ་རུ་བཏང་ཡོད་མེད་ལ་ཡང་བསམ་བློ་ཞིག་གཏོང་རྒྱུ་འདུག སང་ཉིན་གནངས་ཉིན་ཞིག་ལ་དུས་ཚོད་བྱུང་ན། གོང་དུ་བཀོད་པའི་འགྱུར་རེ་རེའི་སྒང་ལ་ངེད་ཀྱི་བསམ་ཚུལ་རྣམས་བཤད་གི་ཡིན། དེ་ཙམ་ཡིན།
མ་དཔེ་ཧྥ་ཡིག་ཡིན། དབྱིན་འགྱུར་ལས་བོད་འགྱུར་འདི་མ་དཔེ་དང་ཐག་ཉེ་བོ་ཡིན། ཚིག་རེ་ཟུང་རེ་དབྱིན་ཡིག་ལ་བསྟུན་པ་བྱས་པ་ཡིན། ང་ལ་འགྲེལ་བཤད་བྱེད་མཁན་ནས་ཀྱང་བོད་ཡིག་ཅུང་ཟད་ཤེས་ཀྱི་ཡོད་པ་རེད། ངས་བསྒྱུར་ཚར་བ་དང་། བོད་ཡིག་ནང་ཇི་ལྟར་བསྒྱུར་བ་ཕར་འགྲེལ་བཤད་རྒྱག་གི་ཡོད། ཞོར་དུ། དབྱིན་འགྱུར་ལས་བོད་འགྱུར་ཡག་ག་མི་འདུག་གམ་ཟེར་ནས་སྤོར་ཤོབ་ཤོད་ཀྱི་ཤོད་ཀྱི་འགྲོ་གི་ཡོད།
དཔེ་བཞག་ན། མ་ཚིག་ནང་། དོན་ངོ་མར། ཁ་ཕྱེ་ཡོད་པ་ཡིན་ན། ཁ་རྒྱབ་ཡོད་པ་ཡིན་ན། དེ་ཟུར་དུ་ཞོག་ལ་ ཟེར་ནས་བྲིས་ཡོད་པ་རེད། ངས་དབྱིན་ཡིག་ལྟར། ནང་ཡིན་ན་འདྲ། ཕྱི་ཡིན་ན་འདྲ། དེ་ཟུར་དུ་ཞོག་ ཟེར་ནས་བསྒྱུར་བ་ཡིན། ཅུང་ཟད་ཁ་གསལ་ལོས་ཀྱི་ཁྱད་པར་འདུག་བསམ་སོང་།
དང་པོ་དང་གསུམ་པ་གཉིས། མ་ཚིག་དང་འགལ་བ་མེད་བསམ་གི་ཡོད། དབྱིན་ཚིག་ནང་ཚིག་ལྷག་འདྲ་པོ། མ་ཚིག་དང་ཇི་བཞིན་སྦྱར་མི་ཐུབ་པ་དེ་འདྲ་རེད། ཡིན་ནའང་། དོན་དག་གཅིག་པ་རེད།
གཉིས་པའི་ནང་གི། ཁ་ཟས་ཀྱི་སྲོག་ཆགས་(prey)ཟེར་བ་དེར་ང་ལ་བོད་ཚིག་ལན་པོ་ཞིག་རྙེད་མ་སོང་། འདི་རིགས་ལ། ངས་དབྱིན་ཚིག་གུག་རྟགས་ནང་འཇོག་དགོས་བསམས་ཡོད་ཀྱང་ལུས་འདུག
བཞི་བ་དེ། ཨ་རི་ཛོ་ན་ལས་རྒྱ་ནག་ཤེས་ཐུབ་ཟེར་ན་གོ་རྒྱུ་གང་ཡང་མེད་པ་རེད། ཇི་བཞིན་བསྒྱུར་ན། རྒྱ་ནག་དེ་ཨ་རི་ཛོ་ནར་ཡོད་པ་ལྟ་བུ་ཞིག་ལ་གོ་འགྲོ་གི་འདུག འདིར་དབྱིན་ཚིག་དང་ཕ་རན་སིའི་ཚིག་བེད་སྤྱོད་གཏོང་སྟངས་ལོགས་ཀ་རེད། དོན་དག་འབབ་ས་དེ་གཅིག་པ་རེད། ཐེངས་དང་པོར་མཐོང་བའམ་ཐེངས་དང་པོར་མིག་ལ་ཤར་བ་དང་། དེ་གཉིས་གང་གང་ཡིན་མིན་གྱི་ཁྱད་པར་ཤེས་ཀྱི་ཡོད་པའི་དོན་རེད།
ད་ཁ་བརྡ་ཚང་གི་ཟིན་བྲིས་རྣམས་བྱིས་སྒྲུང་གི་ངོ་བོར་འགྱུར་འདུག་གཱ
དེབ་ནང་། ་་སྦྲུལ་དེས། ཁ་ཟས་ཀྱི་སྲོག་ཆགས་དེ། མ་བལྡད་པར་རིལ་བོར་མིད་རྗེས། ཟླ་དྲུག་ལ་གཡོ་འགུལ་མང་པོ་བྱེད་མི་ཐུབ་པར། གཉིད་ནས་ཞུ་ཞུ་བར་སྡོད་པ་རེད།་་ཞེས་པ་ལྟ་བུ་ལ།
དཔེར་ན། ་་་སྦྲུལ་གྱིས། རང་གི་ཁ་ནང་ཡོད་པའི་སྲོག་ཆགས་དེ། བལྡད་མ་བརྒྱབ་པར་རིལ་བུ་མིད་ནས། ཟླ་བ་དྲུག་རིང་ལ། གཡོ་འགུལ་མང་པོ་རང་རྒྱག་མ་ཐུབ་པར། གཉིད་ཉལ་ནས་སྡོད་བགྱིད་ཡོད་རེད། ་་་ཞེས་པ་ལྟ་བུའོ། འདི་ནི། བསྒྱུར་ཟིན་པའི་བོད་སྐད་ཤོད་སླ་རུ་བཏང་ལས་མ་དཔེ་མཐོང་མ་སོང་ལགས།
རྒན་མགོན་ཚེས་བསྒྱུར་བ་དེ་ལེགས་ཆ་ཆེ་སྙམ། སྒྲུང་འདིས། དངོས་པོའི་རང་བཞིན་མི་མཐོང་མཁན་དང་། ཆང་རྐྱལ། ང་རྒྱལ་ཅན་ལ་སློབ་གསོ་ཡག་པོ་ཡོད། དེ་བཞིན་དུས་ཀྱི་མྱུར་བུར་སོགས་ལ་ཡང་བསམ་གཞིག་བྱེད་ས་མང་། ལུ་གུ་ཆུང་ཆུང དང་། གླིང་གཞན་པ། སྐར་མིའི་གོ་ལ་རྣམས་ཀྱི་གནས་ཚུལ་ཡང་རྒོད་བྲོ། ། བོད་མི་རིགས་མར་མེ་ཟད་པའི་སྣུམ་བཞིན་འཇིག་པའི་སྐབས་འདིར་ཁྱོད་རྣམས་རྒྱལ་ཕྲུག་ཆུང་ཆུང་གི་རྩོམ་པ་པོ་བཞིན་གླིང་གཞན་པར་མི་ཕེབས་པར་བཞུགས་སུ་གསོལ་ལོ། །ངས་སྒྲུང་འདི་ཀློགས་སྐབས་སྙིང་ཉེ་བའི་གྲོགས་པོ་ཞིག་གིས་རྒྱལ་སྲས་ཆུང་ངུའི་སྐུ་བརྙན་ཡོད་པའི་ཉལ་ཆས། སྙུག་སྒྲོམ། ཕོར་བ། རྒྱབ་ཁུག་འདི་དག་གནང་སོང་། ང་དེའི་ལོ་རྒྱུས་ལ་དགའ་བའི་རྐྱེན་གྱིས་ཡིན་ནམ་ཆ་མ་འཚལ། ད་བར་ལོ་འཁོར་༥་ཙལ་འགོར། སྒྲུང་དེབ་ནང་གི་གློག་སྒྲོན་པ་བཞིན། ང་ཡང་སྒྲུང་རྩོམ་དེའི་ཆ་ཤས་སུ་གྱུར་སོང་།
མདའ་ཚན་པ་ལགས།
ལོ་གཉིས་ཀྱི་གོང་དུ། ངས་རྒྱལ་སྲས་ཆུང་ཆུང་ཞེས་པའི་སྒྲུང་དེ་བསྒྱུར་ཟིན་ཏེ་ད་ལྟ་བོད་ནང་གི་དཔེ་སྐྲུན་ཁང་གིས་དཔར་དུ་འདེབས་རྩིས་ཡོད། ཁྱེད་ཀྱིས་ཀྱང་བསྒྱུར་གི་ཡོད་ན་བཀྲ་ཤིས་བདེ་ལེགས་ཡོད།
ཀརྨ་རྡོ་རྗེ་ལགས།
ཁྱེད་རང་གི་སྒྱུར་སྟངས་དེ་ཧ་ལས་པའི་གོ་བདེ་ཞིང་སྙན་ཆ་ཅན་ཞིག་རེད།
ཡིན་ནའང་། ངའི་དཀའ་ངལ་དེ། ལྷ་སའི་སྐད་ཆ་བཤད་སྟངས་རང་བྱས་བསྒྱུར་བ་ཡིན་ན། ཨ་མདོའི་བྱིས་པ་ཚོས་གོ་དཀའ་བ་དང་། ཨ་མདོའི་སྐད་ཆ་བཤད་སྟངས་ལྟར་བསྒྱུར་བ་ཡིན་ན་ལྷ་སའི་བྱིས་པ་ཚོས་གོ་དཀའ་བར་དོགས་ནས་བར་མ་དོ་རུ་འདི་འདྲ་ཞིག་བསྒྱུར་བ་ཡིན།
དཔེ་བཞག་ན། བལྡད་མ་རྒྱབ་པར་མིད་ཟེར་ན། ཨ་མདོའི་བྱིས་པ་ཚོས་གོ་ཁག་པོ་མེད་འགྲོ་བསམ། ཨ་མདོ་ཡིན་ན། མ་བལྡད་པར་རིལ་མིད་རྒྱབ་རྗེས་ ལྟ་བུ་ཞིག་རེད། ངས་ རིལ་མིད་རྒྱབ་ ཟེར་ནས་བྲིས་ན་། དབུས་གཙང་ཕྱོགས་ཀྱི་བྱིས་པ་ཚོས་གོ་གི་ཡོད་ན་མེད་ན་བསམ་སོང་། དེ་བས་ མ་བལྡད་པར་མིད་ ཟེར་ནས་བསྒྱུར་བ་ཡིན། མིད་པ་བཏང་ ཟེར་ནས་ཀྱང་བསྒྱུར་ཆོག་པ་རེད་། རྒྱ་གར་ནང་གོ་བདེ་བོ་ཡོད་ཀྱང་། བཏང་དེ་ཡང་ཕྱོགས་ཡོངས་ལ་འདང་རྒྱག་ཁུལ་བྱས་ནས་བླངས་པ་ཡིན། ཡུལ་ལུང་བྱེ་བྲག་པ་ཅིག་གི་ནང་ཁོ་ནར་བཤད་པའི་སྐད་དེ་ཚོ་དོར་ཅི་ཐུབ་བྱས་ཡོད། དཔེ་བཞག་ན། སོང་ཙང་། བྱས་ཙང་། ཟེར་བ་དེ་ཚོའི་ཚབ། དེ་བས། དེར་བརྟེན་ལྟ་བུ་བྲིས་པ་ཡིན། མཚམས་རེར། ཐ་སྙད་གཅིག་ཡིན་ནའང་། ཆོལ་ཁ་སོ་སོའི་ནང་དེ་བཀོལ་སྟངས་ལ་ཡང་ཁྱད་པར་ཡོད་ས་འདུག ལྷ་སས་བུ་མོ་སྙིང་རྗེ་བོ་ཞིག་འདུག་ཟེར། ཨ་མདོས་བུ་མོ་ཡག་མ་ཞིག་ཡོད་གི་ཟེར། བུ་མོ་མཛེས་མ་ཞིག་འདུག་ཟེར་ན་ཕལ་ཆེར་ཡོངས་ཁྱབ་འདྲ་བོ་ཞིག་མིན་འགྲོ།
སྙན་བཟང་ལགས།
ཁྱེད་རང་གིས་རྒྱལ་སྲས་ཆུང་ཆུང་བསྒྱུར་གྲུབ་པར་བཀྲ་ཤིས་བདེ་ལེགས་ཡོད།
ངས་ཀྱང་གོ་ཐོས་སུ། སྔོན་མ་ཞིག་ནས་བོད་ཡིག་ལ་བསྒྱུར་འདུག་ཟེར་བ་ཞིག་གོ། མཐོང་མ་སོང་། ངས་བསམ་བློ་ཞིག་བཏང་བ་ཡིན། དེ་དབྱིན་ཡིག་ནས་བསྒྱུར་བ་མིན་ན། དབྱིན་ཡིག་ནས་རྒྱ་ཡིག་ལ་བསྒྱུར་བ་ཞིག་གཞིར་བཟུང་ནས་རྒྱ་ཡིག་ནས་བོད་ཡིག་ལ་བསྒྱུར་བ་ཡིན་རྒྱུ་རེད་བསམས་སོང་།
དབྱིན་འགྱུར་དེ་ཡང་། ཧྥ་རན་སིའི་མ་ཡིག་དང་བསྡུར་ན། དོན་དག་གཅིག་ཡིན་ནའང་། ཚིག་འགྲོས་མི་མཐུན་ས་མང་པོ་འདུག མཚམས་རེར། ཚིག་གྲུབ་ཆ་ཚང་རེར་ཐལ་བའི་བཟོ་འདྲ་བོ་དེ་འདྲའང་འདུག དེ་བས། རྒྱལ་སྲས་ཆུང་ཆུང་འདི། ཧྥ་ཡིག་ནས་ཐད་ཀར་བོད་ཡིག་ཏུ་བསྒྱུར་ཐུབ་ན་ལེགས་པར་མཐོང་ནས་ལས་འདི་ཁུར་དུ་བླངས་པ་ཡིན།
ན་ནིང་ཞིག་ལ། ངས་གཞས་ཚིག་ཅིག་བསྒྱུར་ནས་དྲ་ཐོག་བཀོད་སྐབས། དྲ་གྲོགས་ཤིག་ནས་ཀྱང་། རྒྱལ་སྲས་ཆུང་ཆུང་ བོད་ཡིག་ལ་བསྒྱུར་བར་སྐུལ་མ་གནང་བ་དེས་ཀྱང་ང་ལ་འབུད་རྒྱག་ཐེངས་ཤིག་ཐེབས་སོང་།
སྐུ་ཞབས་མདའ་ཚན་པ་ལགས།
ལོ་བཞིའི་གོང་དུ་ཡིན་པ་ཡོད། པ་ལྦེ་ནས་སྐུ་ཞབས་ལྗང་བུ་དང་ངེད་གཉིས་ཀྱིས་ལྦུ་རག་འཐུང་ཞོར་དུ་སྐད་ཆ་འདྲ་མིན་བཤད་པ་ཡིན། མཚན་དཀྱིལ་དུ་ངེད་གཉིས་ཀྱི་བརྗོད་གཞི་རྒྱལ་སྲས་ཆུང་ཆུང་ཞེས་པའི་སྒྲུང་དེའི་སྟེང་དུ་ཤོར། སྐབས་དེར་ཁོང་གིས་སྒྲུང་འདི་མདའ་ཚན་པས་བསྒྱུར་གི་ཡོད་པ་རེད་ཟེར། ཡིན་ན་ཡང་ཁོང་ལ་གནས་ཚུལ་ཞིབ་ཕྲ་དེ་འདྲ་མི་འདུག དུས་སྐབས་དེར་བདག་གིས་ཀྱང་བྱིས་སྒྲུང་དེ་བོད་ཡིག་ཏུ་བསྒྱུར་འདོད་པའི་སྒང་ཡིན། རྗེས་སུ་ཁྱེད་ལ་སྒྲུང་དེའི་ཕྱོགས་ནས་གྲག་འགུལ་མེད་པ་དང་། ལྷག་པར་དུ་སྐྱབས་ཆེན་བདེ་གྲོལ་གྱིས་སྒྲུང་འདིའི་ལེའུ་དང་པོ་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་ཟིན་པ་ཞིག་ཡོད་ནའང་། འགྱུར་དེ་ངའི་བློར་དེ་ཙམ་མ་བདེ་སྟབས། ངས་བྱིས་སྒྲུང་གྲགས་ཆེན་དེ་བསྒྱུར་ཁུལ་བྱས་ཏེ་དེ་རིང་གྲུབ་ཡོད་པ་དེ་འདྲ་ཡིན། ངས་སྒྲུང་འདི་ཧྥ་ཡིག་ཨ་མ་ལ་བརྟེན་ནས་བོད་ཡིག་ཏུ་བསྒྱུར་པ་ཡིན། དང་པོར་དབྱིན་ཡིག་གི་འགྱུར་ལ་ཐེངས་གཅིག་ཀྱང་བལྟས་མེད། སྒྲུང་འདི་བསྒྱུར་ཟིན་མ་ཐག གཞི་ནས་དབྱིན་ཡིག་གི་འགྱུར་ལ་བལྟས་པ་ཡིན། ཡིན་ནའང་དབྱིན་འགྱུར་མ་ལ་བལྟས་ནས་བོད་ཡིག་གི་འགྱུར་ལ་བཟོ་བཅོས་འདྲ་པོ་དེ་འདྲ་རྒྱག་དགོས་བྱུང་མ་སོང་།
ལེགས་སོ། དེ་དེ་བཞིན་ནོ། དབྱིན་ཡིག་ལས་ཕ་རན་སི་ནས་བོད་ཡིག་ལ་བསྒྱུར་ན་སྟབས་བདེ་བ་འདྲ་ཞིག་མི་འདུག གེ ངས་མཚམས་རེར་དབྱིན་ཡིག་ལའང་ཟུར་ལྟ་རེ་བྱེད་ཀྱི་ཡོད།
ད་ངས་གང་ལྟར་སྟག་གི་རྔ་མ་ནས་འཇུས་ཚར་བས་གཏོང་གི་མིན། འགྱུར་མང་དྲགས་ཕལ་ཆེར་ཡོད་རྒྱུ་མ་རེད། ངས་ཚད་གཞི་འདྲ་པོ་དང་དམིགས་ས་གཙོ་བོ་དེ། བོད་ནང་ལ་མཚོན་ན། འཛིན་རིམ་བཞི་པ་ལྔ་པ་ནས་འབྲིང་རིམ་སློབ་མ་བར་དང་། བཙན་བྱོལ་ལ་མཚོན་ན། འཛིན་རིམ་བདུན་པ་བརྒྱད་པ་ནས་བཅུ་གཉིས་བར་ལ་དམིགས་ཡོད་དེ། ཆོལ་ཁ་སོ་སོའི་སྐད་བཤད་སྟངས་ལའང་ཁྱད་པར་ཆེན་པོ་ཡོད་པས་ཏག་ཏག་ཅིག་བསྡད་ཡོད་མེད་ད་རུང་ཚོད་ཐུག་གི་མི་འདུག བྱིས་པ་ཚོའི་ལོ་ཚད་དང་རན་ཡོད་མེད་རྗེས་སུ་སྤྱི་ཚོགས་ཀྱིས་ཁ་གྲགས་ཡོང་གི་རེད་འདོད། ད་གང་ལྟར། སྡིག་པ་མིག་བཙུམ་རྒྱག་གི་ཡིན་ད།
རྒན་མགོན་ཕྱག་ལགས།
ངེད་ནས་ཁྱེད་ཀྱིས་བསྒྱུར་བ་དེ་མ་ཚིག་དང་འགལ་འདུག་ཟེར་གི་མེད། མ་ཚིག་དང་དམིགས་བསལ་འགལ་བ་ངེད་ཀྱིས་མཐོང་མ་སོང་། གོང་གི་བསམ་ཚུལ་དེ་ཚོ་བསམ་བློ་གཏོང་གཞི་ལ་ཕུལ་བ་ཡིན། དཔེར་ན། ཁྱེད་ཀྱིས་སྒྲུང་ངོ་མ་ཟེར་བ་དེ་དབྱིན་ཡིག་ཏུ་ (True stories from Nature) ཞེས་བྲིས་འདུག གལ་སྲིད་བསྒྱུར་མཁན་དེ་ང་ཡིན་ན། ངས་ རང་བྱུང་ཁམས་ཀྱི་དངོས་སྒྲུང་ཞེས་བསྒྱུར་ས་རེད། དེ་རིང་དབྱིན་ཡིག་ཏུ་ཡོད་པ་དང་དེ་དང་བོད་ཡིག་གི་འགྱུར་འདི་གཉིས་དཔར་གློག་ཞིག་རྒྱག་དགོས་དྲན་མོད། དུས་ཚོད་རག་མ་སོང་། དེར་བརྟེན། ད་ལྟ་གློག་ྐླད་གཅིག་གི་སྒང་ནས་གཉིས་ཀར་བལྟ་དགོས་ན་དཀའ་ལས་འདུག བསམ་ཚུལ་གཞན་པ་ཁ་ཤས་ཀྱང་ཡོད།
རིག་འབྱུང་།
མིང་ངོ་མ་དེ་འདི་རེད། “Histoires Vecues”
ལོ་རྒྱུས་ངོ་མའམ་དངོས་སྒྲུང་ཡང་ན་སྒྲུང་ངོ་མ་ལྟ་བུ་ཞིག་རེད། from Nature ཟེར་བ་འདི་འདྲའི་ཚིག་རྩ་ནས་ཡོད་མ་རེད།
རྒན་མདའ་ཚན་པ་ལགས།
མ་སྒྲུང་ཨ་མ་ཧྤ་ཡིག་ཏུ་ཡོད་པ་དེར་དབྱིན་འགྱུར་རིགས་ཁ་ཤས་ཡོད་པ་འདྲ། ངེད་ལ་དྲ་ཐོག་ནས་རག་པ་དེའི་ནང་ན་དེ་ལྟར་འདུག
འདི་ནས་གཟིགས་རོགས།
http://home.pacific.net.hk/~rebylee/text/prince/contents.html
ངའི་དབྱིན་དེབ་ནང་ཡང་། True stories from Nature ཟེར་ནས་བྲིས་འདུག ངས་གོང་དུ། from Nature ཟེར་བ་འདི་འདྲའི་ཚིག་རྩ་ནས་ཡོད་མ་རེད། ཟེར་བ་ནི། སྒྲུང་གི་ཕྱི་མོ་ཧྥ་ཡིག་གི་དེབ་ནང་ཡོད་པ་མ་རེད་ཟེར་གི་ཡོད། བསམ་ཚུལ་བཏོན་པ་ཐུགས་རྗེ་ཆེ།
ངའི་དཀའ་ངལ་ཆེ་ཤོས་དེ། ཏག་སེའི་རྩེད་མོ ། (bridge) སྤང་རྩེད་སྤོ་ལོ། (golf) སྐེ་མདུད། (ties) ཁ་ཟས་ཀྱི་སྲོག་ཆགས་(prey) ཟེར་བ་འདི་ཚོ་རེད། འདི་ཚོ་བློ་ཁ་གང་བ་ཞིག་ཁྱོན་ནས་རེད་མི་འདུག་ཀྱང་། ད་བྱ་ཐབས་གཞན་པ་མི་འདུག
True stories from Nature = དངོས་ཡོད་གནས་ཚོད་ལ་བྱུང་བའི་སྒྲུང་ཁག ཟེར་ན་ག་འདྲ་འདུག