མཚམས་སྦྱོར་བ། མཚོ་སྐྱེས་མེ་ཏོག
རྔ་བ་ཚེ་རིང་སྐྱིད་ཀྱི་བརྩམས་སྒྲུང་གསར་བ་《ལྷམ་ཡ་གཅིག》བོད་ཁམས་ཀྱི་ས་ཕྱོགས་སོ་སོའི་དཔེ་བསྐྲུན་ཁང་ནས་མངགས་ཉོ་བྱེད་ཐུབ།
ཀློག་པ་པོ་རྣམ་པ་ལགས། བོད་ཀྱི་སྐྱེས་མའི་རྩོམ་པ་པོ་དང་ཁྱད་པར་དུ་བུད་མེད་གསར་རྩོམ་པ་སྐྱེད་སྲིང་བྱེད་རྒྱུ་ནི། ང་ཚོར་མཚོན་ན་ཁ་ཚ་དགོས་གཏུགས་སུ་གྱུར་བའི་རྩོམ་རིག་གསར་བའི་ས་ཁོད་ཇེ་ཡངས་སུ་གཏོང་བའི་ཀུན་སློང་གཙང་མའི་བློས་བསླངས་ཤིག་གམ། ཡང་ན་ཞོར་དུ་བོད་ཀྱི་སྐྱེས་མ་ཚོའི་རིག་སྟོབས་མཐོར་འདེགས་གཏོང་ཐབས་གལ་ཆེན་ཞིག་ཡིན་པས། འདིར་ཆེད་དུ་གསར་རྩོམ་ལ་འཇུག་བཞིན་པའི་སྐྱེས་མ་ཞིག་དང་ཁོ་མོའི་བརྩམས་ཆོས་ཤིག་ངོ་སྤྲོད་བྱ།
ཁོ་མོའི་མིང་ལ་རྔ་བ་ཚེ་རིང་སྐྱིད་ཅེས་འབོད་ལ། སི་ཁྲོན་རྔ་བ་རུ་སྐྱེས། ཆེད་ལས་ནི་རྩོམ་རིག་ཡིན། ད་ལྟ་སི་ཁྲོན་མི་རིགས་སློབ་གླིང་ན་སློབ་གཉེར་བྱ་བཞིན་ཡོད།
དེ་ཡང་མོ་རང་གསར་རྩོམ་གྱི་ལམ་ལ་ཞུགས་ནས་ད་ལྟའི་བར། སྙན་ངག་དང་ལྷུག་རྩོམ། བརྩམས་སྒྲུང་། འཁྲབ་གཞུང་བཅས་གང་མང་བྲིས་ནས་འབྲེལ་ཡོད་གཞུང་སྒེར་དུས་དེབ་དང་ཚགས་པར། དྲ་ཚིགས། འཕྲིན་སྟེགས་སོགས་སུ་རྩོམ་ཡིག་སྐོར་ཞིག་བཀོད་མྱོང་འདུག
ཁོ་མོའི་བརྩམས་ཆོས《ལྷམ་ཡ་གཅིག》ཅེས་པའི་བརྩམས་སྒྲུང་དེ་ཐོག་མའི་བརྩམས་ཆོས་ཀྱི་ཚུལ་དུ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ངམ། ཡང་ན་གསར་དུ་ཚུགས་པའི་ཀློག་པ་པོ་བོད་རིག་པ་དཔེ་སྐྲུན་ལྟེ་གནས་ནས་དངོས་སུ་དཔེ་སྐྲུན་དང་འགྲེམ་སྤེལ་བྱས་ཚར་ཡོད།
གལ་ཏེ་ཉིད་ཀྱིས་བོད་ཀྱི་ན་གཞོན་སྐྱེས་མ་ཞིག་གིས་རྩོམ་རིག་སྒྱུ་རྩལ་ལ་བཅིངས་པའི་ལྟ་བ། དེའི་སེམས་ཁམས། ད་དུང་ལག་ལེན་གྱི་གོམ་ཁ་ལ་ཅི་ལྟར་སྤོས་པ་སོགས་ཤེས་རྟོགས་བྱེད་འདོད་ཡོད་ན། 《ལྷམ་ཡ་གཅིག》ཅེས་བའི་བརྩམས་སྒྲུང་གི་དེབ་འདི་ལ་དོ་སྣང་བྱ་རོགས།
ལོ་གཞོན་བུད་མེད་ཅིག་གིས་རང་རེའི་བོད་ཡིག་གི་ལམ་ནས་བརྩམས་སྒྲུང་གི་དཔེ་དེབ་ཅིག་བསྐྲུན་འདུག་པར་དགའ་བསུའི་བསྔགས་བརྗོད་ཞུ།
དཔེ་དེབ་དེ་ད་དུང་ཀློག་མེད། འོན་ཀྱང་གངས་ཅན་བོད་པ་ཚང་ལ་བུད་མེད་རྩོམ་པ་པོ་ཉུང་བས། རྔ་བ་ཚེ་རིང་སྐྱིད་ལ་སྙིང་ནས་བཀའ་དྲིན་ཆེ་ཞུ། ཧ་ཅང་བཟང་གི།