ཟླ་ཀླུང་།
——
སྙན་ངག་མཁན་པོས་བཟོས་པའི་སྒྲུང་གཏམ་ཙམ། །
མ་ཡིན་རང་གི་རྒྱུད་ལ་ཆགས་པའི་མེ། །
བཟོད་ཐབས་དཀའ་བ་འབར་བས་སྲེག་པའི་ཚུལ། །
བདེན་དོན་ཐང་མར་བརྡལ་ལ་ཅི་ཞིག་གནོང་། །
ཁོ་བོ་རྟག་པར་འཆམ་འདོད་མཁན་ཞིག་ཡིན་སྟབས་དྷ་རམ་ས་ལར་འཆམ་བསྡད་པ་ན་རིན་པོ་ཆེས་འབྲས་ལྗོངས་སུ་གསང་སྔགས་གསར་རྙིང་གི་དབང་དང་རྗེས་གནང་སོགས་རང་ལ་དགོས་གལ་ཆེ་བ་འགའ་ཞིག་རིང་མིན་གནང་གི་ཡོད་པ་ཐོས་ཏེ་ཞུ་རུ་འགྲོ་རྒྱུའི་རང་ཐག་བཅད། དུས་ཚོད་ཐུང་དྲགས་ཏེ་དྷི་ལི་ནས་མེ་འཁོར་མ་ཐོབ་པར་གནམ་གྲུར་སོང་། དབང་ཞུ་འདོད་ཆེ་བ་མ་གཏོགས་གྲྭ་རྐྱང་དཀྱུས་མ་ཞིག་ལ་སྒོར་བདུན་སྟོང་ལྔ་བརྒྱ་བཅོ་ལྔ་ལས་སླ་བོ་ཞིག་མིན་པ་གསལ་པོ་རེད། ང་རང་འབྲས་ལྗོངས་སུ་བསླེབས་པའི་ཕྱི་ཉིན་ཏེ་ཕྱི་ལོ་ཉིས་སྟོང་གསུམ་གྱི་ཟླ་བ་གསུམ་པའི་ཚེས་བཅོ་བརྒྱད་ཉིན་དབུ་བཟུང་ཟླ་བ་གཅིག་རིང་དབང་གནང་ས་ལྷོ་འབྲས་ལྗོངས་ཀརྨ་རབ་བརྟན་གླིང་དགོན་པ་རེད་འདུག་པས་དེར་སོང་། ལམ་གྱི་གཡས་གཡོན་དུ་ཡུལ་མིས་གནས་སྐབས་ཆེད་ཟ་ཁང་དང་ཚོང་ཁང་ཆུང་ངུ་ཁ་ཤས་བཙུགས་པ་དང་། དབང་ཞུ་རུ་རྒྱལ་ཁབ་གང་ས་ནས་སྐྱ་སེར་མི་ཉུང་བ་ཕེབས་པ་བཅས་ཀྱིས་སྔར་དང་མི་འདྲ་བའི་ཟིང་ཆ་ཆེ་ཙམ་རེད་འདུག །བར་གསེང་ནམ་བྱུང་ལ་གུ་ཡངས་ཀྱི་སྤྲོ་འཆམ་ལ་འགྲོ་ཡི་ཡོད་པ་བཞིན་ཉིན་ཞིག་སོང་སྟེ་གནས་ཚུལ་འདྲ་མིན་མང་པོ་ཞིག་ཡིད་ལ་འཁོར་ནས་ཡེང་གིན་ལོག་ཡོང་བ་ན་གློ་བུར་དུ་བུ་མོའི་དགོད་སྒྲ་ཞིག་ཐོས། བལྟས་པ་ན། གཡོན་ཕྱོགས་གོམ་པ་བདུན་བརྒྱད་ཙམ་གྱི་རྒྱང་ཐག་ཡོད་པའི་ཚོང་ཁང་ཆུང་ངུ་ཞིག་གི་སྒོར་འབྲས་ལྗོངས་ཀྱི་བུ་མོ་ལོ་ཆུང་གསུམ་བཞི་བསྡད་དེ་ཁོ་རང་ཚོ་ཕན་ཚུན་མཚར་གཏམ་འདྲ་ལབ་ནས་བགད་ཀྱི་འདུག །སྟབས་མ་ལེགས་པ་ཞིག་ལ་བུ་མོ་གཅིག་གི་འདུག་སྟངས་ང་ཡོད་ཕྱོགས་སུ་ཁ་གྱུ་ནས་བགད་ཀྱི་འདུག་པ་དེས་རྐྱེན་ཏེ་ལུས་ཡོངས་རྫོགས་ཚ་ཟིང་ཟིང་བྱས་ཏེ་སྦྲིད་པ་དང་། བུ་མོ་དེའི་བྱད་གཟུགས་དང་འཛུམ་མདངས་ཁོ་ན་ལས་གཞན་པའི་རྣམ་རྟོག་འགགས་པས་རང་ཉིད་འགྲོ་འདུག་དང་རྣམ་འགྱུར་ག་འདྲ་བྱེད་ཀྱི་ཡོད་མེད་སོགས་ཀྱང་མ་ཤེས་པར་ཡུད་ཙམ་ལུས་ཤིང་། དེ་ནས་བཟུང་བུ་མོ་དེའི་རྣམ་འགྱུར་དང་བྱད་གཟུགས་འབའ་ཞིག་དྲན་ཐག་ཆོད་ནས་མིས་ཚུར་སྐད་ཆ་བཤད་པ་ཡང་ཆ་ཚང་བ་ཞིག་གོ་མི་ཐུབ་ལ། ཕར་སྐད་ཆ་ཆ་ཚང་བ་ཡང་བཤད་མི་ཐུབ། བུ་མོ་དེ་ཉིད་གང་དུ་ཡོད་པ་དང་། གང་ཞིག་བྱེད་ཀྱི་ཡོད་པ་བལྟ་འདོད་པ་ལས་འདོད་ཡོན་གཞན་དག་ཕལ་པར་ལུས་ནས་གནས་ཚུལ་གང་ལ་ཡང་མགོ་འཁོར་མི་ཐུབ་ལ་ལས་ཀ་གང་ཡང་བྱེད་མི་འདོད། བུ་མོ་དེའི་ཉེ་འཁྲིས་སུ་རོགས་པ་མེད་ན་ཡང་འགྲོ་མི་ཕོད་ལ། ཡོད་ན་ཡང་སྟབས་བདེ་བོ་ཞིག་མི་འདུག །བུ་མོ་དེ་ཉིད་ཐག་རིང་ས་ནས་མཐོང་ན་མ་གཏོགས་ཉེ་ས་ནས་གློ་བུར་དུ་མཐོང་ན་སྔར་བཞིན་ལུས་ཚ་ཟིང་ཟིང་བྱས་ཏེ་སྦྲིད་ནས་སྤྱོད་ལམ་ཅུང་འཚུབ་ཏུ་འགྲོ་ཞིང་། བུ་མོ་དེ་ལ་ཁ་གྲག་འདོད་ཤིན་ཏུ་ཆེ་ན་ཡང་ཉེ་འཁོར་དུ་སླེབ་ཙམ་ནས་ལུས་སེམས་ཚུགས་ཤོར་ཏེ་དབུགས་གཏོང་ལེན་ཡང་དཀའ་ན་ཚིག་ཐོན་རྒྱུ་ཕ་ཚད་རེད། ཟ་མ་ཆེར་ཟ་མི་འདོད་ལ་ཟ་བཞིན་པར་བུ་མོ་དེ་ཉིད་དྲན་ན་ཡང་ཟ་མ་མིད་པའི་ནང་དུ་སྡོད་པ་ལས་མར་འགྲོ་རོགས་མི་བྱེད། སྐབས་སྐབས་སུ་རྨི་ལམ་དུ་བུ་མོ་དེའི་མཉམ་དུ་སོང་སྟེ་ཕན་ཚུན་གཏམ་བཤད་པ་རྨིས་པ་དང་། དུས་རྒྱུན་དང་མི་འདྲ་བར་གཉིད་སད་གྲངས་མང་དུ་སོང་བ་སྟེ་བཟོད་དཀའ་བའི་ཆགས་གདུང་དྲག་པོ་འདི་འདྲ་རང་རྒྱུད་དུ་སྐྱེས་པ་ཐེངས་དང་པོ་ཡིན། འདིའི་རྣམ་འགྱུར་ཕྱིར་ཐོན་ན་ཡག་པོ་ཡོད་པ་མ་རེད་བསམས་ནས་གཟབ་གཟབ་བྱས་ཀྱང་ངའི་རྣམ་འགྱུར་ཕྱིར་ཤོར་བའམ། མོ་རང་ལ་ཡང་ང་ལྟ་བུའི་ཚོར་བ་སྐྱེས་པ་གང་ཡིན་མ་ཤེས། མོ་རང་གིས་ང་ཡང་ནས་ཡང་དུ་མིག་འདེད་བྱེད་པ་དང་། ཐག་ཉེར་གྱུར་ཚེ་འཛུམ་ཙམ་བྱས་ཏེ་མགོ་གུག་པའམ་གཞན་དུ་བལྟས་ནས་ཚ་གི་ཚི་གིར་འགྱུར་བ་དང་། མོ་རང་རོགས་པའི་བུ་མོ་དེ་དག་གིས་ང་མཐོང་སྐབས་མོ་རང་ལ་ཚིག་དང་རྣམ་འགྱུར་འདྲ་མིན་བསྟན་ནས་མོ་རང་འདུག་སྟབས་མ་བདེ་བ་བྱེད་ཀྱི་གདའ། ཆགས་གདུང་འདི་ཉིད་སྐྱེ་བྱེད་ཀྱི་རྒྱུ་རྐྱེན། ཏིང་འཛིན་ཚོགས་ཀྱི་ལེའུ་ལས། འདུ་ཤེས་ལོག་པའི་བདུད་ཅེས་བྱ་བས་ཆགས་པའི་སྒྱུ་ཐབས་སྣ་ཚོགས་བསྟན་ནས་རབ་ཏུ་བྱུང་བ་རྣམས་ཉམས་བཅུག་པར་གསུངས་པ་བཞིན་བདུད་རིས་སུ་གཏོགས་པ་རྣམས་ཀྱིས་བར་ཆད་རྩོམ་པའམ། བྱས་ཤེས་དྲིན་གཟོ་མ་ཐུབ་པའི་ལན་ཆགས་འཁོར་བའམ། ཚེ་རབས་སྔོན་མ་རྣམས་སུ་ཡུན་རིང་ཁྱོ་ཤུགས་བྱས་པའི་བག་ཆགས་སད་པའམ། བདེ་ཆེན་ཡེ་ཤེས་སྐྱེད་པའི་རིག་སྔགས་འཆང་བ་ཡབ་ཡུམ་དུ་སྨོན་ལམ་བཏབས་པའི་འབྲས་བུ་སྨིན་པ་སྟེ་ལྐོག་གྱུར་དེ་དག་གང་རུང་ཡོད་ན་མ་གཏོགས། གཤིས་སྤྱོད་བཟང་ངན་ག་འདྲ་ཡོད་མེད་ཀྱི་རྒྱུས་ནི་མེད། ཕྱུག་པོའི་བུ་མོ་མིན་པ་ནི་རྒྱན་གོས་རང་གིས་ཤེས། སློབ་སྦྱོང་ཡག་པོ་མེད་པ་ཡང་ན་ཚོད་དང་བག་ཡངས་དེ་གས་བསྟན་ཡོད། ས་ཆའི་གནས་བབས་ལ་བརྟེན་ནས་འབྲས་ལྗོངས་ཀྱི་བུ་མོ་ཁ་ཤས་མཛེས་པོ་ཡིན་ན་ཡང་འདི་ནི་དེ་ཙམ་གྱི་མཛེས་པ་ཞིག་མ་རེད། དེ་ཡང་མོ་རང་སྡོད་གནས་དགོན་པ་དེའི་ཤར་ཕྱོགས་མི་རིང་བའི་རི་ངོས་སུ་ར་ལང་ཞེས་པའི་གྲོང་གསེབ་ཅིག་འདུག་པ་དེ་ཡིན་པ་དང་། ཚེས་ཉི་ཤུའི་ནང་སྐྱེས་པས་མིང་ལ་ཉེར་སྐྱེས་ཟེར་སྐད་གདའ། གཟུགས་དབྱིབས་དང་ཤ་པགས་ལ་བལྟས་ན་ལོ་ན་ཉི་ཤུའི་ཡས་མས་ཡིན་ས་རེད། ལུས་དྲང་ཡང་ཅུང་ཐུང་ཞིང་ཚང་ཞེང་ཅུང་ཆེ་བ་དང་། གདོང་དབྱིབས་ཅུང་ལེབ་ལ་ངོ་སྨད་ལུག་ཞད་འདུག །འགྲམ་གཞུག་གཡས་པ་དང་། མཁུར་ཚོས་གཡོན་པའི་འོག །མིག་གཡོན་པའི་མ་པགས་ཀྱི་ཁ་ཟུར་བཅས་ལ་འབུར་དུ་མ་དོད་པའི་སྨེ་བ་ནག་པོ་ཆུང་ངུ་རེ་ཡོད་པ་དང་། གདོང་མདོག་ཀྱང་ནག་སེ་བ་རེད། དེས་ན་རང་གིས་ནམ་རྒྱུན་བཟང་པོར་བརྩི་བའི་ཁྱད་ཆོས་གང་མི་གདའ། འོན་ཏེ་རང་གི་བློ་ལ་འབབས་ཤོས་ནི་མོ་རང་གི་བགད་ཉམས་དོད་པོ་དེ་དང་། ཁ་ཞིམ་མདོག་ཁ་བོ་དེ་དང་། མིག་ཁྲ་སྒོར་རེ་བ་དེ་དག་རེད། ཆགས་གདུང་འདིས་སྔར་བདག་ལ་ཕོ་མོ་འདི་དག་གིས་མི་འཚམས་པའི་ལས་ཀ་དེ་དག་ག་རེ་བྱས་ནས་བྱས་པ་ཡིན་ནམ་སྙམ་པ་དང་། ཆེས་ཕུན་སུམ་ཚོགས་པའི་གྲྭ་བཙུན་ནས་ཐོན་ཏེ་དཀའ་ངལ་ཆེ་བའི་ཁྱིམ་པར་ག་རེ་བྱས་ཞུགས་པ་ཡིན་ནམ་སྙམ་པའི་དྲི་བ་ཡོད་པ་རྣམས་ལ་ལན་གསལ་པོ་ཞིག་བཏབས་སོང་། སྟོན་པ་ཐུགས་རྗེ་ཅན་གྱི་སྐུ་དུས་སུ་བྱང་ཆུབ་སེམས་དཔའ་ལྷག་བསམ་བརྟན་པས་ཚོང་དཔོན་གྱི་བུ་མོ་གཟུགས་མཛེས་ཤིང་བལྟ་ན་སྡུག་པ་ཁ་དོག་བཟང་བ་ཞིག་མཐོང་ནས་འདོད་ཆགས་ཀྱིས་ཡོངས་སུ་གདུང་བ་སྐྱེས་པ། མི་སྡུག་པ་ཡིད་ལ་བྱེད་པ་དང་། སོ་སོར་བརྟགས་པའི་སྟོབས་ཀྱིས་ཀྱང་ཟློག་པར་མ་ནུས་པ་ཡིན་ན་འཆིང་བ་ཀུན་ལྡན་བདག་ལྟ་བུ་བུད་མེད་དཀྱུས་མར་ཆགས་གདུང་དྲག་པོ་སྐྱེས་པ་ཡང་མི་འོས་པ་ག་ལ་ཡིན། ཡིན་ནའང། སེམས་རྒྱུད་ཀྱི་ཆགས་གདུང་ཙམ་ལས་དབང་པོ་གཉིས་སྦྱོར་གྱི་རེག་བདེ་ཕར་ཞོག་དངོས་སུ་ཚིག་གཅིག་ཕན་ཚུན་ལབ་པའི་འབྲེལ་བ་ཙམ་ཡང་མ་བྱུང་བ་ནི། མིང་དང་གྲྭ་ཆས་ཀྱི་འཆིང་བ་ཡོད་ཐོག །མོ་རང་གིས་བོད་སྐད་ཤེས་ཀྱི་མེད་ལ། ངས་བོད་སྐད་ལས་གཞན་པ་ཤེས་ཀྱི་མེད་པ་དང་། སྤྱིར་ང་རང་སོ་ཐར་ལ་དགའ་ཞེན་ཆེན་པོ་ཡོད་པ་མ་ཚད་འཆད་ཉན་ཀྱང་མྱོང་བ་དང་། སྐྱབས་མགོན་རིན་པོ་ཆེས་དབུས་པའི་བླ་མ་མང་པོས་སྡོམ་པ་གནང་བའི་ལས་གྲྭར་འགྲོ་མྱོང་བས་བསྟན་པའི་ཞབས་འདྲེན་ཡོང་དྭོགས་པ་དང་། ང་རང་གིས་ཡུན་རིང་སློབ་སྦྱོང་བྱས་པའི་ཤེས་ཡོན་ནི་གཙོ་བོ་ཆོས་ཕྱོགས་ཡིན་པས་རྟགས་ཙམ་གྱི་གྲྭ་བཙུན་གྱི་གྲས་ནས་ལྷུང་ན་ཟས་གོས་འདུག་མལ་གྱི་དཀའ་ངལ་འབྱུང་རྒྱུ་ཡིན་པ་ཡང་ཤེས་ཀྱི་ཡོད་པའི་འཇིགས་དངངས་དང་། གཏམ་ངན་གང་སར་ཁྱབ་ནས་རིགས་མཐུན་དུ་མས་བརྙས་བཅོས་བྱེད་ངེས་པའི་འཛེམ་བག་དག་གིས་ཡིན་གྱི་ཕྱི་མའི་སྡུག་བསྔལ་ལ་བསམ་ནས་མ་རེད། རྒྱུ་རྐྱེན་གང་ཞིག་གིས་བྱེད་ཀྱི་ཡོད་པ་མ་ཤེས་ཀྱང་རིམ་པར་ཆུང་དུ་སོང་སྟེ་ཞག་ཤས་མཚམས་ནས་ཧ་ལམ་བུད་མེད་གཞན་དག་དང་ཁྱད་མེད་དུ་གྱུར་པ་མ་ཚད། ད་ནི་ལུས་རྟེན་འདི་རུ་འབྲེལ་བ་ཙམ་ཡང་བྱ་འདོད་མི་འདུག་པས་མི་རྟག་པ་ཟེར་བ་འདི་འདྲ་མིན་ན་ག་འདྲ་ཡིན་སྙམ་ནས་རང་གིས་རང་ལ་མཚར་དགོས་པ་ཞིག་བྱུང་ངོ་། །སྨྲས་པ། བདེ་སྡུག་ལེགས་ཉེས་བློ་ཡིས་བརྟགས་པ་ཅམ། །བློ་ནི་གཉན་ནད་འབུ་བཞིན་འགྱུར་སླ་ན། །ད་ནི་བཟང་ངན་བདེན་བརྫུན་འདི་ཡིན་ཞེས། །ཐག་གཅོད་བྱེད་པའི་རེ་ལྟོས་གང་ལ་འཆའ། །
ལྷ་བཙུན་ནམ་མཁའ་འཇིགས་མེད་རྩལ་གྱིས།
དཔའ་བོ་བྱིན་ཆགས་ཌ་ཀི་ལྟ་ན་སྡུག །ཅེས་བསྔགས་པ་ལྟར་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེས་པའི་ཐབས་ལ་མ་བརྟན་པར་ཚུལ་ཁྲིམས་རྟུལ་ཞུགས་མཆོག་འཛིན་ལ་ཞུགས་པ་མ་ལེགས།
ཨ་ཙི་རྩེད་མོ་ཡིན།
སྲོག་དང་བྲལ་ཞིང་ཤི་ཡང་སླ་ཡི། ཚུལ་ཁྲིམས་ཉམས་ཞིང་ཞིག་པས་ནི་དེ་ལྟར་མ་ཡིན་ནོ། །ཞེས་སྟོན་པ་བདེ་བར་གཞེགས་པའི་དཔལ་གྱི་མགུལ་བཟང་ལས་བྱུང་བ་ལྟར་ལག་ལེན་བསྟར་བ་ལེགས་སོ།།
དེ་རིང་སྟོན་པས་ཆོས་འཁོར་སྐོར་བའི་དུས་སུ་གཏམ་བཟང་གོ་སོང་་ཐུགས་རྗེ་ཅེ།
རྩོམ་ཡིག་འདི་གནའ་སྔ་མོ་ཞིག་ནས་གོ་མྱོང་ཞིག་རེད་ཡ།
རྩོམ་ཡིག་འདི་ངས་ལོ་གཉིས་སམ་གཅིག་གི་གོང་དུ་ཚགས་ཤོག་ཅིག་ནས་བཀླགས་ཟིན། ངོ་མ་ཡག་པོ་ཞིག་བྲིས་འདུག རང་སེམས་དམར་རྗེན་དུ་ཡིན་ས་རེད་ལ་ཚིག་སྦྱོར་ཡང་བཤད་དགོས་རྒྱུ་མི་འདུག
ཀློག་པ་པོ་ཚོས་གསུངས་པ་བདེན་པ་རེད། ངས་སྔོན་སྤྱི་ཚོགས་མེ་ལོང་སྤྱིའི་འདོན་ཐེངས་ཞེ་གཅིག་པར་བཀོད་པ་ཡིན། ཡིན་ནའང་དེའི་སྐབས་རྩོམ་སྒྲིག་པས་བཅད་གཏུབ་བཟོས་ནས་གཙང་མར་བཞག་མི་འདུག །ཁ་རྩང་ཤག་ཡིག་རུལ་སློག་བསྡད་པ་ན། མ་དཔེ་མཐོང་བྱུང་། དྲྭ་རྒྱར་དགོད་ན་གཞན་དག་གི་དགོངས་ཚུལ་གང་ཡོད་ཤེས་སྲིད་སྙམ་ནས་བསྐུར་བ་ཡིན། འདིའི་ནང་དོན་དངོས་བྱུང་ཟང་མ་རེད།
འོ་ད་རྩོམ་རྙིང་པ་ཞིག་ལ་མཆན་བཏབ་ཉེས་ཤོར་སོང་།