༼ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༡༨ ཉིན་བོད་ནས་འབྱོར་བའི་གནས་ཚུལ་ཁག་ཅིག༽
དེང་སྐབས་རྔ་པ་ཀིརྟི་དགོན་པའི་ཕྱི་ནང་དུ་ཉེན་རྟོག་པ་དང་དམག་མི་སོགས་ཀྱིས་དམ་བསྒྲགས་སྔར་བཞིན་ཡོད་པའི་འོག་ནས་གྲྭ་མང་ཚོགས་ཆུང་ཁག་བགོས་བྱས་ཏེ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བ་མུ་མཐུད་སྤེལ་བཞིན་པར་མ་ཟད། ཉིན་ཤས་གོང་གྲྭ་པ་རྣམས་ལ་ཡིག་ཆ་རེ་བཀྲམས་ཡོད་པའི་ནང་ལ། དེ་སྔ་རྒྱ་གར་ལ་སོང་མྱོང་བ་རྣམས་དང༌། ཆབ་སྲིད་ཀྱི་ནག་ཉེས་ཕོག་མྱོང་བ་རྣམས། ད་ལོའི་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བའི་ལས་འགུལ་ནང་མཉམ་ཞུགས་མ་བྱས་པ་རྣམས། དེ་མིན་ད་ལོ་དགོན་པའི་ནང་ནས་གནས་དབྱུང་བཏང་བར་བསྙད་པའི་གྲྭ་པ་བཅས་གཅིག་ཀྱང་དགོན་པའི་ནང་ལ་གཏན་ནས་སྡོད་མི་ཆོག་ཚུལ་ནན་བརྗོད་བྱས་ཡོད་པ་དང༌། གྲྭ་པ་རྣམས་ལ་གྲྭ་པའི་ཐོབ་ཐང་ལག་ཁྱེར་ཟེར་བ་ཞིག་བཟོ་དགོས་ཚུལ་གླེང་བཞིན་ཡོད་ནའང༌། གྲྭ་མང་གིས་དེ་སྔ་ཡོད་པའི་གྲྭ་པ་ཚང་མ་དགོན་པའི་ཡོང་མ་བཅུགས་པ་ཡིན་ན་ལག་འཁྱེར་གཏན་ནས་ལེན་རྒྱུ་མིན་ཚུལ་གྱིས་དེ་ལ་མོས་མཐུན་གནང་གི་མེད་པར་མ་ཟད། དེའི་སྐོར་གླིང་བར་སོགས་ལ་ཡི་གེ་སྦྱར་འགྲེམས་བྱས་པ་སོགས་ཀྱི་གནས་ཚུལ་ཡང་ཡོང་གི་ཡོད་འདུག
ཕྱི་ཚེས་ ༡༥ ཉིན་རྟའུ་ནས་དཔའ་བོ་ཚེ་དབང་ནོར་བུས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་བའི་ཉིན་མོ་དེར་རྔ་པའི་ས་ཁུལ་ཡོངས་ལ་ཁ་པར་གྱི་བརྡ་རྟགས་བཅད་ཡོད་པ་དང༌། དེ་རྗེས་རྔ་པའི་ཕྱོགས་ཡོངས་ལ་དམག་མི་མང་པོ་འགྲེམས་འཇོག་གིས་དམ་བསྒྲགས་སྔར་བས་ཤུགས་ཆེ་རུ་བཏང་ཡོད་འདུག ཕྱི་ཟླ་ ༣ ཚེས་ ༡༦ རྗེས་ནས་ད་བར་རྔ་པའི་ཁྲོམ་གཞུང་དུ་ཡོད་པའི་དྲ་རྒྱ་ཁང་གཅིག་ཀྱང་སྒོ་ཕྱེ་མེད་པར་མུ་མཐུད་སྒོ་བརྒྱག་བཅུག་ཡོད་ལ། ལག་ཁྱེར་ཁ་པར་ནས་འཕྲིན་ཐུང་གཏོང་ལེན་བྱེད་རྒྱུ་ཡང་མུ་མཐུད་བཀག་སྡོམ་བྱས་ཡོད་འདུག་པ་བཅས། བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༡༨ ལ།
རྒྱ་གཞུང་གི་ཇི་ལྟར་དྲག་གནོན་བྱས་ན་ཡང་བོད་མི་ཚོས་སྙིང་སྟོབས་ལ་འགྱུར་བ་ཡོད་མི་སྲིད་གྲྭ་པ་དེ་ཚོས་ད་དུད་ལག་འཁྱེར་མི་ལེན་རྒྱུ་ཧ་ཀྱང་གལ་ཆེན་རེད། མི་མཐུད་བཟོད་སྒོམ་གནང་དགོས་པ་གལ་ཆེན་རེད་དྲན་བཞིན་ཡོད། བོད་མིའི་བསམ་བློའི་ཁ་ཕྱོགས་འགྱུར་ཚར་ཡོད་པ་བསལ་བོ་རེད་དེ་འདྲ་ཡིན་དུས་དམར་གཞུང་གིས་དྲག་གནོན་ཇི་ལྟར་བྱས་ཀྱང་ཕན་པ་མེད་པ་གསལ་བོ་རེད།
གྲྭ་མང་གིས་དེ་སྔ་ཡོད་པའི་གྲྭ་པ་ཚང་མ་དགོན་པའི་ནང་ལ་ཡོང་མ་བཅུགས་པ་ཡིན་ན་ཞེས་བཅོས་ཏེ་ཀློག་པར་འཚལ།