ཨ་འབྲུག་དཀོན་མཆོག
ཆེས་མཛེས་སྡུག་ལྡན་པའི་མཁའ་དབྱིངས་གཅིག་པུ་ནི་རང་དབང་གི་འཇིག་རྟེན་ཡིན་རུང༌། དེ་རུ་འཕུར་བསྐྱོད་ཐུབ་མཁན་ནི་སྐྱེས་ཆེན་རེ་གཉིས་ལས་མ་བྱུང་བའི་མིའི་ལོ་རྒྱུས་ཀྱི་མགོ་ནས་རྔ་མའི་བར། སྐྱེས་ཆེན་གྲངས་ལས་འདས་པ་ཞིག་གི་བསམ་འདུན་མེ་ལ་བསྲེག་པའི་ནག་ཉེས་ཀྱི་ལེའུ་ཆེས་མང་བ་ལ་ཡ་དེ་ཙམ་མི་མཚན་རུང༌། རྔ་མ་ཡང་སྤྱི་ཚོགས་དང་མི་སྒེར་གྱི་རིན་ཐང་གི་ཚད་གཞི་བྱས་ཏེ་ཤེས་རབ་ཅན་ལ་མགོ་གནོན་བྱེད་པའི་ཚད་གཞི་སྤྱི་ཚོགས་ཅན་དུ་འགྱུར་བཞིན་པ་ནི་རིགས་ཀྱི་གྱོང་གུད་ཆེན་པོ་ཞིག་ཡིན་ཏེ། མཐའ་མེད་དུ་འཕེལ་བའི་མིའི་བསམ་བློའི་ནུས་པ་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྟེན་གཞི་ཉག་གཅིག་ཡིན་པས་བསམ་བློ་སྐྱེ་འཕེལ་གྱི་བར་སྣང་དུ་རྔ་མའི་དྲ་རྒྱ་སྦྲེལ་ན་ང་ཚོ་སླར་ཡང་མུན་ནག་གི་ནང་དུ་ལྷུང་རྒྱུ་རེད། དེའི་ཕྱིར་འདི་ལྟར་འཆད་འོས་ཏེ། རྔ་མ་ནི་དུས་ནམ་ཡང་རྔ་མ་སྟེ། ཁོའི་ཁྱད་ཆོས་ནི་གཞན་རྗེས་སུ་སྙེག་རྒྱུ་ཁོ་ནའོ།། རྔ་མ་འཕོངས་ཚོས་ནས་སྐྱེས་པས་རྔ་མ་ནི་དུས་ནམ་ཡང་རྗེས་ལུས་ཀྱི་དངོས་པོ་ཡིན་ལ། སྤྲ་མི་རུ་གྱུར་རྗེས་མི་ལ་རྔ་མ་མ་སྐྱེས་པའི་རྒྱུ་མཚན་ཡང་སྔ་མ་ནི་མི་དང་སྲོག་ཆགས་གཞན་གྱི་དབྱེ་རྟགས་ཤིག་ཏུ་ངང་གིས་གྲུབ་པ་རེད། དེའི་ཕྱིར་རྔ་མ་མང་པའི་ཡུལ་གྲུ་དེ་རྗེས་ལུས་ཀྱི་ས་ཁུལ་དང༌། རྔ་མ་ལ་བསྟན་པ་དར་བའི་སྤྱི་ཚོགས་དེ་དུད་འགྲོ་ཡི་སྤྱི་ཚོགས་ཡིན། མ་གཞི་རྔ་མ་མང་དྲག་པས་གྲལ་རིམ་ཡོད་པར་གྱུར་ཅིང༌། རྔ་མ་མང་དྲག་པས་བདེན་ལུགས་སྒྲིབ་པར་གྱུར། དུད་འགྲོའི་རྔ་མ་ནི་རང་ཉིད་སྲུང་སྐྱོབ་ཀྱི་ཡན་ལག་ཅིག་ཏུ་གྲུབ་ཀྱང༌། མི་དང་མིའི་སྤྱི་ཚོགས་ཀྱི་རྔ་མ་ནི་རང་ཉིད་བྲན་འགྱུར་གྱི་ཡན་ལག་ཡིན། དེའི་ཕྱིར། དུས་ནམ་ཡང་མིའི་ལོ་རྒྱུས་ནང་གི་ནག་ཉེས་ཆེ་ཤོས་ཏེ། རྔ་མ་དང་དེའི་ནག་ཉེས་ཀྱི་ངོ་བོ་ཐེར་འདོན་བྱེད་པ་ནི་ང་ཚོ་རང་ཉིད་ཀྱི་ངོ་བོ་གཙང་བཀྲུ་བྱེད་པའི་ལས་དོན་དང་ཐད་ཀར་འབྲེལ་ཡོད། འདི་ནི་ང་ཙམ་གྱྀ་བསམ་ཚུལ་མ་ཡིན་པར་གནའ་ནས་ད་བར་གྱི་སྐྱེས་བུ་མང་པོ་ཞིག་གི་མངོན་རྟོགས་དང་ཡང་འབྲེལ་ཡོད་ན་ཐང་ངོ༌།།
དང་པོ། རྔ་མ་དང་མིའི་སྤྱི་ཚོགས་ཀྱི་འབྲེལ་བའི་དབྱིབས་རྣམ།
འགྲོ་བ་མིའི་རིགས་ལ་གཞན་ལས་ལྷག་པའི་ཁྱད་ཆོས་ཤིག་ཡོད་དེ། དེ་ནི་ཁོས་བསམ་གཞིགས་ཀྱི་ནུས་པས་གསར་བཏོད་ཀྱི་ལས་དོན་མཐའ་མེད་དུ་བྱེད་ཐུབ་པ་དེ་རེད། མིའི་རིགས་ཀྱི་ལོ་རྒྱུས་ནང་བྱུང་དང་འབྱུང་འགྱུར་གྱི་ལས་དོན་རླབས་ཆེན་གང་དང་ཅི་ཞིག་ཡིན་རུང་གསར་བཏོད་དང་ཁ་འབྲལ་མ་མྱོང་བ་ནི་ལོ་རྒྱུས་ལ་ལོ་རྒྱུས་ཀྱི་ངོས་ནས་གོ་བ་ལེན་ཤེས་པའི་མི་སུས་ཀྱང་ཤེས་ཐུབ་པ་ཞིག་ཡིན་མོད། མི་སྣ་རེ་གཉིས་དང་ཡུལ་གྲུ་འགའ་ཞིག་གི་གསར་བཏོད་ཀྱི་ལམ་བུའི་ནང་ན་འགུལ་བཞིན་པའི་རིགས་དང་མི་སྣ་སུ་ཡིན་རུང་དེ་ནི་མིའི་ཁྱད་ཆོས་འབུར་དུ་ཐོན་པའི་མིའི་སྤྱི་ཚོགས་མིན་ཏེ། ཁོང་ཚོ་ནི་སྣ་ཁ་མི་འདྲའི་རྔ་མ་ཡིན་པས་སོ། མིའི་འཚོ་བ་དང་གསར་བཏོད་ཀྱི་ལས་དོན་གཉིས་ཁ་འབྲལ་མི་རུང་ནའང༌། རྔ་མ་ཡོད་པས་གསར་བཏོད་མེད་ཅིང༌། གསར་བཏོད་མེད་པས་རྔ་མ་ཡོད་པར་གྱུར་བས་རྔ་མ་ནི་རྗེས་ལུས་ཀྱི་རྩ་བའི་རྒྱུ་རྐྱེན་དང༌། རྗེས་ལུས་ཀྱི་མཚོན་རྟགས་གཙོ་བོ་ཡིན། དེའི་ཕྱིར་སྤྱི་ཚོགས་དང་མི་སྣ་སུ་ཡིན་རུང་ཚད་ལྡན་དང་སྔོན་ཐོན་ཡིན་མིན་ནི་རྔ་མ་ཡིན་མིན་དང་སྔ་མ་ཡོད་མེད་ལ་ཐུག་ཡོད། འདི་ནི་རྔ་མ་དང་མིའི་སྤྱི་ཚོགས་ཀྱི་རྩ་བའི་དབྱིབས་རྣམ་ཙམ་རེད། གཉིས་པ། རྔ་མའི་ནག་ཉེས་གསལ་བའི་ལོ་རྒྱུས་ཀྱི་དབང་རྟགས།
ཟླ་བ་ཁྲོན་པར་ལྷུང་བའི་གཏམ་བརྒྱུད་དེས་རྔ་མ་ཅན་ལ་འཕྱ་སྨོད་དང༌། རྔ་མ་ནི་ངེས་པར་དུ་གཅོད་དགོས་པ་ཞིག་ཡིན་པར་གནའ་ཞིག་ནས་རྟོགས་ཡོད་ཚུལ་བསྟན་ཡོད་རུང༌། མ་གཞི་མི་རང་ཉིད་ཀྱི་འཚོ་བ་གཉེར་སྟངས་ཐད་ལ་ཟླ་བ་ཁྲོན་པར་ལྷུང་བའི་གཏམ་བརྒྱུད་ལས་ཀྱང་མཚར་སྣང་སྐྱེ་དགོས་པ་མང་དུ་ཡོད་པ་ལ་ང་ཚོ་སུ་ཞིག་གིས་ཞིབ་ལྟ་བྱེད་མྱོང་ངམ། འགྲོ་བ་མིའི་རིགས་རྣམས་འདྲ་མཉམ་གྱི་སྤྱི་ཚོགས་ཤིག་ནས་སླར་ཡར་གྲལ་རིམ་གྱི་སྤྱི་ཚོགས་ཤིག་ཏུ་ལྷུང་ཞིང༌། གྲལ་རིམ་དེས་རྣམ་པ་མ་འདྲ་བའི་མནར་གཅོད་མྱོང་དང་མྱོང་བཞིན་པའི་དེ་རིང་གི་བར་དུ་ང་ཚོའི་ཟླ་བ་ཁྲོན་པར་ལྷུང་བའི་གཏམ་བརྒྱུད་ལས་ཀྱང་སྐྱོ་སྣང་སྐྱེ་དགོས་པའི་ཟློས་གར་མང་པོ་ཁྲབ་ཡོད་ཨང༌། ཁྱོད་ཚོས་ཞིབ་ལྟ་བྱོས་དང༌། མིའི་རིགས་ཀྱི་ལོ་རྒྱུས་ནང་གི་ཁྲག་དང་མིག་ཆུའི་དཀའ་སྡུག་གི་འཚོ་བ་བསྐྲུན་པའི་འཐབ་འཁྲུག་དང་དུས་འགྱུར་ཡོད་དོ་ཅོག་ནི་མི་བུ་ཆེན་པོར་གྲགས་པ་དག་གི་མཐའ་སྐོར་གྱི་རྔ་མའི་ཁྱི་ཚོགས་ཀྱི་འགུལ་སྐྱོད་ཁོ་ན་ཡིན། དེ་ཡང་གསལ་བོ་བཤད་ན་མི་ཆེན་དབོན་ཆེན་ནི་དེའི་རྔ་མ་དག་ལ་ལྟོས་ནས་བཞག་ཅིང༌། ཁོང་ཚོའི་དགའ་སྡུག་གི་འགྱུར་ལྡོག་གི་རྗེས་སུ་རྔ་མ་དང་རྔ་མའི་དབུང་ཚོགས་དག་ཚབས་ཚོམས་མེད་པར་བརྒྱུག་པས་འཐབ་འཁྲུག་གི་འཁོར་ལོ་དང་ཁྲག་དྲོན་གྱི་ཡུར་ཆུ་བཞུར། མདོར་ན་འཇིག་རྟེན་གྱི་མིའི་ཚོགས་པ་ཆེན་པོ་དང་འབྲེལ་བའི་འཐབ་འཁྲུག་མཐའ་དག་རྔ་མ་ཡོདཔ་དང་རྔ་མ་མང་དྲག་པས་ཡིན་པ་ལོ་རྒྱུས་ཀྱིས་གསལ་བཤད་བྱས་ཡོད་པས། ང་ཚོས་མིའི་ཚོགས་པ་ཆེན་པོའི་འཐབ་འཁྲུག་གི་རྒྱུན་གཅོད་འདོད་ན་མི་རང་སྟེང་གི་རྔ་མ་གཅོད་རྒྱུ་ནས་འགོ་རྩོམ་དགོས། ཡང་གཅིག་བཤད་ན་འཐབ་འཁྲུག་ནི་མཚོན་རྟགས་ཙམ་ཡིན་ལ། འཐབ་འཁྲུག་གི་རྒྱབ་རྟེན་གྱི་སྟོབས་ཤུགས་གཙོ་བོའམ་འཐབ་རྩོད་ཀྱི་རྨང་གཞི་ཆེན་པོ་དག་ནི་གྲལ་རིམ་མི་འདྲ་བ་དག་གི་བར་གྱི་འགལ་འདུ་ལས་བྱུང་བས། ཤེས་རབ་ཅན་གྱི་མི་དག་གིས་མཐུན་སྣང་དུ་རྟོགས་ཐུབ་པ་ཞིག་ནི་མི་རྣམས་ཇི་ལྟར་རྣམ་པ་དང་རིགས་མི་འདྲ་བའི་འཐབ་རྩོད་ཀྱི་ནང་དུ་ཞུགས་པའི་ཐོག་མའི་འགོ་རྩོམ་ས་དང་བར་དུ་བརྒྱུད་རིམ་མི་འདྲ་བའི་འཕེལ་རྒྱས་གྱི་གཞུང་ཤིང་ཆེན་མོ་གཅིག་བུ་ནི་གྲལ་རིམ་ཞེས་པ་འདི་ཡིན། འོ་ན་གྲལ་རིམ་ནི་གང་ལས་བྱུང་ཞེ་ན་དེ་ནི་རྔ་མ་ལས་བྱུང་ཞིང་རྔ་མ་ལ་བརྟེན་ནས་གནས་པའོ། དེ་ལྟ་བུའི་རྔ་མ་དེ་ལ་རིང་ཐུང་དང་སྲ་སྙི་ཚོན་མདོག་བཅས་རིགས་དང་རྣམ་གྲངས་མི་འདྲ་བ་མང་དུ་ཡོད་ཀྱང༌། བསྡུས་ན་བསམ་བློའི་རྔ་མ་དང་དངོས་པོའི་རྔ་མ་གཉིས་སུ་འདུ་ལ། དེ་ཡང་རྔ་མ་རང་སྟེང་གི་མངོན་ཚུལ་ཙམ་ལས་མཐར་གཏུགས་ན་གཉིས་ཀ་འཇིག་སྣང་གིས་སྐྱེས་པ་འབའ་ཞིག་གོ། འཇིག་ཞུམ་བྲལ་བའི་རང་དབང་གི་འཇིག་རྟེན་ལ་མངོན་པར་དགའ་བའི་མི་བུ་ཀྱེ། རྔ་མའི་ནག་ཉེས་གསལ་བའི་ལོ་རྒྱུས་ཀྱི་དཔང་རྟགས་ཆེ་ཤོས་དག་ནམ་ཡང་མ་བརྗེད་ཨང༌།
གསུམ་པ། རྔ་མ་ལ་ཁུངས་ལུང་མེད་པའི་ལྟ་བའི་རྟེན་གཞི།
སྐབས་སྐབས་སུ་རྔ་མ་འདི་ཡང་གཞུང་ལུགས་ཀྱི་་སྤྱི་འགྲོས་ཤིག་གི་བརྒྱུད་རིམ་དང་འགྲོགས་པར་སྣང་ཞིང༌། ལན་འགའ་རེར་རྔ་མ་འདི་འཚོ་བའི་རང་བཞིན་ལ་ཆགས་པའི་ལྡོག་མེད་ཀྱི་འགྲོ་ལུགས་ཤིག་ཏུ་མཐོང་སྲིད་ཀྱང༌། བླ་ན་མེད་པའི་སྟོན་པ་ཆེན་པོ་ཞིག་གིས་ལས་དོན་གང་ལ་ཡང་དཔྱད་པ་སྔོན་སོང་གིས་བརྟག་དཔྱད་དགོས་པ་ལས་མོས་གུས་སྔོན་སོང་གིས་རྔ་མ་བྱེད་མི་རུང་བར་གསུངས་མྱོང་ཞིང༌། རླབས་ཆེན་གྱི་མཚན་ཉིད་རིག་པ་བ་ཞིག་གིས་དྲང་བདེན་དང་རྗེས་དཔག་ངོ་མ་དེས་ད་བར་འཇིག་རྟེན་དབང་སྒྱུར་མ་ཐུབ་པ་ཡང་འཇིག་རྟེན་འདིར་རྔ་མ་མང་པ་ལ་ཐུག་ཡོད་པར་གསལ་འདོན་གནང་འདུག་པས་ན། ལྟ་གྲུབ་དང་རིང་ལུགས་གང་ཞིག་ཡིན་རུང་རང་རང་གི་བསམ་ངོར་ལྟོས་པའི་བདེན་ལུགས་ཤིག་གི་རྒྱབ་རྟེན་གྱི་ཐོག་ནས་གཏན་ལ་ཕབ་པའི་རྣམ་གཞག་ཡིན་ངེས་རུང༌། རྔ་མ་བྱེད་རྒྱུ་ནི་གཞུང་ལུགས་གྲུབ་རིམ་གྱི་གཞི་རྩའི་གོ་རིམ་དང་མི་མཐུན་ལ། གཞུང་ལུགས་གསར་བཏོད་གནང་བའི་རྩ་བའི་དགོས་པ་དང་ཡང་འགལ་བ་ཡིན་ངེས་ཏེ། ཚད་ལྡན་གྱི་གཞུང་ལུགས་གང་ཞིག་ཡིན་རུང་དེ་ནི་ཤེས་རྟོགས་ཀྱི་གོ་རིམ་ཞིག་དང༌། བསྒྱུར་བཀོད་ཀྱི་གོ་རིམ་ཞིག་གིས་གྲུབ་ཡོད་པས། གལ་ཏེ་ཡུལ་ལ་དཔྱད་པའི་ཤེས་རྟོགས་ཀྱི་རྣམ་གཞག་མེད་པ་ཞིག་དང༌། དཔྱད་སྟོབས་ཀྱིས་ཤེས་པའི་བདེན་ལུགས་དང་མཐུན་པར་བསྒྱུར་བཀོད་བྱེད་པའི་གོ་རིམ་མེད་པ་ཞིག་ཡིན་ན་དེ་ལ་རིག་པའི་གཞུང་ལུགས་ཀྱི་ལྟ་བའི་རྟེན་གཞི་རྡུལ་ཙམ་ཡང་མེད་པ་ཡིན། དེའི་ཕྱིར་རྔ་མ་ལ་རིག་པའི་གཞུང་ལུགས་ཀྱི་སྟེང་ནས་ཁུངས་ལུང་གཏན་ནས་མེད་དེ། རྔ་མ་ལ་རང་སྟེང་གི་ཤེས་རབ་ཀྱི་མིག་མེད་ཅིང༌། དཔྱད་སྟོབས་ཀྱིས་དྲངས་པའི་ངེས་ཤེས་ཀྱི་བདེན་ལུགས་དང་མཐུན་པའི་ལག་ལེན་ནི་དེ་བས་ཀྱང་མེད་པས་གང་དང་སུ་ཞིག་གི་རྗེས་ཤུལ་གཅིག་པུར་འབྲངས་ཤིང་འདུར་བ་ཙམ་དུ་ཟད་དོ། ད་དུང་ངོས་གཞན་ཞིག་བཤད་ན་མི་སྒེར་དང་སྤྱི་ཚོགས་ཀྱི་འབྲེལ་བ་དེ་ཕན་ཚུན་ཤུགས་རྐྱེན་ཐེབས་རེས་ཀྱིས་གྲུབ་པ་ཞིག་ཡིན་པས་རྔ་མ་དེ་སྤྱི་ཚོགས་འགྲུབ་བྱེད་ཀྱི་རྒྱུན་ཐག་དང་ལྷུ་ཚུགས་ལྟ་བུར་སྣང་ངེས་ཀྱང༌། འདི་ནི་ཕྱི་དབྱིབས་ཀྱི་མཐོང་སྣང་གི་ཆ་ཙམ་ཡིན་པ་ལས་དོན་དངོས་ཀྱི་གནས་ཚུལ་གཏན་ནས་མ་ཡིན་ཏེ། གལ་ཏེ་དེ་ལྟར་ཡིན་ངེས་ན་སྤྱི་ཚོགས་ཡོད་ཚད་ཀྱི་རྣམ་པ་ཆིག་རྐྱང་དང༌། ལོ་རྒྱུས་ཀྱི་དུས་སྐབས་ཚང་མའི་གནས་བབ་གཅིག་མཚུངས་ཅི་ལ་མིན། ད་དུང་དེ་ལས་ལྡོག་ཏེ་རྔ་མ་མང་བས་བསམ་བློ་དང་དངོས་པའི་འཇིག་རྟེན་ལ་འཐུས་སྒོ་མྀ་ཚང་བའི་དཀའ་ངལ་དང༌། འཁོར་རྒྱ་མི་ཆེ་བའི་ཆིག་ཆོད་མང་དུ་བྱུང་ཞིང༌། རྔ་མ་ཤུགས་ཆེ་བའི་ལོ་རྒྱུས་ཀྱི་འཕེལ་འགྱུར་ལ་བསྐྱར་བཟློས་དང་ཕྱི་བསྣུར་གྱི་ལྡོག་འགྲོས་འབྱུང་གི་ཡོད་པས་རྔ་མ་ནི་རིག་པའི་གཞུང་ལུགས་དང་འཚོ་བའི་རྒྱུན་ཤེས་ཀྱི་ཁུངས་ལུང་ཡོད་པ་ཞིག་མིན་པ་མ་ཟད། རིགས་པས་དཔྱད་མི་བཟོད་ཅིང་གཞུང་ལུགས་ཀྱི་རྒྱབ་རྟེན་གཏན་ནས་མེད་པའི་སྐྱེས་བུ་བླུན་པོ་དང་ལེ་ལོ་ཅན་དག་གི་བསམ་སྤྱོད་ཀྱི་གཞི་རྟེན་ནས་སྐྱེས་པའི་ནོར་འཁྲུལ་གྱི་དངོས་པོ་འབའ་ཞིག་གོ།
བཞི་པ།རྔ་མ་གཅོད་བྱེད་ཀྱི་མཚོན་ཆ་རྣོན་པོ།
རྔ་མ་མི་འདྲ་བའི་ཁྱུ་ཚོགས་ལས་གྲུབ་པའི་རྔ་མའི་སྤྱྀ་ཚོགས་ཀྱིས་རྔ་མ་ཡིན་མིན་གྱི་ཚད་གཞིའི་སྟེང་ནས་མིའི་བསམ་སྤྱོད་ལ་གོང་ཐང་གཅོད་པ་སྤྱི་ཚོགས་ཀྱི་གཞི་རྩའི་འགྲོ་ཕྱོགས་ཡིན་པ་དང༌། ལུགས་དང་མཐུན་མིན་གྱི་ཚད་འཛིན་ཐིག་ཤིང་དུ་ཡང་དེ་ཉིད་ཡིན་པའི་ལོག་འགྲེལ་གྱིས་ཧ་ལམ་རང་དང་བཅས་པའི་བཅས་པའི་འཇིག་རྟེན་ཧྲིལ་བོ་ནག་ཐོམ་མེར་བཟོས་ཡོད་ཀྱང༌། རིགས་པ་ལ་འགའ་ཞིང་ཤེས་རབ་ལ་བརྟེན་ནས་བདེན་ལུགས་བརྩི་བའི་མི་དག་ནི་དེ་འདྲ་ཞིག་མིན་ངེས་ཏེ། རང་རེ་བོད་ཀྱི་དབང་དུ་བྱས་ཀྱང་ཤེས་རབ་ཅན་གྱི་ཚད་འཛིན་དུ་བརྩི་འོས་པའི་སྐྱེས་ཆེན་རྣམས་ཀྱིས་ནི་རྔ་མ་མེད་པ་དེ་མཐར་ཐུག་གི་སྙེག་གཞི་དང༌། རྔ་མ་མིན་པ་དེ་ད་ལྟའི་འཇུག་སྒོ་རུ་བསྟན་འདུག་ཏེ། འཇམ་མགོན་ས་སྐྱ་བས། གཞན་དབང་ཐམས་ཅད་སྡུག་བསྔལ་ཏེ།། རང་དབང་ཐམས་ཅད་བདེ་བ་ཡིན།། ཞེས་དང༌། འཇམ་མགོན་ཙོང་ཁ་བས། རིགས་པ་དང་འགལ་བའི་གྲུབ་མཐའ་ཁས་ལེན་ན་སྨྲ་བ་པོ་ཚད་མའི་སྐྱེས་བུར་མི་རུང་བར་གསུངས་པ་དང༌། མདོ་སྨད་པ་དགེ་འདུན་ཆོས་འཕེལ་བས། བླུན་པོ་རང་གི་རྗེས་སུ་མི་འབྲངས་ཡང༌།། རང་ཉིད་བླུན་པོའི་རྗེས་སུ་མི་འབྲངས་པ།། འདི་ནི་མཁས་པའི་དམ་ཚིག་དང་པོ་སྟེ།། ཞེས་དང༌། དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་མི་ཚད་ལྡན་ཡིན་མིན་གྱི་ཚད་གཞི་ནི་དེ་རྒྱབ་རྟེན་ཡོད་མེད་མིན་པར་དེའི་བདེན་ལུགས་ཚུལ་བཞིན་སྨྲ་མི་སྨྲ་ལ་ཐུག་ཚུལ་གསུངས་པ་སོགས་ལས་ང་ཚོས་སྤྱི་ཚོགས་ཀྱི་འགྲོ་ཕྱོགས་དང་མཁས་པའི་བཞེད་ཕྱོགས་ནི་ཤར་དང་ནུབ་ཡིན་པ་ཤེས་བྱེད་སྟོང་གིས་འགྲེལ་ཐུབ་ལ་རིགས་པ་བརྒྱ་ཡིས་བསྒྲུབ་ཐུབ་པ་ཞིག་ཡིན་པས། ཤེས་རབ་ཅན་དག་མ་སྐྲག་ཨང༌། ཁྱེད་ལ་སྟོབས་ཤུགས་མཐའ་དག་གི་འབྱུང་ཁུངས་སུ་གྱུར་བའི་འགྱུར་བ་མེད་པའི་རྒྱབ་རྟེན་ཆེན་པོ་ཞིག་ཡོད་དེ། དེའི་མིང་ལ་བདེན་པ་ཞེས་ཟེར། ཞིབ་མོར་ཞིབ་མོར་ལྟོས་དང༌། ཟབ་མོར་ཟབ་མོར་སོམས་དང༌། ལོ་རྒྱུས་ཀྱི་སྟེང་ནས་སྟོབས་ཆེན་དུ་གྲགས་པ་སུས་ཀྱང་གསོད་མ་ཐུབ་པའི་དངོས་པོ་གཅིག་ཡོད་པ་ནི་བདེན་པ་ཡིན་ལ། རླབས་ཆེན་གྱི་སྐྱེས་བུ་ཡོད་དོ་ཅོག་གིས་ཤེས་རབ་ཀྱིས་གསོས་ཤིང་སྙིང་སྟོབས་ཀྱིས་བསྐྱངས་པའི་གཅེས་ཕྲུག་གཅིག་བུ་ཡང་བདེན་པ་ཡིན། འདི་ནི་རྔ་མ་གཅོད་བྱེད་ཀྱི་མཚོན་ཆ་རྣོན་པོ་ཉག་གཅིག་གོ། དེ་ལྟ་བུའི་བདེན་པ་དེ་ང་ཚོས་རྟོགས་ཐུབ་ལ། དེ་ལྟ་བུའི་བདེན་དོན་དེ་ང་ཚོས་སྒྲོགས་ཐུབ། འདི་ལྟ་བུའི་མངོན་རྟོགས་ནི་རང་ཉིད་ཀྱི་ཆེད་དང༌། འདི་ལྟ་བུའི་འཕྲིན་ལས་ནི་འཇིག་རྟེན་གྱི་ཆེད་འབའ་ཞིག་གོ།
མཇུག་གཏམ།
དྲན་ཚུལ་འདིའྀ་མཇུག་འདི་འདྲ་ཞིག་གིས་བསྡུ་ཐུབ་ཐབས་མེད་ཀྱང༌། བཤད་ཡུན་གཅིག་གི་མཚམས་འདི་ནས་འཇོག་དུས། བཤད་སྟངས་དེ་དབུགས་རྒྱུན་གཅིག་ལ་བྲིས་པ་ཡིན་པས་ཚགས་མི་དམ་པ་དངགནད་ལ་མ་ཁེལ་བ། བསྐྱར་བཟློས་ལ་སོགས་པ་ཡོད་ངེས་ཀྱང༌། བརྩམས་ཆོས་ཤིག་གི་བརྗོད་བྱ་བརྗོད་བྱེད་གཉིས་ཀ་གཞན་ཞིག་དང་འདྲ་བར་མ་སྣང་ཚེ་ཡི་གར་མི་འོང་བ་དག་གིས་མ་བཀླག་ན་འགྲིག་ཅིང༌། གཞན་དུ་ན་ཤེས་རབ་ཅན་གྱི་སྐྱེས་བུའི་བསམ་བློའི་ནང་དུ་འཇིག་རྟེན་ཆ་ཚང་ཤོང་ཡང་བླུན་པོ་རྣམས་ཀྱི་བསམ་བློར་ཤོང་རྒྱ་ཧ་ཅང་ཆུང་བས་དེ་རིང་གི་འཛམ་གླིང་དང་མིའི་སྤྱི་ཚོགས་ཀྱི་དཀའ་རྙོག་མང་པོའི་ཁྲོད་མིའི་བསམ་བློའི་ནང་དུ་འཇིག་རྟེན་སྣ་ཚོགས་ཀྱི་གཟུགས་བརྙན་མ་ཤོང་བ་ཞིག་དང༌། མིའི་བསམ་བློའི་ནང་དུ་མིའི་བསམ་བློ་མ་ཤོང་བའི་འགལ་བ་གཉིས་ཀྱི་འགུལ་སྐྱོད་ལས་འབྱུང་བཞིན་པ་ཆེས་མང་པས་ན། ཅི་སྟེ་བློ་ངོ་མི་ཤོང་བ་རེ་མཆིས་ཚེ་དེ་ནི་རྔ་མ་དང་འབྲེལ་བའི་གནས་ཚུལ་ཞིག་ལགས་པས་ཐབས་གཞན་གང་དུ་ཡང་མེད་དོ། དཔེ་དེབ་ཞིག་བཀླག་འཆར་དུ་འདི་ལྟར་བྲིས་རུང་ཀློག་རྒྱུའི་དཔེ་དེབ་ཉིད་འདིར་གསལ་འདོན་མ་བྱས་པ་ནི་ང་ཚོས་ཤེས་དགོས་པ་དེ་དཔེ་དེབ་དེའི་བསྟན་དོན་དག་ཡིན་པ་ལས་དཔེ་དེབ་ཉིད་མིན་པ་ང་དང་དཔེ་དེབ་ཀྱི་བདག་པོ་ལ་བསམ་ཚུལ་མཐུན་པས་སོ།