རས་པ།
མདའ་མོ་ཞིག་སྙིང་ལ་བསྣུན་པ་ལྟ་བུའམ
ལུས་ལ་སྦྲིད་སྨན་བཏབ་པ་ལྟ་བུའི
ལྷན་འཛོམས་དང་གྱེས་བྲལ་དགའ་སྡུག་གང་ལ་བརྗོད་མ་ཐུབ་པ་ལྟ་བུའི
ཁྱོད་ཀྱི་སྤྱན་དཀྱུས་ཟིལ་བ་ཁྲོམ་མེ་བ
ཁྱོད་ཀྱི་ལག་ཟུང་འཇམ་ཤ་ལྷོད་ལེ་བ
ཁྱོད་ཀྱི་བྲང་གཞུང་མཚོ་མོ་ལྟ་བུ་དེ
ཡངས་པའི་རྩྭ་ཐང་ནས་རྟ་མཆོག་གི་བང་དང་བསྡེབས་ནས
སེར་ཆེན་མེ་ཏོག་གི་གཞུང་ལ་རྒྱུགས་པ་བཞིན་ནོ
སུ་དང་གང་གིས་ཡང་མི་ཤེས་པའི་ཁང་མིག་ཆུང་ཆུང་འདི
རྩྭ་ཐང་ཆེན་པོ་རུ་ཅི་ལྟར་འགྱུར་བར་ནུས
འོན་ཏེ ས་ཡི་གངས་ལྗོངས་གནམ་ལ་སྤོ་བའི་འཆར་ཡན་ང་ལའང་ཡོད་འོས་ཏེ
རྟ་མཆོག་གི་རྨིག་སྒྲ་ནི་སྙན་ཞིང་འཇེབས་པའི་རོལ་དབྱངས་ལྟ་བུའམ
འབྲི་མོ་དཀར་མོ་བཞོ་དབྱངས་ལྟ་བུ
རྔན་པ་དང་མངགས་བཅོལ་བརྗེ་དུས་ཀྱི་ཨ་མའི་གསུང་དབྱངས་ལྟ་བུ་སྟེ
མི་རྣམས་རོལ་དབྱངས་ལ་དགའ་བ་འདི་ལ་ཐུག་པ་བཞིན་ནོ
རྟག་བརྟན་གྱི་མཛེས་པ་ནི་གཉེར་རིས་ཡིན་པར་ངེས་ན
ན་གཞོན་པའི་སྤྲོ་སྐྱིད་འདི་དག་ནི་གྲ་སྒྲིག་བྱེད་པ་ཙམ་སྟེ
གསོན་མྱོང་བའི་མི་ཞིག་གི་མཐའ་མའི་རྨི་ལམ་དེ
བརྩེ་སེམས་ལྡན་པ དྲོལ་ཁོལ་ཡོད་པ
འདོར་བར་དཀའ་བའི་ཚོར་སྣང་གི་རླབས་རྒྱུན་འཕྱོ་བ་ཞིག་སྟེ
དཔེ་དེབ་ལག་ཏུ་བཟུང་ནས་གཉིད་འོངས་པར་སུན་སྣང་སྐྱེས་པ་བཞིན་ནོ
དེ་ཡང་མ་ཡིན་ཏེ ཁམས་འབྲས་མཚར་བའི་བུ་མོ་ཞིག་ལ་ཐུག་པ
ཐུག་པ་ནས་དུངས་པ
འགྲོགས་པ་དང་བྲལ་བའི་བར་གྱི་གཏམ་རྒྱུད་ལྟ་བུ་ཞིག་སྟེ
ཧ་ཅང་བརྗེད་ཐབས་བྲལ་བ
སེམས་ལ་ན་ཚ་རྒྱུན་པར་སྤེལ་བའི
སླར་ཡང་འདུ་ཐབས་མེད་པ
འདུས་ཀྱང་མཐུན་ཐབས་མེད་པ
སུ་ཞིག་གི་ཐོག་མའི་བརྩེ་དུང་ཡིན་པ་དེ་བཞིན་ནོ