སྒོ་ཤེས་རབ་རྒྱ་མཚོ། (འོས་སྦྱོར།)
དེང་དུས་ཀྱི་རྒྱ་ནག་གི་སློབ་གསོའི་གནས་སྟངས་ལ་རྒྱའི་སློབ་གསོའི་མཁས་དབང་འགའ་རེས་སྐྱོན་བརྗོད་ཤུགས་དྲག་བྱེད་ཀྱིན་ཡོད། སྐྱོན་བརྗོད་བྱེད་པའི་རྒྱུ་མཚན་གང་ཞེ་ན། ད་ལྟའི་རྒྱ་ནག་གི་སློབ་གསོ་ནི་རྒྱུགས་སྤྲོད་ཙམ་དམིགས་ཡུལ་དུ་བཟུང་བའི་སློབ་གསོ་སྟེ། རྒྱུགས་ཤོག་སྟེང་གི་སྐར་མ་ལོན་རྒྱུ་དམིགས་ཡུལ་དུ་བཟུང་བའི་སློབ་གསོ་ཙམ་ལས་མ་འདས་ཟེར་གྱི་འདུག
མ་གཞི་སློབ་གསོའི་གོ་རིམ་ནང་ལ་རྒྱུགས་སྤྲོད་ཀྱི་ལམ་ལུགས་ཡོད་འོས་ཤིང་། རྒྱུགས་འཕྲོད་ཀྱང་དགོས་ཏེ། རྒྱུགས་སྤྲོད་ལམ་ལུགས་ཀྱིས་ཀྱང་མིའི་སློབ་སྦྱོང་ཡར་རྒྱས་སུ་འགྲོ་བར་ཕན་ནུས་འཐོན་གྱི་རེད། འོན་ཏེ། རྒྱུགས་སྤྲོད་ཙམ་དམིགས་ཡུལ་དུ་བཟུང་བའི་སློབ་གསོས་ནི། རྒྱ་ནག་གི་གཞོན་སྐྱེས་མང་པོ་ལོག་ལམ་དུ་གཡུག་གིན་འདུག་ཅེས་སློབ་གསོའི་མཁས་དབང་ཚོས་སྐྱོན་བརྗོད་བྱེད་ཀྱིན་འདུག དཔེར་ན། དབྱིན་ཇིའི་རྩོམ་སྒྲིག་པ་ཞིག་རྒྱ་ནག་ཏུ་གཞི་ཆགས་ཏེ་ཆུང་མ་རྒྱ་མོ་ཞིག་བླངས། བུ་ཡང་རྒྱ་ནག་ནས་སྐྱེས། གཞུག་ནས་བྱིས་པ་སློབ་གྲྭར་སོང་དུས། རྒྱ་ནག་པས་སློབ་གསོ་སྤྲོད་སྟངས་དེ་ཁོས་སེམས་ཀྱིས་མ་བཟོད་པར་བུ་ཕྲུག་བཟའ་ཟླ་བཅས་ཁྲིད་ནས་ཕྱིར་དབྱིན་ཡུལ་དུ་སོང་བ་རེད། དབྱིན་ཡུལ་དུ་འབྱོར་རྗེས། ཁོས་དབྱིན་ཡུལ་གྱི་འཕྲིན་ལམ་སྣ་ཚོགས་བརྒྱུད་ནས་རྒྱ་ནག་གི་སློབ་གསོའི་གནས་སྟངས་ལ་སུན་འབྱིན་ཤུགས་དྲག་བྱས་པར་མ་ཟད། 《ཁྱོད་ནམ་ཡང་རྒྱ་ནག་པར་འགྱུར་མི་ཐུབ》ཅེས་པའི་རྩོམ་ཡིག་ཅིག་ཀྱང་སྤེལ།
རྩོམ་ཡིག་དེར། རྒྱ་ནག་གི་སློབ་གསོ་ནི་རྒྱུགས་སྤྲོད་རྒྱུ་ཙམ་ལྟེ་གནས་སུ་བཟུང་བའི་སློབ་གསོ་ཞིག་ཡིན་པས། རྒྱ་ནག་གི་སློབ་གསོ་འདི་མྱངས་པ་ལ་བརྟེན་ནས་སྐྱེས་བུ་དམ་པ་དང་། མཛངས་མི། གསར་གཏོད་པ་སོགས་ཕལ་ཆེར་སྐྱེ་མི་སྲིད་དེ། དེ་དག་སྐྱེ་སའི་སྒོ་བཀག་ཟིན་པར་སྨྲས། སློབ་གསོའི་ངོས་ནས་མཚོན་ན་ནི། སྐྱེས་བུ་དམ་པ་དང་། མཛངས་མི། གསར་གཏོད་པ་སོགས་འཁྲུང་རྒྱུ་ནི་སློབ་གསོའི་མཐར་ཐུག་གི་དམིགས་ཡུལ་གཙོ་བོ་ཡིན་ཀྱང་། རྒྱ་ནག་གི་སློབ་གསོའི་སྡེ་ཚན་སོ་སོར། བྱིས་པའི་ཐུན་མོང་མ་ཡིན་པའི་འཆར་སྒོ་དང་། བློ་གྲོས་ཐམས་ཅད་མེར་བསྲེགས་བཏང་ནས་མེད་པར་བྱས་ཏེ། རྒྱུགས་སྤྲོད་རྒྱུ་ཁོ་ན་ཙམ་དམིགས་ཡུལ་དུ་བཟུང་ནས། ཤེས་བྱ་སྐམ་པོ་ཞིག་སྦྱངས་སྦྱངས་མཐར། གང་ཟག་རིགས་མི་འདྲ་བ་གཉིས་སྐྱེད་སྲིང་བྱེད་དེ། རླུང་རྟ་རྒྱུག་ས་དང་། མི་རྒྱུག་ས་གཉིས་ཀ་རེད་ཅེས་བཤད་ཡོད།
ཡང་། ཉེ་དུས་སུ་གནས་ཚུལ་འདི་འདྲ་ཞིག་བྱུང་འདུག རྒྱའི་སྙན་ངག་པ་ཡུས་ཅན(于坚)ཟེར་བ་ཞིག་ཡོད་པ་དེས། ཉིན་ཞིག་རང་གི་བྱིས་པ་སློབ་གྲྭར་བསྐྱལ་ཏེ་སོང་བ་ན། སློབ་གྲྭའི་སྒོ་དྲུང་དུ་སླེབས་མ་ཐག་སློབ་ཁང་ནས་རྒྱུགས་སྤྲོད་འཚོགས་བཞིན་པའི་དྲིལ་བརྡ་བརྡུངས། དེ་མ་ཐག་བྱིས་པ་རྣམས་འཚང་ཀ་ཤིག་ཤིག་བརྒྱུགས་པ་ན། སློབ་རའི་སྒོ་ཁར་བུ་མོ་ཆུང་ཆུང་ཞིག་ཆར་ནང་བཤུད་ནས་སར་འགྱེལ། ཆར་ཆུའི་ཁྲོད་སར་འགྱེལ་བའི་བུ་མོ་དེ་ཡར་སློང་མཁན་གྱི་བྱིས་པ་གཅིག་ཀྱང་མ་བྱུང་། ཐམས་ཅད་ཀྱིས་མ་མཐོང་བ་ལྟར་ཤུལ་དུ་བསྐྱུར་ཏེ་སློབ་ཁང་དུ་ཞོགས་སོང་། གནས་ཚུལ་དེ་མཐོང་དུས། ཡུས་ཅན་སེམས་ཁོང་དུ་ཆུད་དེ་མགོ་བོ་གཡུག་གིན། སློབ་གྲྭ་འདིས་བྱིས་པ་རྣམས་ལ་ཡང་སྙིང་ཅི་ཞིག་འཁྲིད་ཀྱིན་ཡོད་དམ་ཟེར་བཞིན་ཕྱིར་ཁྱིམ་དུ་ལོག་ཡོང་བ་རེད།
མི་ཞིག་རང་གི་སྔུན་ནས། ཆར་ཆུའི་ཁྲོད་སར་འགྱེལ་ན། དེ་བསྐྱོར་ནས་ཡར་སློང་རྒྱུ་ཙམ་ནི་ཆེས་མ་མཐར་ཡོད་འོས་པའི་ཀུན་སྤྱོད་ཅིག་ཡིན་ནའང། དེ་ཙམ་ཡང་རྒྱུད་ལ་འབྱོར་མེད་པའི་བྱིས་པ་རྣམས་མཐོང་ཚེ། ཡང་སྙིང་སློབ་གྲྭ་འདིས་བྱིས་པ་ཚོ་ལ་ཅི་ཞིག་འཁྲིད་ཀྱིན་ཡོད་དམ་ཞེས་ཡུས་ཅན་གྱི་ཁ་ནས་ཤོར་པ་རེད།
དེ་ལྟར་བལྟས་དུས། འཇིག་རྟེན་པའི་སློབ་གསོ་ཡིན་ན་འདྲ། ཆོས་ཀྱི་སློབ་གསོ་ཡིན་ནའང་འདྲ་སྟེ། བླང་དོར་གྱི་གནས་ལ་འཇུག་པའི་བློ་ཕྱིན་ཅི་མ་ལོག་པར་བསྐྱེད་རྒྱུ་ནི། སློབ་གསོའི་དམིགས་ཡུལ་གཙོ་བོ་ཞིག་ཏུ་འཛིན་འོས་པ་རེད། རྒྱུགས་འཕྲོད་རྒྱུ་དང་། ཤེས་བྱ་འབྱོར་རྒྱུ་དེ་ཡང་གལ་ཆུང་ཆུང་ཞིག་མ་རེད་དེ། གང་བསླབས་པའི་ཤེས་བྱ་རྣམས་མིའི་གཉུག་གཤིས་ཀྱི་རང་བཞིན་བཟང་པོ་རྣམས་གསོ་ཞིང་འཕེལ་བྱེད་ཅིག་ཏུ་འགྱུར་ཐབས་ལ་བརྩོན་རྒྱུ་ལས་གལ་ཆེ་བ་མེད།
བླང་དོར་གྱི་གནས་ཟེར་བ་ཅི་ཡིན་ཞེ་ན། ཁྱིམ་པ་དང་གྲྭ་པའི་དབྱེ་བ་མ་བྱས་པར་ཡོངས་ཁྱབ་ཀྱི་གོ་བ་ཞིག་བླངས་ན། མི་དང་མིའི་བར་ལ་འབྲེལ་བ་བྱེད་ཚུལ་དང་། སེམས་བཟང་པོ་འཆང་སྟངས། གཞན་ཕན་གྱི་དོན་སྒྲུབ་ལུགས་སོགས་བྱ་བ་ཕྲ་རགས་དང་། འགྲོ་སྟངས་འདུག་སྟངས་ཐམས་ཅད་ལ་བླང་དོར་གྱི་ཁྱད་འབྱེད་རྒྱུ་ཡོད་པས། གང་ཞིག་བླང་བར་བྱ་བ་ཡིན་པ་དང་། གང་ཞིག་འདོར་བར་བྱ་བ་ཡིན་པའི་གནས་ལ་མ་ནོར་བར་འཇུག་པའི་བློ་གྲོས་མེད་ན། ཤེས་བྱ་ཡོན་ཏན་རྒྱ་ཆེར་འཛོམས་ཀྱང་མི་ཚེ་ལ་ཕམ་ཁ་སྣ་ཚོགས་འབྱུང་སྲིད། དཔེར་ན། མི་ཞིག་ལ་རྩིས་འཁོར་གྱི་ཤེས་བྱ་ཧ་ལས་པ་ཞིག་ཡོད་ཀྱང་། མི་དེ་བསམ་པ་ནག་པོ་ཅན་ཞིག་གམ། ཡང་ན། མི་དང་མིའི་བར་ལ་འགྲོགས་འདྲིས་རྩ་བ་ནས་བྱེད་མི་ཤེས་པ་དང་། ཡང་ན། ནམ་རྒྱུན་རྫུན་བཤད་མཁན་ལྟ་བུ་ཞིག་ཡིན་ཚེ། ཁོ་ལ་ཤེས་བྱ་ཡོན་ཏན་ཡོད་ཀྱང་མི་ཚེ་ཕམ་ཁའི་ལམ་དུ་བསྐྱོད་སྲིད་པ་ལྟ་བུ་རེད།
དེ་བཞིན་དུ། མི་ཞིག་གིས་ནང་ཆོས་ཀྱི་གཞུང་ལུགས་ལྟར། ཐེག་ཆེན་སེམས་བསྐྱེད་ཀྱི་མཚན་ཉིད། དབྱེ་བ། དོགས་སློང་སོགས་ཡག་པོ་ཤེས་ནའང་། ཁོ་ལ་བསམ་པ་ནག་པོ་དུག་ལྟ་བུ་ཞིག་ལས་མེད་ན། ཤེས་ཡོན་དེ་ཙམ་འཛོམས་པས་ནི་ཁོ་མི་ཀུན་གྱིས་བརྩི་བཀུར་བྱ་ཡུལ་ཞིག་ཏུ་ཆགས་མི་ཐུབ་པ་ལྟ་བུ་རེད། ཁོ་ལ་སེམས་བསྐྱེད་སྐོར་གྱི་ཤེས་བྱ་དེ་འདྲ་ཞིག་འཛོམས་པའི་སྟེང་ལ། ཐེག་ཆེན་སེམས་བསྐྱེད་མཚན་ཉིད་པ་ཞིག་མེད་ཀྱང་། རང་བཞིན་གྱི་སེམས་བཟང་པོ་ཞིག་དང་ལྡན་པར་གྱུར་ན། མི་རྣམས་ཀྱིས་དགའ་གུས་ཞུ་ས་ཞིག་ཏུ་ཆགས་ངེས་པ་ལྟ་བུ་ཡིན་པས། དགོན་སྡེའི་ཁྲོད་ནས་སྦྱངས་ན་འདྲ། སློབ་གྲྭའི་ནང་ནས་སྦྱངས་ནའང་འདྲ། ཤེས་ཡོན་ལ་བསླབས་པའི་དམིགས་ཡུལ་ནི། བླང་དོར་དབྱེ་འབྱེད་ཀྱི་བློ་གྲོས་ཐོབ་ནས་མི་བཟང་བོ་ཞིག་ཏུ་ཆགས་རྒྱུ་དེ་ཡིན་པ་རེད།
སྤྱིར་བཏང་། དུད་འགྲོ་དང་མི་གཉིས་ཀྱི་ཁྱད་པར་གཙོ་བོ་ནི། བླང་དོར་གྱི་ཁྱད་པར་འབྱེད་ཤེས་མི་ཤེས་ལ་རག་ལས་པ་ཡིན་ཏེ། མི་ཡིས་འཕྲལ་ཕུགས་ཀུན་ལ་བསམ་བློ་བཏང་ནས་བླང་དོར་འབྱེད་ཤེས་པའི་རྒྱུ་མཚན་གྱིས། འགྲོ་བ་མིའི་རིགས་ཀྱི་དཔལ་ཡོན་འདི་ཟུར་དུ་ཐོན་པ་ཡིན་ཞིང་། བླང་དོར་གྱི་གནས་ཡང་དག་པ་ཤེས་པ་ལ་ནི། ཐོག་མར་ཐོས་པ་བསྟེན་ནས་སློབ་སྦྱོང་བྱེད་དགོས་པ་རེད།
ཡང་གོང་དུ་བཤད་ཟིན་པ་ཞིག་བསྐྱར་དུ་ཞུས་ན། ངས་རྒྱུགས་སྤྲོད་སོགས་གལ་ཆུང་ཞིག་རེད་ཟེར་བ་མིན། དེ་ཁྱེད་རྣམ་པས་ཧ་གོ་དགོས། རྒྱུགས་སྤྲོད་ཀྱིས་སློབ་མའི་སློབ་སྦྱོང་གི་གནས་ཚད་དཔོག་ཐུབ་ལ། རྒྱུགས་ལེན་སྟངས་ཀྱི་ཁ་ཕྱོགས་ཀྱིས་སློབ་སྦྱོང་གི་ཁ་ཕྱོགས་ལ་ཤུགས་རྐྱེན་ཐེབས་ནུས་པ་སོགས་རྒྱུགས་སྤྲོད་ལའང་དགེ་མཚན་མང་པོ་ཡོད། འོན་ཏེ་རྒྱུགས་སྤྲོད་ཙམ་དམིགས་ཡུལ་དུ་བཟུང་བའི་སློབ་གསོ་དེ་འགྲིག་གི་མ་རེད་ཟེར་བ་ཡིན། ང་ཚོ་གྲྭ་པ་ཕར་ཟད། ཁྱིམ་པ་འཇིག་རྟེན་པའི་ཁྲོད་དུ་ཡང་དེ་ལྟར་བཤད་ཀྱིན་ཡོད།
ངས་མིའི་ནུས་པ་དང་བཟང་ངན་ཡོད་ཚད་ལ་རྒྱུགས་ཤོག་སྟེང་ནས་བལྟ་ཐུབ་ཀྱི་མ་རེད་ཅེས་བཤད་པ་ན། འགའ་རེས་རྒྱུགས་ཤོག་ལས་བལྟ་མི་ནུས་པ་དེ་གང་ཡིན་ཞེས་ཀྱང་འདྲི་སྲིད་མོད། སྔར་བཤད་པ་ལྟར། སློབ་མ་དེས་ཐེག་ཆེན་སེམས་བསྐྱེད་ཀྱི་མཚན་ཉིད་དང་། དབྱེ་བ། དོགས་དཔྱོད་སོགས་ཇི་བཞིན་ཤེས་ཡོད་མེད་རྒྱུགས་ཤོག་སྟེང་ནས་བལྟ་ནུས་པ་བདེན་ཡང་། སློབ་མ་དེ་ལ་སེམས་བཟང་པོ་ཡོད་མེད་ལྟ་བུ་ནི་རྒྱུགས་ཤོག་བཀྲམ་ནས་བལྟ་མི་ནུས་ཤིང་། མི་དེས་གནད་འགག་གི་སྐབས་སུ་བྱ་བའི་བླང་དོར་འབྱེད་ཤེས་མིན་ཡང་རྒྱུགས་ཤོག་ནས་མཐོང་དཀའ།
དེས་ན། མི་ཞིག་ལ་སེམས་བཟང་པོ་ཡོད་མེད་དང་། བླང་དོར་འབྱེད་པའི་ཤེས་རབ་ཡོད་མེད་སོགས་ནི་མི་དེའི་འབྱུང་སྤུས་མཚོན་བྱེད་གལ་ཆེན་རེ་རེ་ཡིན་པར་མ་ཟད། འབྱུང་སྤུས་དེ་འདྲ་ཞིག་ལྡན་མིན་ནི་མི་ཚེའི་རྒྱལ་ཕམ་གྱི་རྩ་བ་ཉིད་དུའང་འགྱུར་བས། དེང་སང་འབྱུང་སྤུས་སློབ་གསོའམ་ལེགས་བྱང་གི་སློབ་གསོ་སྟེ། རྒྱ་སྐད་ཀྱི素质教育ཞེས་པ་གཙིགས་སུ་འཛིན་དོན་ཡང་དེ་ཡིན་ནོ། །
དེ་ལ་ལེགས་བྱང་སློབ་གསོ་ཟེར་དགོས་དོན་ཡང་། དེང་སང་མི་ལ་འབྱུང་སྤུས་ཡག་པོ་ལྡན་རྒྱུ་དང་། མི་དེ་སྤྱི་ཚོགས་ལ་ཕན་བདེ་སྐྲུན་མཁན་ཞིག་ཏུ་ཆགས་རྒྱུ་ནི་སློབ་གསོའི་དམིགས་ཡུལ་དུ་རྩི་བཞིན་པ་ལས། ཚན་རིག་ལག་རྩལ་དང་། རྩིས་འཁོར་གྱི་ལག་རྩལ། བཟོ་ལས་ཀྱི་ལག་རྩལ་དང་། ཚོང་ལས་ཀྱི་ཤེས་རྟོགས་སོགས་ཆེད་ལས་ཀྱི་ཤེས་བྱ་དེ་དག་ཙམ་ནི་སློབ་གསོའི་དམིགས་ཡུལ་གཙོ་བོ་མིན་ཟེར་གྱི་འདུག་སྟེ། ཤེས་རབ་ནི་མ་གཞི་ནས་རལ་གྲི་སོ་གཉིས་མ་ཞིག་ཡིན་པས། ཤེས་རབ་ཀྱི་རལ་གྲི་དེས་དགྲ་གཅོད་ལ། རང་མི་གཅོད་པ་ཞིག་ཡོང་བ་ལ་སེམས་བཟང་པོ་ཞིག་གྲོགས་སུ་དགོས་པས་རེད།
སྤྱི་ཚོགས་ལ་ཕན་ཞིག་བཏགས་ན། ཤེས་རབ་ཡོད་མེད་དང་ཡོན་ཏན་ཡོད་མེད་གཉིས་ལས་ཡོད་པ་དེས་ཕན་ཆེན་པོ་འདོགས་ནུས་ལ། དེ་བཞིན་སྤྱི་ཚོགས་ལ་གནོད་ཅིག་བསྐྱལ་ན་ཡང་། ཤེས་རབ་ཡོད་པ་དང་ཡོན་ཏན་ལྡན་མཁན་གྱི་གནོད་སྐྱེལ་བའི་ནུས་པ་ནི་དེ་མེད་པ་ལས་ཐུ་ཡི་རེད། དེའི་ཕྱིར་ན། ཤེས་རབ་རྐྱང་བ་ནི་རལ་གྲི་སོ་གཉིས་མ་ཞིག་ལགས་པས། ཕར་བརྒྱབ་ན་དགྲ་གཅོད་ནུས་ལ། ཚུར་བརྒྱབ་ན་རང་གཅོད་ངེས་པ་རེད།
མདོར་ན། ཤེས་རབ་ཀྱི་རལ་གྲི་དེ་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གང་དུ་བེད་སྤྱོད་གཏོང་མིན་ནི། མིའི་འབྱུང་སྤུས་ལ་ཐུག་ཡོད་པ་དང་། འབྱུང་སྤུས་ཟེར་བ་དེ་ཡང་ལྷན་སྐྱེས་ཁོ་ན་ཞིག་མིན་པར། སློབ་གསོ་དང་ཁོར་ཡུག་གི་ཤུགས་རྐྱེན་སོགས་ཀྱིས་གྲུབ་དགོས་པ་ཞིག་ལགས་ན། བླང་དོར་གྱི་གནས་ལ་ཀུན་ནས་འཐོམས་པའི་མུན་པ་དེ་ནི། ཡང་དག་ཐོས་པའི་སྒྲོན་མེས་བསལ་དགོས་གསུངས་པ་རེད། 《རྣམ་འགྲེལ》དུ། ཚད་མ་དང་ཚད་མིན་གྱི་ཁྱད་པར་ཕྱེ་སྐབས་སུའང་། “བླང་དང་དོར་བྱའི་ངོ་བོ་ཡི། །འཇུག་ལ་དེ་གཙོ་ཡིན་ཕྱིར་དང་། །”ཞེས་དཔལ་ལྡན་ཆོས་གྲགས་ཀྱིས་གསུངས་པ་དེའང་གནད་འགག་དེ་འདྲ་ཞིག་ལ་ཐུག་ཡོད་པས། ཁྱེད་རྣམ་པས་ཧ་གོ་རྒྱུ་གལ་ཆེ།
སེར་མོ་བའི་ཁྲོད་ན་བློ་མིག་གི་ཤོག་ཟུང་སྐྱོང་བའི་དུས་རབས་འདིའི་རྒོད་པོ་ནི་སྒོ་ཤེར་ཙམ་ལས་མ་འདས། ཅིག་ཅིག་ལ་མཁན་པོ་དང་ཉིག་ཉིག་ལ་དགེ་བཤེས་གང་ཞིག་གི་མང་བཏགས་རུང་། མཐར་གཏུགས་ན་དུས་རབས་སྔ་མ་སྔ་མ་ཞིག་གི་བསམ་བློ་ཞིག་བསྐྱར་ཟློས་ཡང་ཟློས་བྱེད་ཤེས་བ་ཙམ་རེད། ཡང་གཅིག་བཤད་ན་དགོན་སྡེ་གྲྭ་ཚང་གི་ཁོར་ཡུག་ནས་གཞལ་ནས་བརྒལ་མ་མྱོང་ལ་བརྒལ་འདོད་ཀྱང་མེད་པའི་བསམ་བློ་ལྦུ་སོབ་དོག་པོ་དེ་ཙམ་ལས་མེད་སོང་བ་རེད། སྒོ་ཤེར་གྱིས་སྔ་ཕྱི་བར་གསུམ་དུ་གྲྭ་བའི་སྡེར་དམིགས་པའི་”ང་ཚོད་སད་རན་དང་། རྒྱུན་ཤེས་སོགས་མང་པོ་མང་པོ་ཞིག་དུས་རབས་འདིའི་ཟས་སྐལ་དུ་བཞག་ཀྱང་མགོ་བོ་ལྕགས་ལྟར་མཁྲེགས་པའི་སེར་མོ་ཚོ་སྔར་བཞིན་གཉིད་དུ་ཡུར་འདུག་པ་མ་ཡིན་ནམ། སྒོ་ཤེར་གྱིས་བསྙད་པ་ལྟར་དུ་ཁྱོད་ཚོ་དངོས་གནས་སད་རན། ཁྱོད་ཚོ་མ་སད་ན་ང་ཚོའི་ཁུར་བོ་རེད། མི་རིགས་འདིའི་གདོས་བོ་རེད། ཁ་གསལ་བོས་བཤད་ན་བཀག་རྡོ་རེད། ཆོས་བའི་གཟུགས་སུ་བསྒྱུར་ཏེ་ཆོས་མི་བྱེད་པ་ཁྱེད་ཚོས་རང་ཉིད་མེ་ལོང་ཞིག་ཏུ་འཇོག་ཚད་རེད། འགན་མེད་པའི་ཁྱེད་ཚོ། མི་ལོ་ཆིག་སྟོང་ལ་རྒྱལ་བོའི་བང་མཛོད་དང་དབུལ་བོའི་ཁུག་སྟོང་ཚུན་ཆད་ཕུལ་ཏེ་ཡར་དཀོན་མཆོག་ལ་བཀུར་ནས་ད་ཐུག་ལ་ཡོང་བ་རེད་མོད། ཁྱོད་ཚོར་ཤོག་བུ་བཙིར་ན་སྣུམ་མི་ཐོན་པ་ཅི་ཡིན་ནམ། དེ་ནི་མདོར་དེད་ན་ཆོས་ཆོས་བཞིན་དུ་མི་བྱེད་ཆོས་གཟུགས་འཛིན་པ་མང་དྲགས་པས་རེད་དོ།། ཤ་གཟན་ཁྱོད་ཚོས་ཐེག་དམན་པའི་དགེ་སློང་དག་ལ་ལྟོས་དང་། ཁྱོད་ཚོ་ནི་དངོས་གནས་སྔགས་རྒན་སྐོར་ཞིག་མ་ཡིན་ནམ།
རྒྱུགས་སྤྲོད་དགོས། མ་སྦྱང་ཐབས་མེད། མི་གཞི་གསོ་བར་དགོན་པ་རྣམས་བེད་སྤྱད་ནས་དགོན་པའི་ནང་ལ་མི་གཞིའི་སློབ་གསོ་སྤྲོད་ན་བཟང་།
སློབ་གསོ་དང་ལས་ཀ་འབྲེལ། སློབ་གསོ་དང་ལྟོ་གོས་འབྲེལ། དེར་བརྟེན། སློབ་གསོ་དེ་སྐད་ཡིག་སྦྱང་རྒྱུ་དང་རིག་གཞུང་སྦྱང་རྒྱུ་གཅིག་པུར་བསམས་ན་ནོར་འཁྲུལ་ཆེ། སློབ་གསོ་ནི་དང་པོ་འཚོ་བའི་མིག གཉིས་པ་འབྲེལ་ལམ་གྱི་རྣ། གསུམ་པ་སྤྱི་ཚོགས་ཐེག་པའི་དཔུང་པ། བཞི་པ་བུ་ཕྲུག་གསོ་བའི་ལག ལྔ་པ། གཞན་ཕན་སྒྲུབ་པའི་རྐང་པ་ལྟ་བུ་རེད།
སློབ་གསོ་ཡག་པོ་ཟེར་ན་ཆ་ཚང་བའི་སློབ་གསོ་རེད། དེའི་ནང་ལྟོ་གོས་འཚོལ་བའི་ཐབས་ཡོད་པ། རིག་གཞུང་སྦྱོང་བའི་ཤེས་བྱ་ཡོད་པ། སྐད་ཡིག་བཀོལ་བའི་ཁོར་ཡུག་ཡོད་པ། གསར་གཏོད་རྙེད་པའི་རིགས་པ་ཡོད་པ། བསམ་གཞིགས་བྱེད་པའི་རིགས་པ་དང་དབེན་པ་ཡོད་པ། དཀྱེལ་བསྐྱེད་པའི་རྒྱབ་སྐྱོར་དང་དཔུང་འདེགས་ཡོད་པ་ལ་ཆ་ཚང་བའི་སློབ་གསོ་ཟེར།
ང་ཚོའི་སློབ་གསོ་དེ་ཅི་རེད།
ང་ཚོའི་སློབ་གསོའི་ནང་ལ་ཡོད་པ་དེ་གང་རེད།
མེད་པ་དེ་གང་རེད།
དགོས་པ་དེ་གང་རེད།
མི་དགོས་པ་དེ་གང་རེད།
དེ་དག་ལ་བསམ་གཞིགས་བྱས་ནས་བགྲོ་གླེང་བྱས་ན་སློབ་གསོ་ངར་མ་ཞིག་ཡོང་།
ནམ་རྒྱུན་དྲ་སྟེང་ལ་འཆན་ནག་རྒྱག་པའི་གོམས་སྲོལ་འདི་ཡག་པོ་མི་འདུག མནོ་བསམ་མི་གཏོང་བར་སྔ་ཕྱིར་མི་ལྟ་བར་ཚོད་ཚོད་ལ་དགོན་པ་གྲྭ་ཚང་ལ་དོན་མེད་བསྐུར་འདེབས་ཚད་འདས་བ་ཤོར་འགྲོ་བཞིན་འདུག འཐོལ་ལོ་གཤགས། བཅོམ་ལྡན་འདས་ཀྱི་བཅས་བ་ཚུལ་བཞིན་དུ་སྲུང་བའི་འཕགས་པའི་སྐྱེ་བུ་རྣམ་པ། དགོངས་དག་མཛོད། རྒྱལ་བའི་བཀའ་རིན་པོ་ཆེ་ཟབ་ཅིང་རྒྱ་ཆེ་བ་མཐའ་དག་རྣམ་དཔྱོད་ཀྱི་པང་དུ་བླངས་ཏེ་ཐོས་བ་རྣལ་མ་མཛད་པའི་དགེ་འདུན་པ་རྣམ་པ། ཁྱེད་ཅག་བཤད་དུ་མེད་ཅིང་ཟ་ཟུར་ནས་ཁྱེད་ཅག་ལ་ཕོག་འགྲོ་བའི་སྨྱོ་གཏན་ཡ་མ་བརླ་དེ་འདྲ་ཤོར་འགྲོ་བཞིན་འདུག ཆེད་དུ་དམིགས་ས་དེ་དགོན་པ་ནས་མཐར་མ་ཕྱིན་སྤྱི་ཚོགས་ཀྱི་གྲས་སུ་མ་ཚུད་པའི་དེང་གི་གྲྭ་ལོག་ཁ་ལག་གཉིས་ཀ་འདུག་མི་བཟོད་པར་དོན་མེད་དྲ་སྟེང་ནས་དཀྲུགས་ཤིང་རྒྱག་མཁན་དེ་ཚོར་གཟས་བ་ཡིན་ཏེ་ཡི་གེ་ལྷུ་སྒྲིག་སྟངས་ཤིག་གིས་ཚོགས་ངན་པ་བསགས་འདུག སངས་རྒྱས་ཐུགས་རྗེ་ཅན་གྱི་དགོངས་ཡངས་མཛོད་ཅིག ཚེ་རབས་དུ་རྗེས་སུ་བཟུང་དུ་གསོལ།