ཧི་མ་ལ་ཡའི་འཕྲུལ་སྨྱུག
སྒྲུབ་བརྒྱུད་ཀྱི་བཀའ་བབ་ནི། གངས་ཅན་འདིར་མཁས་ཤིང་གྲུབ་པའི་དབང་ཕྱུག་ཀུན་གྱི་གཙུག་རྒྱན་དུ་བཀོད་པར་འོས་པ། བྱང་གི་ཀ་ཆེན་རྗེ་བཙུན་མི་ལ་རས་པ་དེ་ཉིད། ཁྱུང་པོའི་གདུང་ལས་གུང་ཐང་སྐྱ་རྔ་རྩར། ཡབ་ཤེས་རབ་རྒྱལ་མཚན་དང༌། ཡུམ་མྱང་ཚ་དཀར་རྒྱན་ཟུང་གི་སྲས་སུ། ལྕགས་འབྲུག་སྤྱི་ལོ་ ༡༠༤༠ ལོར་བལྟམས། སྐུ་ན་ཆུང་ངུའི་དུས་ནས་ཨ་ཁུ་དང་ཨ་ནེའི་རྐྱེན་བྱས་ཏེ། མཐུ་དང་སེར་བ་སོགས་སྡིག་པའི་ལས་ཚབ་ཆེ་བར་བསགས། དགུང་ལོ་སོ་བརྒྱད་པ་མེ་སྦྲུལ་སྤྱི་ལོ་ ༡༠༧༧ ལོར་བླ་མ་མར་པ་དང་མཇལ། སྲས་མཁར་དགུ་ཐོག་རྩིག་ཏུ་བཅུག་ནས། སྡིག་སྒྲིབ་ཐམས་ཅད་ཤུལ་མེད་དུ་སྦྱང༌། སྔོན་དུས་བླ་མ་ཡབ་ཡུམ་གཉིས་ཀྱི་མནལ་ལམ་དུ་རྨིས་པ་བཞིན། ཐུགས་ཀྱི་སྲས་གཅིག་པུར་དགོངས་ཏེ། རྗེས་སུ་བཟུང་ནས་ཐོག་མར་བདེ་མཆོག་གི་དཀྱིལ་འཁོར་དུ་དབང་བསྐུར། འཁོར་ལོ་སྡོམ་པ་དྲུག་ཅུ་རྩ་གཉིས་ཀྱི་མཚོན་བྱ་དང་མཚོན་བྱེད་ཀྱི་དཀྱིལ་འཁོར་རྟེན་བརྟེན་པར་བཅས་པ་མངོན་སུམ་དུ་བསྟན་ནས། དབུགས་དབྱུང༌། གཟེངས་བསྟོད་མཛད།
དེ་ནས་བརྩམས་ཏེ་དགྱེས་རྡོར། མ་ཧཱ་མཱ་ཡཱ། གདན་བཞི། སངས་རྒྱས་ཐོད་པ། གསང་འདུས་སོགས་ཀྱི་བསྐྱེད་རྫོགས། རྒྱུད་འགྲེལ། དབང་བསྐུར། སྒྲུབ་ཐབས་མཐའ་དག་དང༌། ཁྱད་པར་དུ་བསྲེ་འཕོ་གནད་ཀྱི་མཚམས་སྦྱོར་ལ་དམར་ཁྲིད་མཛད། ལྷོ་བྲག་སྟག་ཉའི་བྲག་ལ་སྒོམ་དུ་བཅུག་ནས་ཉམས་རྟོགས་ཀྱི་རྩལ་རྫོགས། ཕྱག་ཆེན། ཆོས་དྲུག མཁའ་འགྲོའི་སྙན་བརྒྱུད་ཀྱི་བརྡ་དབང༌། གྲོལ་ལམ་གྱི་གདམས་པ་རྣམས་ནཱ་རོ་པའི་བཀའ་བཞིན་དུ་ཆིག་བརྒྱུད་དུ་གནང༌།
མཻ་ཏྲིའི་པའི་དབུ་ཞྭ། ནཱ་རོའི་ན་བཟའ་རྣམས་གནང་ནས་གཡའ་རི་དང༌། གངས་ཁྲོད་དུ་སྒྲུབ་པའི་རྒྱལ་མཚན་ཚུགས་ཤིག་ཅེས་གཏུམ་མོའི་བཀའ་བབ། སྒྲུབ་གནས་སོ་སོར་ལུང་བསྟན་ཏེ། བགྲང་བྱ་ཞེ་བཞི་པ་ཆུ་ཕག་སྤྱི་ལོ་ ༡༠༨༣ ལོར་རང་ཡུལ་དུ་ཕེབས།
བླ་མའི་བྱིན་རླབས་དང༌། སློབ་མའི་མོས་གུས་ཀྱི་སྟོབས་ཀྱིས། ཕྱག་རྒྱ་ཆེན་པོའི་རྟོགས་པ་མངོན་དུ་གྱུར། ཚེ་བློས་བཏང་གི་སྒོ་ནས་སྒྲུབ་པའི་རྒྱལ་མཚན་འཛིན་པའི་སྲོལ་གཏོད། ཚེ་གཅིག་ལུས་གཅིག་ལ་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་ཁྱབ་བདག་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་མཛད་དེ། དགུང་ལོ་གྱ་བཞི་པ་ཆུ་ཡོས་སྤྱི་ལོ་ ༡༡༢༣ ལོར། མཆོག་གྱུར་ཞི་བ་མྱ་ངན་ལས་འདས་པའི་མཛད་པ་བསྟན་ནས། ད་ལྟ་སྟོན་པའི་འདས་ལོ། ༢༥༥༧ བོད་ཟླ། ༡ ཚེས། ༡༤ སྤྱི་ལོ། ༢༠༡༣ ཟླ་བ། ༢ ཚེས། ༢༤ ཉིན་བར་ལ་ལོ་གྲངས། ༩༩༡ ཧྲིལ་པོ་འཁོར་བའི་དུས་ཆེན་གྱི་ཉིན་དེར། དཔལ་མཉམ་མེད་འགྲོ་མགོན་བཀའ་བརྒྱུད་པའི་དགོན་ཁག་ཆེ་ཆུང་མང་པོ་ཞིག་གི་ནང་དུ། མི་ལའི་བླ་སྒྲུབ་དང༌། བཀའ་བརྒྱུད་མགུར་མཚོ་ཚོགས་བཞིན་པ་བཅས་སོ།།
དེང་སྐབས་ཀྱི་བཀའ་བརྒྱུད་པ་ཡིན་ཟེར་མཁན་ཚོའི་ནང་དུ་དགྱེས་རྡོར། མ་ཧཱ་མཱ་ཡཱ། གདན་བཞི། སངས་རྒྱས་ཐོད་པ། གསང་འདུས་སོགས་ཀྱི་བསྐྱེད་རྫོགས་སྐོར་ཤེས་མཁན་ག་ཚོད་ཅིག་ཡོད། མཛུབ་མོ་བཙུགས་ནས་བགྲང་ཐུབ་བམ།
ཧི་མ་ལ་ཡའི་འཕྲུལ་སྨྱུག་མཆོག་གིས། འདིའི་སྔོན་ཚན་རིག་ཐོག་ཡིག་རྩོམ་འགའ་ཞིག་བཏོན་པ་བཀླགས། བརྗོད་བྱ་རྗོད་བྱེད་གཉིས་ཀའི་ཆ་ནས་ལེགས་པར་མཐོང་། ད་ལྟ་ཡུལ་གངས་ཅན་པའི་རྣམ་འབྱོར་གྱི་དབྱངས་ཕྱུག ཚེ་གཅིག་ལུས་གཅིག་ཏུ་ཟུང་འཇུག་བརྙེས་པ། རྗེ་བཙུན་མི་ལ་རྗེའི་ངོ་སྤྲོད་ཚིག་ཉུང་ལ་དོན་གསལ་བ། རྗོད་བྱེད་ཚིག་གི་སྒོ་ནས་བོད་སྤྱིའི་སྐད་ལ་མིག་དཔེར་འོས་པ་ཞིག་ཏུ་མཆིས་སོ།།
བཀའ་དྲིན་ཆེའོ།
དཔའ་མེད་བསྐལ་བར་གོམས་པ་མ་བྱས་པར། །
ཚེ་གཅིག་ལས་གཅིག་མངོན་པར་སངས་རྒྱས་ཞེས། །
མ་རྟགས་མ་དཔྱད་དད་པའི་རྗེས་འབྲངས་ཚོས། །
རྟེན་འབྲེལ་ལུགས་ལ་སྐུལ་བ་བཏབ་འདི་མཚར། །
འོ་གང་ལྟར་ཁོང་གིས་མཐུ་ཡིས་ཉམས་ཆུང་ཐལ་བར་བརླག་སོང་བ་རེད། མི་ལ་རས་པ་མཐུ་རྩལ་ཡོད་རབས་འདུག
མི་ལ་རས་པའི་འཁྲུངས་ཡུལ་མངའ་རིས་གུང་ཐང་སྐྱ་རྔ་རྩ་ཞེས་པ། དེང་སང་སྐྱིད་གྲོང་གི་ཉེ་འགྲམ་རྫོང་ཁ་ཞེས་པའི་ས་ཁུལ་དེ་ཡིན་ནམ?
མགུར་འབུམ་ནང་ན་རོ་བོན་ཆུང་བརྟུལ་བའི་དུམ་བུ་དེ་ཧ་ཅང་གི་སྙན།
དཔའ་མེད་བསྐལ་བར་གོམས་པ་མ་བྱས་པར། །
ཚེ་གཅིག་ལས་གཅིག་མངོན་པར་སངས་རྒྱས་ཞེས། །
མ་རྟགས་མ་དཔྱད་དད་པའི་རྗེས་འབྲངས་ཚོས། །
རྟེན་འབྲེལ་ལུགས་ལ་སྐུལ་བ་བཏབ་འདི་མཚར། །
ཞེས་པའི་ལན་དུ།
དཔག་མེད་བསྐལ་པར་གོམས་པ་མ་བྱས་པར། །
ཚེ་གཅིག་ལུས་གཅིག་མངོན་པར་འཚང་རྒྱ་ཞེས། །
མ་ཐོས་མ་དཔྱད་འདོད་ལུགས་རྗེས་འབྲངས་ཚོས། །
གོ་སྐལ་མིན་ཡང་བླ་མེད་ལུགས་འདི་མཚར། །
གང་ལྟར་བཏགས་པ་དེ་ལྟར་སྣང། རིགས་དྲུག་ཆུ་ལ་དྲུག་ཏུ་མཐོང། དཔེར་ན་མི་གཙང་བ་ལ་གཙང་བར་འཛིན་པ་འབུ་སྦུར་བཞིན་ནོ།
འདོད་ལུགས་འདི། མདོ་ལུགས་ལ་བཅོས།
མི་ལའི་རྣམ་ཐར་ཐོས་ཙམ་དད་སྤུ་སློངས། །
དད་སྤུ་སློང་མཁན་ཁྱོད་ལ་ཕྱག་འཚལ་ལོ། །
གསེར་ལ་རགས་སུ་མཐོང་ན་སྙིང་རྗེའི་ཡུལ།
ཚུལ་གསུམ་སྒྲོན་མེ་ལས།
དོན་གཅིག་ན་ཡང་མ་རྨོངས་དང་།།
ཐབས་མང་དཀའ་བ་མེད་པ་དང་།།
དབང་པོ་རྣོན་པོའི་དབང་བྱས་པས།།
སྔགས་ཀྱི་ཐེག་པ་ཁྱད་པར་འཕགས།།
བསྐལ་པར་དཀའ་ཐུབ་ལམ་ལ་མ་ཕེབས་ཀྱང༌།།
ཚེ་གཅིག་ལུས་གཅིག་རྟེན་འབྲེལ་འགྲིགས་པ་དེ།།
བློ་ཆུང་རྣམས་ཀྱིས་བསམ་པར་དཀའ་ན་ཡང༌།།
བག་ཡོད་མཛོད་ཅིག་ལས་ངན་མ་སྒྲོགས་རོགས།།
ནུབ་ཕྱོགས་གངས་ཕྲུག་ནས་གསུངས་པ་ལྟར། མི་ལའི་འཁྲུངས་ཡུལ་ནི། སྐྱིད་གྲོང་དང་ཐག་ཉེ་བའི་རྫོང་དཀར་ཞེས་པ་དེ་ཡིན་འདུག །
“དེ་ཡང་གངས་ཅན་གྱི་ལྗོངས་འདིར་གྲུབ་པའི་དབང་ཕྱུག་འགྲན་ཟླ་དང་བྲལ་བ་རྗེ་བཙུན་ཆེན་པོ་དེ་ཉིད་འཁྲུངས་པའི་ཡུལ་ལ་སྟོད་གུང་ཐང་གི་གྲོང་ཁྱེར་སྐྱ་སྔ་རྩ་ན་ཡབ་མི་ལ་ཤེས་རབ་རྒྱལ་མཚན། ཡུམ་མྱང་ཚ་དཀར་རྒྱན་གཉིས་ཀྱི་སྲས་སུ་སྟོན་པ་འདས་རྗེས་ཆིག་སྟོང་ལྔ་བརྒྱ་གྱ་བཞི་པ་དཔའ་བོ་ཞེས་ལྕགས་འབྲུག་སྤྱི་ལོ་ ༡༠༤༠ ལོར་སྐུ་འཁྲུངས། མཚན་ཐོས་པ་དགའ་ཞེས་གསོལ།”
དང་བོར་གཞུང་ལུགས་དག་ལ་ངལ་བས་བརྩོན།།
བར་དུ་གང་བསླབ་ཀུན་ལ་སྒྲོགས་འདོགས་བཅད།།
མཐའ་མར་ཉམས་ལེན་ཕ་རོལ་ཕྱིན་པར་མཛད།།
མདོ་ཡི་ལུགས་འདིས་དད་དང་ཡིད་ཆེས་འདྲེན།།
ཐབས་ཁྱད་པར་དུ་འཕགས་པ་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་མྱུར་བས། གང་ཟག་དབང་རྣོན་ཚོ་སྒོམ་ཐོག་ནས་ལྟ་བ་བཙལ་དགོས། ཞེས་བཀའ་བརྒྱུད་པའི་བླ་མ་རྣམས་ཀྱི་རྡོ་རྗེའི་གསུང་དེ་ཡིད་ལ་དྲན།
རིང་ལམ་མོས་ན་དེ་ནས་ཕེབས་གྲོགས་མཛོད།།
མྱུར་ལམ་མོས་ན་དེ་དང་དེ་བཞིན་ནོ།།
ཁམས་དབང་མོས་པ་བསམ་མི་ཁྱབ་པ་ལ།།
སྣ་ཚོགས་ལམ་སྟོན་འདི་པའི་ཁྱད་ཆོས་སོ།།
རྣམ་ཐར་ཐོས་ཙམ་དད་པའི་སྤུ་ལོངས་གཡོས།།
གངས་ཅན་རི་ཁྲོད་ཡོངས་ཀྱི་རྗེ་བོ་སྟེ།།
སྙེགས་དུས་ཚེ་འཐུང་གཅིག་ལ་བྱང་ཆུབ་བརྙེས།།
རྗེ་བཙུན་མིད་ལ་མཆོག་ལ་གུས་པས་འདུད།།
བྱམས་ལྡན་ཕ་མས་བསྐྱུར་བའི་དྭ་ཕྲུག་འཁྱམས་པོ། །
ཨ་ནེའི་ཉེས་བཅོས་མྱོང་བའི་སྤྲང་ཕྲུག་ཁེར་རྐྱང་། །
མར་བའི་ཁ་ལ་ཉན་པའི་ཞི་ལི་ཡ་རབ། །
བྲག་ཕུག་དུ་ཁྲོད་འགྲིམས་པའི་སྒོམ་པའི་རྒྱལ་བོ། །