དཔལ་འབྲུག་མོ།
རྔ་བ་མེ་རོ་ལགས་ནི་གེ་སར་ཞིབ་འཇུག་པ་ཞིག་ཡིན་ལ། སྙན་ངག་མཁན་ཞིག་ཀྱང་རེད། ཁོང་གིས་‘‘འབྲུག་མོའི་ཇ་མཁར་’’ནང་དུ་ངྷ་རམ་ས་ལར་ཡོད་པའི་‘‘སྙན་ངག་གི་ཇ་ཁང་’’གི་བརྙན་ཐུང་ཞིག་བསྐུར་སོང་། དེ་ལ་བལྟས་པས་ཁོས་ངྷ་སའི་ཁོར་ཡུག་ཆུང་ཆུང་དེ་ནས་རང་ཉིད་ལ་དབང་བའི་སྙན་ངག་གི་ཇ་ཁང་ཞིག་སྒོ་ཕྱེ་འདུག་པ་དང་། ཇ་ཁང་དེ་ནི་ཧ་ཅང་ཆུང་ཆུང་ཞིག་ཡིན་ཚུལ་བཤད་པ་སོགས་ཀྱང་གོ་སོང་།
ད་དུང་བརྙན་ཐུང་དེའི་ནང་དུ། ཕ་ཡུལ་གྱི་ཡུལ་མི་དང་ཤ་ཉེ་སོགས་ངྷ་སར་གནས་མཇལ་ལ་ཡོང་དུས། ཁོ་ཚོས་ཁོང་ལ་བཤད་རྒྱུར། “ཁྱོད་ཀྱིས་ས་མཐའ་འདི་ནས་ཇ་ཁང་འདི་འདྲའི་ཐབས་རྡུགས་ཤིག་གཉེར་དགོས་དོན་ཅི་ཡིན་ནམ། དངོས་གནས་ང་ཚོར་མཚོན་ན་ངོ་སོ་མེད་པ་ལྟ་བུ་རེད། ཡུལ་མི་ཚོའི་དཔལ་འབྱོར་གནས་སྟངས་ལ་གཞིགས་ནའང་ཁྱེད་འདི་འདྲའི་འུ་ཐུག་དགོས་དོན་མེད། ང་ཚོ་ནང་མི་ཚོས་དཔལ་འབྱོར་ཅུང་ཙམ་བསྡུ་རུབ་ཀྱིས་ཁྱེད་ཀྱིས་འདི་ལས་ཆེ་བའི་ཟ་ཁང་ཞིག་ཕྱེ་ཆོག་” རྔ་བ་མེ་རོས་”མིན་མིན། ང་ལ་འདི་འདྲ་ཞིག་གིས་ཆོག་”ཅེས་བཤད་པའང་ཤེས་པར་གྱུར།
གང་ལྟར་བློ་ལ་མི་ཤོང་བའི་ང་དང་ཉན་མཁན་ཚོས་ཅི་ཡིན་ནམ་སྙམ་ནས་སྡོད་སྐབས། རྔ་བ་མེ་རོས་མུ་མཐུད་དུ་བཤད་རྒྱུར། “ང་ལ་མཚོན་ན་ཇ་ཁང་འདི་ནི་ཚོང་ལས་ཀྱི་ཁེ་ཕན་ཆེད་དུ་མ་ཡིན་པར་རང་ཉིད་ཀྱི་སྙན་ངག་གླེང་སའི་ཁོར་ཡུག་ལ་བཙུགས་པ་ཡིན་”ཟེར། ཡང་། ཁོང་གིས་”དེ་ལས་ཇ་ཁང་འདིའི་རྣམ་པ་རྫིག་པོ་དང་རྒྱ་ཆེ་སོང་ན་ཚོང་གཉེར་ཁོ་ན་ཆགས་ཏེ་དུས་ཚོད་མང་པོ་གཏོང་དགོས་པས། རང་ཉིད་ལ་དཔེ་ཀློག་གི་གོ་སྐབས་བྲལ་བ་དང་། སྙན་ངག་འབྲི་བའི་དུས་ཚོད་ཀྱང་མེད་པས། དེ་འདྲའི་འདོད་པ་མི་འདུག་”ཚུལ་གླེང་སོང་།
ད་དུང་། ཁོང་གིང་སྙན་ངག་ཇ་ཁང་ནང་ལ་ཡོང་མཁན་གྱི་མགྲོན་པོ་ཚོའི་སྐོར་ལ་འདི་ལྟར་བཤད་སོང་། “ངྷ་སའི་ཁོར་ཡུག་ཆུང་རུང་ས་འདིར་༧གོང་ས་མཆོག་གི་བྱིན་རླབས་ཀྱིས་རྒྱལ་ཁབ་འདྲ་མིན་གྱི་མི་སྣ་ཡུལ་སྐོར་སྤྲོ་འཆམ་པ་མང་དག་ཅིག་ཡོང་གི་ཡོད། ཡར་རྒྱས་ཅན་གྱི་རྒྱལ་ཁབ་ཨ་རི་དང་འཇར་མན་སོགས་ནས་ཡོང་བའི་མགྲོན་པོ་ཚོས་‘‘སྙན་ངག་གི་ཇ་ཁང་’’ཞེས་པའི་མིང་འདི་སྙན་པ་ལའང་ཟེར་ཞོར། རང་ཉིད་ཀྱི་སྐད་ཀྱི་ལམ་ནས་སྙན་ངག་ཀྱང་ཅུང་འཚམ་པོ་རེ་བྲིས་ཏེ་བུད་འགྲོ་ཡི་འདུག” གཞན། “རྒྱ་གར་དང་གཞིས་ཆགས་ཀྱི་བོད་པ་ཁག་ཅིག་གིས་མཐོང་ཆུང་ལྟ་བུའི་རྣམ་པའང་འཛིན་གྱི་འདུག་”ཟེར།
གང་ལྟར། རྔ་བ་མེ་རོས་རང་ཉིད་སྙན་ངག་ལ་དུང་བའི་དབང་གིས་བོད་ཡིག་གི་སྙན་ངག་འབྲི་མཁན་རེ་ཟུང་ཇ་ཁང་དུ་ཡོང་ན་ཇ་རིན་ལེན་གྱི་མེད་པ་དེ་ནི། ཁོ་ལ་མཚོན་ན་སྙན་ངག་དང་སྙན་ངག་པ་ཚོར་འཛིན་པའི་བརྩེ་བ་ཉག་གཅིག་ཡིན་པ་རེད།
ངས་ཁོང་གིས་གཉེར་བའི་‘‘སྙན་ངག་གི་ཇ་ཁང་’’གི་བརྙན་ཐུང་ལ་ཞིབ་ལྟ་ཐེངས་གཉིས་ཙམ་བྱས་པར། ཇ་ཁང་གི་སྒོ་ངོས་སུ་སྦྱར་བའི་རི་མོ་ཆེན་པོ་དེ་དག་དང་། ནང་དུ་ཡོད་པའི་རྩིག་ངོས་ཀྱི་རི་མོའི་དབྱིབས་སོགས་ཀྱིས་ང་ལ་ཇ་ཁང་དེའི་རྣམ་པ་ཁྱད་པར་བ་ཞིག་ཡིན་པའི་ཚོར་བ་བྱིན་པར་མ་ཟད། ལྷག་པར་དུ་སྐྲ་ལོ་རིང་བའི་རྔ་བ་མེ་རོའི་ཕྱི་གཟུགས་དང་སྙན་ངག་ཇ་ཁང་གི་རྣམ་པ་གཉིས་ཧ་ཅང་འཕྲོད་པོ་འདུག་སྙམ་བྱུང་།
མི་ཚེ་ནི་དེ་འདྲ་ཞིག་རེད། མི་ལ་ལ་སྤྱི་ཚོགས་ཀྱི་དཔལ་འབྱོར་འགྲན་རྩོད་ནང་ཐིམ་ཞིང་ཟུག་པས། ཐ་ན་སང་ཉིན་གྱི་བདེ་སྐྱིད་ཀྱི་”འཚོ་བ་”ག་འདྲ་ཡིན་མིན་སྐོར་ལ་འདང་མི་རྒྱག་མཁན་ཡང་ཧ་ཅང་མང་། འོན་ཀྱང་། རྔ་བ་མེ་རོ་ལགས་ལ་མཚོན་ན་”འཚོ་བ་”ནི་རང་ཉིད་ཀྱི་དགའ་ཕྱོགས་ལ་བརྟེན་ནས་སྐྱེལ་གྱིན་ཡོད་པ་དང་། ཁོང་གིས་སྙན་ངག་གི་ཚོར་བའི་ཀློང་ན་འཛད་དཀའ་བའི་ལོངས་སྤྱོད་ཅིག་དང་བདེ་སྐྱིད་ཀྱི་ཆ་ཤས་ཤིག་མྱོང་བཞིན་འདུག་ཨང་སྙམ་མོ། །
( གསལ་བཤད། “འབྲུག་མོའི་ཇ་མཁར་”ལ་རུ་ཉུལ་བྱེད་པར་དགའ་བའི་སྙན་ངག་ཇ་ཁང་གི་བདག་པོ་ཞིག བཙན་བྱོལ་བའི་སྤྱི་ཚོགས་ཁྲོད་དུ་མི་རེ་རེའི་བདེ་སྐྱིད་ཀྱི་འཚོ་བ་འཚོལ་སྙེག་བྱེད་པའི་བརྒྱུད་ལམ་སོ་སོར་སྣང་སྟེ། རྔ་བ་མེ་རོ་ལ་མཚོན་ན་རང་ཉིད་ལ་དབང་བའི་‘‘སྙན་ངག་གི་ཇ་ཁང་’’དེ་ནས་གེ་སར་ལ་ཞིབ་འཇུག་བྱེད་ཞོར་ངེད་འབྲུག་མོའི་ཇ་མཁར་ལ་རུ་ཉུལ་བྱེད་རྒྱུར་དགའ། )
རྩོམ་གྱི་ཡོང་ཁུངས། དཔལ་འབྲུག་མོའི་ངོ་དེབ།