ཆབ་བྲག་ལྷ་མོ་སྐྱབས།
རྒྱ་ནག་གུང་ཁྲན་ཏང་དང་དམག་དཔུང་གིས་༡༩༤༩ལོར་ཀྲུང་གོ་གསར་བའི་རྒྱལ་ཁབ་བཙུགས་པའི་རྒྱལ་སྟོན་དང་དུས་མཉམ་གངས་ཅན་བོད་ལ་ལོ་རྒྱུས་ཀྱི་གོད་ཆག་གསར་བ་ཞིག་གི་ལམ་སྣེ་བཏོད་ཅིང་ལམ་སྣེ་དེ་ཐབས་བརྒྱ་ཇུས་སྟོང་གིས་ཆེར་བསྐྱེད་དེ་བོད་ཀྱི་རྒྱལ་ས་ལྷ་སའི་སྙིང་ཁར་བརྟོལ། དུས་དེ་ནས་བཟུང་ས་ཡི་སྙིང་དང་མི་རིགས་ཀྱི་སྙིང་གཉིས་ཀ་ཚལ་བར་གཤགས་ཏེ་དུས་རབས་ཕྱེད་ལྷག་འདས་ཀྱང་གས་ཆག་ཏུ་སོང་བའི་སྙིང་དམར་པོ་དེ་གཉིས་ཀྱི་འཕར་རྩ་ནམ་ཡང་འཇགས་མྱོང་མེད། ས་གནས་ལ་ལར་སྲིད་གཞུང་གི་ཁང་པ་སོགས་ལ་མེ་རྒྱག་ཆུང་ངུ་རེ་དང་སྒོ་སྒེའུ་ཙམ་རེ་གཏོར་བཅོམ་གྱི་ཁུ་ཚུར་མང་པོ་ཞིག་ཀྱང་གཡུགས་མྱོང། དེ་དག་རེ་རེ་ལ་ཁག་དཀྲི་དང་བསྙོན་འཛུགས་དུ་མས་དྲག་གནོན་ཡ་ང་བ་དུ་མ་བྱས། ཁོ་ཚོས་མདའ་མཚོན་བཟུང་ཡོད་པས་ཁུ་ཚུར་ཕྱར་མཁན་དག་གནོན་ཐུབ་ངེས་ཀྱི་སྟོང་བསམ་བཅངས། (དཔེར་ན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་དྲག་གནོན་བཞིན་ཁུ་སིམ་མེར་འགྲོ་རྒྱུར་ཚོད་དཔག་བྱས།)དེ་རིང་ཁོ་པ་ཚོས་ཚོད་དཔག་དེ་ནོར་ཡོད་པར་ངོས་ཟིན་འཐོབ་པའི་ཆོ་ག་གསར་བ་ཞིག་མཐོང་ཡོད།
རྒྱ་གར་དུ་རྒྱ་གཞུང་ལ་མེ་གཏོང་དང་གཏོར་བཅོམ་སོགས་ཀྱི་བྱ་བ་རྩོམ་ས་མེད་ན་ཡང་རྒྱ་གཞུང་གི་དཔོན་ངན་མང་པོ་ཞིག་གི་འདྲ་གཟུགས་གང་མང་ཞིག་བསྲེགས་ཡོད། ༡༩༩༨ལོའི་ཟླ་བཞི་བར་དཔའ་བོ་ཐུབ་བསྟན་དངོས་གྲུབ་མཆོག་གིས་གསོབ་གཟུགས་དེ་དག་བསྲེགས་པས་འདོད་པ་མ་ཚིམ་པར་རང་ལུས་མཆོད་མེར་སྦར་ཡོད། གསར་འགྱུར་དེ་ལམ་སང་རྒྱལ་སྤྱིར་ཁྱབ་ཅིང་བོད་གཞིས་བྱེས་གཉི་གར་དྲན་སྐུལ་ཟབ་མོ་ཞིག་དང་སྤོབས་པ་གསར་བ་ཞིག་སྦར་ཡོད། འོན་ཀྱང་མཆོད་མེ་དེ་ག་ལེར་གཟིམ་ལ་ཉེ་དུས་སླར་ཡང་༢༠༠༩ལོའི་ཟླ་༢་ཚེས་༢༧ཉིན་ཨ་མདོ་རྔ་བར་དཔའ་རྒོད་བཀྲ་བྷེ་ཡིས་མཆོད་མེ་དེར་ཁ་གསོས་ཏེ་སླར་ཡང་བོད་མི་ཚོའི་སེམས་ལ་འོད་སྣང་ཞིག་སྦྱིན། དེ་རྗེས་༢༠༡༡་ཟླ་༣་ཚེས་༡༦ལ་དཔའ་རྒོད་བློ་བཟང་ཕུན་ཚོགས་དང། དེ་རྗེས་ཟླ་༨་ཚེས་༡༥་ལ་རྟ་བོའི་དཔའ་རྒོད་ཚེ་དབང་ནོར་བུ་དང། དེ་ནས་བསྟུད་མར་ཁ་སང་གི་བར་དུ་དཔའ་རྒོད་བློ་བཟང་སྐལ་བཟང་དང་བློ་བཟང་དཀོན་མཆོག་དང་བློ་བཟང་དབང་ཕྱུག་དང་ཆོས་འཕེལ་དང་མཁའ་དབྱིངས་དང་ནོར་བུ་དགྲ་འདུལ་དང་བཙུན་མ་བསྟན་འཛིན་དབང་མོ་སྟེ་རྒྱལ་གཅེས་དཔའ་བོ་དཔའ་མོ་མང་པོས་རང་ལུས་མཆོད་མེར་བསྒྲོན་ནས་འོད་སྣང་གིས་འཛམ་གླིང་ཁྱབ་པར་བྱས།
རང་སྲོག་ལ་རྒོལ་བའི་ད་ལྟའི་ཞི་རྒོལ་གསར་བ་འདི་ལ་སྔོན་མ་ལྟར་དམག་དཔུང་གི་མེ་མདའ་བཀོལ་ས་མེད་པར་གྱུར་པ་མ་ཟད་ད་དུང་མེ་གསོད་དང་སྨན་བཅོས་ཀྱིས་ངོ་རྒོལ་བ་སྐྱོབ་ཐབས་བྱེད་དགོས་པའི་བསམ་ཡུལ་ལས་འདས་པའི་གནས་ཚུལ་ཞིག་ཆགས། ཐ་ན་གསར་ལམ་ཁག་ཏུའང་ཞི་རྒོལ་བའི་སྲོག་ལ་ཉེན་ཁ་ཆེ་ན་ཡང་མི་ཆེ་ཚུལ་དང་དཔའ་བོ་དེ་དག་བསམ་བློ་སྨིན་པའི་ལོ་ཚད་ལོངས་པ་ཏག་ཏག་ཡིན་ན་ཡང་བྱིས་པ་ཡིན་ཚུལ་ལ་རྫུན་བཟོ་བྱེད་དགོས་པའི་འུ་ཐུག་གི་གནས་སུ་གྱར། རྒྱུ་མཚན་ནི་ཁོང་ཚོས་མི་རིགས་ཤིག་གི་བདེ་སྡུག་ཆེད་དུ་སྐུ་སྲོག་བློས་གཏོང་གིན་ཡོད་པས་མི་རེ་རེས་རང་ལུས་གསོན་བསྲེགས་ཀྱི་ན་ཚ་དེ་ལས་ཀྱང་སེམས་ཁོང་གི་སྡུག་བསྔལ་ཆེ་བ་མཚོན་ཡོད་ལ། དེའི་འབྱུང་རྩ་ཉིད་ནི་ཏང་ཀྲུང་དབྱང་དང་དེའི་དམག་དཔུང་ལ་ཐུག་ཡོད་པ་བསྟན་ཡོད། འཇིག་རྟེན་ན་བདེན་པའི་ར་སྤྲོད་ལ་རང་སྲོག་དཔང་དུ་འཛུགས་པ་ལས་ལྷག་ཅི་ཡོད། མཆོད་མེ་གསོན་པོ་འདི་དག་གིས་དགྲ་བོའི་སྙིང་རྩ་སྲེག་པར་བྱེད་པ་མ་ཟད་གཉེན་གྱི་གདུང་སེམས་དང་དཔའ་ངར་ཡང་ཧ་ཅང་ཚད་མཐོར་སྐྱེལ་ཐུབ་པ་འདི་རེད། དེ་བས་ཚེ་སྲོག་གི་མཆོད་མེ་རེ་རེ་འདི་པེ་ཅིང་སྲིད་གཞུང་ལ་མཚོན་ན་མེ་སྒྱོགས་ཆེན་པོ་རེ་རེ་ལས་འཇིགས་སྣང་ཆེ་བ་ཡིན། ང་ཚོས་ཁོང་ཚོའི་སྐུ་སྲོག་ལ་ཕངས་སེམས་ཅི་འདྲ་ཆེ་ན་ཡང་སྙིང་ཅི་འདྲ་རྗེ་ན་ཡང། ཁོང་ཅག་གི་དང་བླང་གི་བློས་གཏོང་ཆེན་པོའི་ལྗིད་ཚད་དེ་ཇི་ལྟར་ཤེས་དགོས། རང་དབང། འདྲ་མཉམ། ཐོབ་ཐང། དྲང་བདེན། མདོར་ན་བོད་མི་རིགས་ཀྱི་བདེ་སྐྱིད་གསར་བ་ཞིག་གི་སླད་དུ་ཁོང་ཚོས་གཡུལ་སའི་དཔའ་རྟུལ་ཞིག་དང་འདྲ་བར་གདོང་མཆོང་གནང་བ་འདིས་བདག་ཡིད་ཚིམ་སོང་ལ། ཡིད་ཆེས་དང་རེ་བ་སྦར་སོང། རྒྱལ་ཁའི་གཡུལ་འགྱེད་ཅིག་གི་རྔ་ཆེན་རོལ་དབྱངས་ལྟ་བུར་འཛམ་གླིང་ལ་ཡང་གྲགས་སོང།
བཙན་བྱོལ་བོད་གཞུང་དམངས་ཀྱིས་ཀྱང་ཐུགས་ཐག་ཆོད་པོའི་སྒོ་ནས་དཔའ་བོ་རྣམ་པར་མྱ་ངན་གུས་འདུད་དང་བཅས་གཞིས་ལུས་རྒྱ་ཆེའི་མི་དམངས་ལ་གདུང་སེམས་མཉམ་སྐྱེད་ཀྱི་བཅོས་མིན་རྣམ་འགྱུར་ཞིག་སྟོན་འགོ་ཚུགས་སོང་ལ། རྒྱལ་སྤྱིར་དྲིལ་བསྒྲགས་ཀྱི་ནུས་པ་ཡང་མི་དམན་པ་ཞིག་ཐོན་ངེས། ལྷག་པར་དུ་ཡང་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་དང་༸རྒྱལ་བ་ཀརྨ་པ་མཆོག ཨ་ལགས་ཀིརྟི་རིན་པོ་ཆེ་མཆོག་རྣམ་གསུམ་དབུ་བཞུགས་ཀྱི་བཙན་བྱོལ་གཞུང་དམངས་སེར་སྐྱ་ལྔ་སྟོང་ལྷག་གིས་ཉིན་གཅིག་དུས་གཅིག་ལ་སྨྱུང་བར་གནས་ཏེ་སྐྱབས་འཇུག་དང་སྨོན་ལམ་གྱི་ཆོ་ག་རླབས་ཆེན་ཞིག་མཛད་ཚུལ་འདི་ནི་སྐུ་གཤེགས་དཔའ་རྒོད་རྣམ་པའི་རྣམ་ཤེས་ལ་སྐྱེལ་མ་བླ་མེད་ཅིག་ཡིན་པར་མ་ཟད་ཤུལ་ལུས་གཉེན་ཉེ་དག་གིས་གཙོས་གཞིས་ལུས་མི་དམངས་ཡོངས་ལ་ཡང་དགའ་དད་དང་རེ་སྤོབས་གསར་བ་ཞིག་སྐྱེད་པའི་གཞི་རྩར་འགྱུར་ངེས་པ་ཡིན། ཕལ་ཆེར་རང་ལུས་མཆོད་སྦྱིན་གྱི་ཆོ་ག་འདི་ལས་གཞན་ཡང་ཞི་རྒོལ་གྱི་ཐབས་ཚུལ་སྣ་མང་གི་ལས་འགུལ་ཆུ་བོའི་གཉེར་མ་བཞིན་བསླང་སྲིད།སློང་དགོས་ངེས། དཔའ་རྒོད་དུ་མ་ཞིག་རྦབ་རྡོ་བཞིན་དུ་འགྲིལ་འོང་ཡང་སྲིད།
དེས་ན་སྐབས་འདིར་ང་ཚོའི་གཞུང་དམངས་ཆང་མས་རྒྱལ་སྤྱིའི་མི་རིགས་སྤྱི་དང་ལྷག་པར་ཀྲུང་གོའི་མི་རིགས་གཞན་དག་དང་སྐྱིད་སྡུག་མཉམ་མྱོང་གི་ལས་གཞི་གསར་བ་མྱུར་སྤེལ་གྱིས་རྒྱ་རིགས་དམངས་གཙོ་དོན་གཉེར་བས་གཙོས་ཞི་རྒོལ་ཆེན་མོའི་རྒྱ་མཚོའི་རྦ་རླབས་ཐེངས་གཉིས་པ་ཞིག་ཀྲུང་གོར་བསླངས་ཐུབ་ན་ད་གཟོད་ཀྲུང་གོ་དམངས་གཙོ་ཅན་དུ་འགྱུར་བའི་རླབས་ཆེའི་གསར་བརྗེ་ཞིག་འབྱུང་སྲིད་ལ། དེའི་མཚུངས་བོད་སོགས་ལ་ཡང་མཐོ་ས་རང་བཙན་ནས་དམའ་ས་རང་སྐྱོང་གང་ཞིག་འཐོབ་ངེས། དེ་འདྲའི་གཞི་རྒྱ་ཆེ་བའི་ཞི་རྒོལ་ཞིག་འབྱུང་སྲིད་པར་རྒྱུ་རྐྱེན་ཚང་བཞིན་ཡོད་ལ། དེ་ལ་དེ་སྔོན་ལྟར་གྱི་དྲག་གནོན་ཞིག་བྱེད་དཀའ་བ་ཡང་མོ་རྒྱག་མི་དགོས་པ་ཞིག་རེད། གལ་ཏེ་སླར་ཡང་བཅིངས་འགྲོལ་དམག་གིས་རང་གི་རྒྱལ་འབངས་ཁྲི་འབུམ་དུ་མ་ཞིག་དམར་གསོད་གཏོང་རྒྱུར་ཐུག་ན་དམག་དཔུང་བར་ལ་ཡང་དམག་འཁྲུག་འབྱུང་ཉེན་ཆེ་བའི་གནས་སྟངས་ཤིག་བདག་བློའི་ཆུ་བུར་མིག་ལ་གསལ་བར་སྣང་ངོ། དེ་བས་རང་ཉིད་ནས་ཀྱང་དྲ་ལམ་འདིར་དམག་སྤྱི་ཞིག་གི་ཚུལ་དུ་བཀོད་འདོམས་ལ་འབད་རྒྱུར་ཆོད་སེམས་བརྟན་པོ་བཞག་ཡོད།
ང་ཚོའི་ཁ་གཡང་ངམ་བརྩོན་ལེན་གྱི་དགོས་འདུན་ནི། ‘མི་རིགས་འདྲ་མཉམ’དང། ‘མི་རིགས་རང་སྐྱོང’། ‘མི་དམངས་ལ་འགྲོ་བ་མིའི་ཐོབ་ཐང’། ‘ཀྲུང་གོ་ལ་ཡང་དག་པའི་དམངས་གཙོ་ཞིག་དགོས་ངེས་པ’བཞི་བོ་འདིས་བོད་མི་རིགས་རང་ཉིད་དང་བཅས་པའི་ཀྲུང་གོའི་མི་རིགས་ཁག་ལྔ་བཅུ་ལྷག་གམ་མི་དམངས་དུང་ཕྱུར་མང་པོའི་རེ་འདུན་སྐོང་ཐུབ་པ་དང་རེ་བ་འདི་དག་སྔ་ཕྱི་མ་གཏོགས་མངོན་འགྱུར་ཡོང་བར་ཡང་བདག་ཡིད་ཆེས་བརྟན་པོ་ཡོད། རེ་བ་རྒས་མེད་འཆི་མེད་ཡིན།
དེས་ན་བདེན་པའི་མཐུ་ཡིས་བདེན་མཐའ་གསལ་བ་ལ་བདེན་སྐྱོང་ཞི་རྒོལ་འདི་མུ་མཐུད་རླབས་བཞིན་འཕྱུར་དགོས་པས་ང་ཚོས་ཆིག་སྒྲིལ་གྱི་དཔུང་ཤུགས་ཀྱིས་འཚེ་མེད་བདེན་པའི་རྒྱལ་རྔ་ཤུགས་ཀྱིས་རྡུང་དགོས། “བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག།”
སྤྱི་ཟུར་ཆབ་བྲག་ལྷ་མོ་སྐྱབས་ཀྱིས།༢༠༡༡།༡༠།༡༩།དགོང་མོར།
༼དབྱངས་ཅན་སྒྱུ་འཕྲུལ་དྲ་བ་ http://www.chapdaklhamokyab.fr/ ལས་འདིར་འདྲེན་བཀོད་ཞུས་པ་ལགས།༽
ལེགས་པོ་ཞིག་བྲིས་གནང་འདུག བཀའ་སྤྱི་གཉིས་ནས་ད་ལྟའི་མི་མང་གི་ལས་འགུལ་གྱི་འབོད་ཚིག་གི་དགོས་འདུན་གྱི་འཕྲེད་དར་མང་དག་ཅིག་འདུག་པ་དེ་དག་ཐམས་ཀྱི་གནད་དོན་ཆབ་བྲག་ལགས་ཀྱི་འབོད་ཚིག་བཞིར་འདུས་པ་ཡིན་ནམ། གང་ལྟར་འགོ་འདོམ་ལེགས་པོ་ཞིག་གིས་དམག་སྲིད་འཁྲིད་ཀྱིན་ལ་བསྔགས།
རྒན་ལགས་ཀྱིས་རྩོམ་བྲིས་གནང་བ་ལ་ཐུགས་རྗེ་ཆེ་ཞུ། ཁ་སང་དེ་རིང་ང་ཚོའི་རྣམ་དཔྱོད་ཡོད་ན་མེད་ན་བཏོན་རན་རེད་སྙམ།
ཆིག་སྒྲིལ་གྱི་དཔུང་ཤུགས་ནི་ནུས་སྟོབས་ཆེ་ལ། དེས་བསྒྲུབས་མི་ཐུབ་པ་གང་ཡང་མེད། ད་ལྟའི་ཁ་ཕྱོགས་གང་དུ་འགྱུར་མིན་ཆིག་སྒྲིལ་ལ་རག་ལས། རང་གི་མངོན་པར་འདོད་པའི་དོན་ཆིག་སྒྲིལ་གྱིས་ཐག་ཆོད་བྱེད་མ་ཐུབ་པ་གང་ཡང་ཡོད་པ་མ་རེད། དེས་ན་ལམ་མ་ནོར་བ་དང་ཡང་དག་པའི་རྒྱབ་རྟེན་དགོས།
ངོ་ནས་ཡག་པོ་བྲིས་འདུག་བཀའ་དྲིན་ཆེ།