རྗར་མེ་ནི་བོད་ཀྱི་ཁང་པ་གསར་པའི་དབུ་འབྱེད་གནང་བར་༧གོང་ས་༧སྐྱབས་མགོན་༧རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་པ་མཆོག་ཆིབས་བསྒྱུར་བཀའ་དྲིན་ཆེ་རྒྱུ་ཐུགས་གཏན་ཁེལ་འདུག
ཕྱི་ལོ་༢༠༡༧ ཟླ་བ། ༩ ཚེས། ༡༢ ནས། ༡༤ བར་རྗར་མེ་ནིའི་གྲོང་ཁྱེར་ཧྥི་རང་ཧྥོར་ཊིར་ཆིབས་བསྒྱུར་བཀའ་དྲིན་བསྐྱང་རྒྱུ་ཡིན་ཞིང་། རྗར་མེ་ནི་བོད་ཀྱི་ཁང་པས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཡུལ་དེར་གདན་འདྲེན་ཞུ་བ་ད་རེས་ཐེངས་གསུམ་པ་དེ་ཡིན་འདུག གདན་ཞུ་འབུལ་མཁན་ནས་མཛད་རིམ་གོ་སྒྲིག་ཞུ་ཕྱོགས་ཐད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱུན་དུ་འཇིག་རྟེན་སྤྱི་ཡོངས་ལ་ཁྱབ་ཐུབ་པའི་འགྲོ་བ་མིའི་ལྷན་སྐྱེས་ཀྱི་ཡོན་ཏན་བཟང་སྤྱོད་གོང་འཕེལ་གཏོང་ཐབས་སྐོར་ལམ་སྟོན་ཡང་ནས་ཡང་དུ་གནང་བ་ལྟར། ད་རེས་ སློབ་ཕྲུག་སྟོང་ཕྲག་བརྒལ་བར་བཟང་སྤྱོད་སྤེལ་ཐབས་སྐོར་གསུང་བཤད་བཀའ་དྲིན་ཆེ་རྒྱུའི་མཛད་རིམ་ཞིག་དང་། མི་མང་ལ་བླང་དོར་གྱི་ལམ་སྟོན་གསུང་བཤད། དེ་བཞིན་མི་མང་ཚོགས་འཛོམས་ཐོག་ཏུ་སྙན་གྲགས་ཆེ་བའི་ཚན་རིག་པ་རྣམས་དང་ལྷན་དུ་དེང་རབས་ཀྱི་ཚན་རིག་དང་ནང་པའི་ཚན་རིག་སྐོར་བགྲོ་གླེང་ཉིན་གཅིག་གནང་རྒྱུའི་མཛད་འཆར་གོ་སྒྲིག་ཞུས་འདུག
ད་ལམ་གོ་སྒྲིག་ཞུས་པའི་མཛད་རིམ་རྣམས་ནི་རྗར་མེ་ནི་བོད་ཀྱི་ཁང་པ་དང་། ས་གནས་དེའི་གྲོང་ཁྱེར་ཧྥི་རང་ཧྥོར་ཊི། དེ་བཞིན་གྲོང་ཁྱེར་དེའི་”གྷོས་ཐེ་”གཙུག་ལག་སློབ་གྲྭ་ཆེན་མོ་བཅས་གསུམ་མཉམ་འབྲེལ་ཐོག་གནང་རྒྱུ་རེད་འདུག
བོད་ཀྱི་ཤེས་རིག་བསྟི་གནས་ཁང་འདིས་རིས་མེད་མི་རིགས་དུ་མར་ཤེས་ཡོན་གྱི་ལེགས་སྐྱེས་འབུལ་རྒྱུའི་༧གོང་ས༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བཞེད་རྒྱ་མཚོའི་ཆུ་ཐིག་ཙམ་ཞིག་ལག་ལེན་དངོས་བསྟར་ཞུ་ཕྱིར་བྲག་གཡབ་༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ ༢༠༠༥ ལོར་དབུ་འཛུགས་གནང་བ་ཞིག་ཡིན་པ་དང་།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་མཚན་འཛིན་དབུ་ཁྲིད་ཀྱི་བཀའ་དྲིན་སྐྱོང་མུས་ཐོག བྲག་གཡབ་༧སྐྱབས་མགོན་རིན་པོ་ཆེ་མཆོག་དང་། ༧སྐྱབས་མཆོག་ཟོང་སྤྲུལ་རིན་པོ་ཆེ་ རྣམ་པ་གཉིས་ནས་ཆོས་ཕྱོགས་ཀྱི་དབུ་ཁྲིད་གནང་མུས་མ་ཟད། བོད་བརྒྱུད་ནང་བསྟན་གྱི་ལྟ་གྲུབ་སློབ་དཔོན་དུ་ དགེ་བཤེས་ལྷ་རམ་པ་རྭ་སྟོད་གཞན་ཕན་སྤྲུལ་སྐུ་རིན་པོ་ཆེ་བོད་ཁང་དུ་གཏན་བཞུགས་གནང་བཞིན་ཡོད་པ་རེད།
ཤེས་རིག་བསྟི་གནས་འདིར་ལས་རིམ་མི་འདྲ་བ་སྡེ་ཚན་ལྔ་ཡོད་པ་དང་། ལོ་གཅིག་ལ་ཁྱོན་བསྡོམས་ལས་རིམ་ སུམ་བརྒྱ་ལྷག་ཙམ་སྤེལ་བཞིན་འདུག།
www.dalailama-frankfurt.de དྲྭ་རྒྱ་འདི་བརྒྱུད་རིམ་བཞིན་མཛད་རིམ་སྐོར་གནས་ཚུལ་སྤེལ་རྒྱུ་རེད་འདུག་པས་ཐུགས་སྣང་ཡོད་མཁན་ཚོས་འཚོལ་གཟིགས་གནང་རོགས་གནང་།