བླ་མ་ཚང་ལྷ་ལུང་རྒྱལ།
མཁའ་ཁྱབ་ལུས་ཅན་སྙིང་རྗེའི་ཁོར་མོའི་ཡུག། ཕ་མ་གཉེན་ཉེར་རྩིས་ཀྱི་ཕྱག་རྒྱས་ཟིན།།
འགྲོ་བའི་འདྲེན་པ་བསྟན་འཛིན་རྒྱ་མཚོའི་ཞབས།། རྒྱ་མཚོའི་བྱེ་མ་སྙེད་ཀྱི་ཕྱག་གིས་བསྟོད།།
མདོ་རྒྱུད་གཞུང་བཟང་ཟམ་མི་ཆད་པའི་རྒྱུན།། སྤོབས་གདེང་གདོང་ལྔས་སྲིད་པའི་གངས་ཀྱི་རྩེར།།
བློ་བཟང་བསྟན་པ་འཛིན་སྤེལ་ལི་ཁྲིའི་མཚོར།། ཁ་འབབ་རྣམ་བཞིའི་ཡིད་འོང་རྣམ་འགྱུར་ཅན།།
རྗེ་བཙུན་བླ་མ་བློ་བཟང་བསྟན་འཛིན་ཞབས།། འཆད་པའི་གད་རྒྱངས་མགྲིན་པའི་གངས་ལ་ལྡིར།།
རྩོད་པའི་གཡུ་རལ་སྲིད་པའི་རྩེ་མོར་གཡོ།། རྩོམ་པའི་འོ་མ་སྐལ་ལྡན་བུམ་པར་བསྐྱིལ།།
ཆེ་མྱུར་ཟབ་གསལ་དྲི་བྲལ་དཀྱིལ་འཁོར་རྫོགས། རྗེ་བཙུན་བླ་མ་བློ་བཟང་བསྟན་འཛིན་ཞབས།།
བཤེས་གཉེན་བསྟེན་ལ་འཕགས་པ་རྟག་ཏུ་ངུར།། གཅིག་ཏུ་ཕྱོགས་ཞེས་མིག་མི་འཛུམ་པ་དེའི།།
རྡོ་རྗེའི་མགྲིན་ལ་གསུང་གི་རྡོ་རྗེར་འཁྲུངས།། གནས་ལྔའི་པཎ་ཆེན་བོད་ཀྱི་རྟག་ཏུ་ངུ།།
རྗེ་བཙུན་བླ་མ་བློ་བཟང་བསྟན་འཛིན་ཞབས།། ཕྱི་ནང་འདུལ་འཛིན་རྡུལ་སྙེད་རྒྱལ་མཚན་ཏོག།
ཉེ་བར་འཁོར་གྱི་བརྟུལ་ཞུགས་ཉི་མའི་འོད།། ཚུལ་ཁྲིམས་ནམ་མཁར་ལྷམ་ལེར་འཛུམ་པ་ཅན།།
བླ་མ་སྤྱན་རས་གཟིགས་ཀྱི་སྤྱན་གསལ་ཏེ།། རྗེ་བཙུན་བླ་མ་བློ་བཟང་བསྟན་འཛིན་ཞབས།།
ལྷ་ཡི་སྐད་དང་དབྱངས་གསལ་སོ་བཞིའི་སྡེར།། བྱང་ཞིང་གོམས་པས་ཞི་བ་ལྷ་ཡི་གཞུང་།།
ངག་འཕྲུལ་གླིང་བུར་དྲངས་པ་ལན་གཅིག་ཏུ།། ཉན་རྒྱུའི་སྐལ་བཟང་ཨེ་མ་ཨེ་མ་ཧོ།།
རྗེ་བཙུན་བླ་མ་བླ་བཟང་བསྟན་འཛིན་ཞབས།། ཐ་སྙད་སྒོག་ཤུན་ཡང་དག་མ་བཤུས་ཚེ།།
བརྗོད་དོན་སྒོག་སྙིང་བློ་ལ་མི་ལོན་ཕྱིན།། ངོ་མཚར་ཚིག་འགྲེལ་རྒྱ་བོད་མཁས་པའི་ཁྱུར།།
མ་བྱུང་བ་ཞིག་བདུད་རྩིའི་རྒྱུན་ལ་བབས།། རྗེ་བཙུན་བླ་མ་བློ་བཟང་བསྟན་འཛིན་ཞབས།།
ཚིག་དོན་རྟེན་འབྲེལ་ཕན་ཚུན་གྲོགས་ཀྱིས་གསལ།། སྙིང་པོ་འདོམས་ལ་བེ་ཌུའི་ནམ་མཁས་དག།
བཞི་ཟུང་སྐྱེ་གནས་འདེགས་འཇོག་འགྱུར་ཁུག་སྙན།། ཆེ་བ་གསུམ་གྱི་དཔལ་རྒུ་གཱང་གས་བཞུར།།
རྗེ་བཙུན་བླ་མ་བློ་བཟང་བསྟན་འཛིན་ཞབས།།དེ་ཡང་གཞུང་འདིའི་བྱེད་པོ་ཞི་བ་ལྷ།།
དངོས་སུ་བྱོན་ཏེ་གསུང་གི་སྒྲ་སྒྲོག་ཀྱང་།། སྨྲ་བའི་རྩལ་རབ་རབ་འབྱམས་ཕ་རོལད་ཕྱིན།།
འདི་འདྲ་ཉིད་ལ་བདག་ཡིད་འཕྱང་མོ་ཡུག། རྗེ་བཙུན་བླ་མ་བློ་བཟང་བསྟན་འཛིན་ཞབས།།
འདི་འདྲའི་ཕྱིར་ན་རྣམ་གསུམ་སྐྱོན་ཅན་སྣོད།། རྒྱལ་སྲས་མཁས་པའི་གདུལ་བྱར་མ་གྱུར་བའི།།
འགྲོ་བ་འགའ་ཡང་ཉི་མས་པདྨ་བཞིན།། བླ་མའི་གསུང་གི་ཟེར་མ་འཐུང་ལ་རེ།།
རྗེ་བཙུན་བླ་མ་བློ་བཟང་བསྟན་འཛིན་ཞབས།། སྐ་ཅོག་ཞང་གསུམ་མངའ་རིས་རིན་ཆེན་བཟང་།།
དགེ་འདུན་ཆོས་འཕེལ་གནའ་དེང་འཇིག་རྟེན་མིག། ཕྲེང་བར་བསྟར་བ་དག་ཀྱང་ཉིད་ལས་ལྷག།
སྲིད་དུ་མ་ངེས་གཙུག་ལག་ནོར་བུའི་མཛོད།། །། རྗེ་བཙུན་བླ་མ་བློ་བཟང་བསྟན་འཛིན་ཞབས།།
ལོས་ཀྱང་ཡིན་ནོ་བགྲང་བྱ་ལྔ་བཅུའི་རིང་།། མ་གྲངས་གྲོལ་སོགས་ཐ་སྙད་རྨ་བྱའི་སྒྲོ།།
རང་བྱུང་རི་མོར་འདྲི་ཀློག་ཏིང་འཛིན་ཟློས།། རྣ་ལ་ལྷུང་ཙམ་ངོ་མཚར་ཆང་གིས་བཟི།།
རྗེ་བཙུན་བླ་མ་བློ་བཟང་བསྟན་འཛིན་ཞབས།། དེས་ན་ཆོས་སྲིད་འབྱོར་བ་ཚོམ་བུས་བཞད།།
མཁའ་ཡི་མེ་ཏོག་ལ་འགྲན་ཉམ་ཆུང་ཁོས།། ཨུ་ཚུགས་མཐར་སྐྱེལ་རི་བོང་རྡོ་ལ་བརྫུས།།
དད་དམ་ཤིང་ལ་གནས་ཀྱིས་ཞུ་གསོལ་དུ།། ཁྱོད་ཞལ་དབུགས་ཀྱི་འབྱིན་རྔུབ་ཆོ་ག་ཡང་།།
བསྟན་སྲིད་ནམ་མཁའ་འདེགས་པའི་ཀ་ཆེན་དུ།། འགྱུར་བ་ཉིད་ཕྱིར་ཕྱག་ན་ལདྨོ་ཡི།།
སྲས་ཀྱི་མཐུ་བོར་བསྐལ་བརྒྱར་བཞུགས་ནས་ཀྱང་།། རྗེ་བཙུན་བླ་མ་བློ་བཟང་བསྟན་འཛིན་ཞབས།།
དགོས་བསྡུས་ཚིག་དང་མཚམས་སྦྱོར་ལན་དུ་བསྙད།། གསེར་གྱི་ཞལ་སྒོའི་དྭངས་གཙང་ལྷ་ཡི་ཆབ།།
ཡང་དང་ཡང་དུ་སྲིད་པའི་འབྲོག་དགོན་པར།། ཆིལ་ཆིལ་གཡོ་བའི་འཕྲིན་ལས་མཛེས་གྱུར་ཅིག།
རྗེ་བཙུན་བླ་མ་བློ་བཟང་བསྟན་འཛིན་ཞབས།།
ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༥ ནས། བཀའ་བློན་ཁྲི་ཟུར་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་ཞལ་སྔ་ནས་ཀྱི་ཞབས་ལ། བྱེས་ཀྱི་གསང་ཆེན་རྒྱུད་སྟོད་གྲྭ་ཚང་གིས་ཇི་ལྟར་གསུང་གི་བཀའ་དྲིན་བསྐྱང་འོས་ཀྱི་གསོལ་བ་བཏབ་པ་ལྟར། གྲྭ་ཚང་གང་ག་ལ་བར་སྤྱོད་འཇུག་ཆེན་མོའི་བཀའ་ཁྲིད་སྨིན་སྩོལ་གྱི་སྐལ་བཟང་སྒོ་འཕར་ཡངས་པོར་ཕྱེས་ཏེ། གཉུག་མར་གནས་དང་། གློ་བུར་ལྷགས་པ། ཕྱོགས་ནས་ཆེད་མངགས་ཕེབས་མཁན་གྱི་སྐྱ་སེར་འདི་ཕྱིའི་དོན་གཉེར་ཅན་མང་པོར། ཉིན་གྲངས་ཉི་ཤུ་མ་ལོངཙམ་རིང་ངོ་མཚར་གསུང་གི་བྱིན་རླབས་། འཕྲལ་ཡུན་ཕན་བདེའི་ལེགས་ཚོགས་ཀྱི་གཞི་རྩར་འཇོ་གནང་མཛད་པར། ཤེས་མེད་སྙོམས་ལས་པ་ཁོ་བོ་ཡང་མཛའ་བཤེས་སྨོན་འདྲེན་་པ་འགའ་དང་མཉམ། བླ་མ་རིན་པོ་ཆེའི་གསུང་གི་ནོར་བུའི་གཏེར་ལ་སྤྱོད་རྒྱུའི་སྐལ་བ་དང་ལྡན་པ་གཅེས་པས་ཐོད་དུ་བླངས་ཏེ། ཆོས་ཉན་པོའི་སྣོད་དུ་རུང་མིན་གྱི་ལྟོས་པའང་མེད་པར། ཉིན་གྱི་འཁོར་མོ་བསྟུད་མས་སྦྲེལ་གང་ནུས་དགེ་བའི་བློར་སྦྱོང་བའི་ཚེ་ན། རྣམ་དཀར་བགྱི་བས་འདུས་ཚོགས་མང་འགྱེད་དང་། ཞལ་ལག་གསོལ་ཇ། བརྟན་བཞུགས་གསོལ་འདེབས་ཀྱི་རྟེན་བཅས་ཚོགས་བསགས་སྒྲིབ་སྦྱོང་ལ་ཟམ་མི་ཆད་པར་འདུ་བྱས་པར་ཡི་རངས་ཀྱི་ཞོར། རང་གིས་ཀྱང་རིན་ཆེན་མཎ་ཌལ་གྱི་དོད་དམ་ཁ་མར་རིག་བྱེད་དབྱངས་ཀྱི་མཆོད་པ་འདི་བཞིན། ཕྱི་ཚེས་ ༢༢ ཉིན་གྱི་ཕྱི་དྲོའི་ཆོས་ཐུན་གྲོལ་རྗེས་ལམ་འགྲམ་ཇ་ཁང་ཞིག་ནས་་སོར་མོས་འདུ་བགྱིས་པར། ཅི་སྟེ་འབྲས་བུ་དགེ་བ་་ཤས་ཙམ་འཚལ་ན་ཉིད་དེ་འབའ་ཞིག་བླ་མ་རིན་པོ་ཆེའི་ཞབས་ཟུང་ཡུན་ལ་བརྟན་པའི་རྒྱུ་རྐྱེན་རྟེན་འབྲེལ་གྱི་མཐུར་སྨིན་པར་ཤོག་ཅིག་གུའི་སྨོན་ལམ་མཚམས་སྦྱོར་དང་བཅས། ལྷ་ལུང་རྒྱལ་དུ་འབོད་དེས་ལམ་འགྲམ་ཇ་ཁང་ཞིག་ནས་མངར་སྐྱུར་ཇ་ལ་རོལད་བཞིན་བྲིས་པ་དགེའོ།།
དཔེ་རེད
ཡག་པོ་བྲིས་འདུག
རྗེ་བཙུན་བླ་མའི་སྐུ་ཚེ་བརྟན་ན།
གངས་ལྗོངས་བོད་དེ་རྒྱ་འོག་འགྲོ་ཡོང་།
དེ་ལས་ཞིང་ཁམས་གཞན་དུ་གཤེགས་ན།
སྐྱིད་པའི་ཉི་མ་མྱུར་དུ་ཤར་ཡོང་།
སེམས་འཚོར་ཙམ་ཡིན།