བསམ་གླིང་ཚེ་རིང་ལྷ་མོ།
ཞལ་གྱི་དཀྱིལ་འཁོར་བྱམས་པའི་འཛུམ་གྱིས་བསུས།།
དབུ་སྐྲའི་ཐོར་ཅོག་མཐོན་ཐིང་ནམ་མཁར་འདྲེས།།
ཡེ་ཤེས་དཔག་ཡས་འཕགས་མ་རྗེ་བཙུན་མ།།
མི་ཕྱེད་དད་པའི་གླུ་འདིར་ཡུད་ཙམ་དགོངས།།
དྲི་མེད་གངས་རི་དཀར་པོས་རབ་བརྒྱན་ཅིང་།།
འགྲོ་བ་ཉམ་ཆུང་དད་ལྡན་བསོད་ནམས་ཅན།།
སོས་དལ་བག་ཕེབས་ང་ཅག་བོད་ཡུལ་འདིར།།
ད་ཆ་དམར་པོའི་དཔུང་གིས་ཡོངས་བཅོམ་ཞིང་།།
བོད་འབངས་ཉམ་ཆུང་དྲག་པོའི་མཚོན་གྱིས་བསྐོར།།
རང་དབང་ཡོད་ཚད་གཞན་དབང་ཕྱོགས་སུ་ཤོར།།
འཕགས་མ་ཁྱེད་ནི་བྱམས་བརྩེའི་སྤྱན་ཡངས་ཤིང་།།
འགྲོ་ཀུན་བུ་ལྟར་སྐྱོང་མཁས་མཐུ་རྩལ་ཅན།།
འདི་ཕྱིའི་དངོས་གྲུབ་མ་ལུས་སྩོལ་མཛད་མ།།
ཁྱེད་ཀྱིས་མ་མཁྱེན་ཆོས་ཤིག་མེད་ལགས་ཀྱང་།།
ཤ་ཁྲག་གཅིག་པའི་རང་རིགས་ཕུ་ནུ་ཚོས།།
རྒྱལ་ཁབ་དོན་དུ་རང་སྲོག་བསྲེགས་ནས་ཀྱང་།།
རླབས་ཆེན་བོད་དོན་རྩོད་པའི་བྱ་འགུལ་ནི།།
སུ་གཞན་གང་གིས་སྙིང་སྟོབས་འགྲན་ནུས་མིན།།
དཔའ་རྒོད་རེ་རེའི་ཐུགས་ཀྱི་དཀྱིལ་འཁོར་དུ།།
རང་ས་གཞན་ལ་དབང་བར་ཐུགས་མ་བདེ།།
རྒྱལ་དབང་ཡབ་སྲས་ཡིད་ལ་ལྷང་ལྷང་དྲན།།
བཀའ་དང་ལམ་སྟོན་ཟབ་མོ་བྱིན་རླབས་ཅན།།
ད་ལྟ་མཇལ་རྒྱུ་བྱུང་ན་སྙམ་པ་ནི།།
སྐོམ་པའི་དུས་ཀྱི་ཆུ་མིག་དྲན་དང་མཚུངས།།
ལྷག་པར་གངས་ཅན་མགོན་པོ་སྤྱན་རས་གཟིགས།།
སྐུ་ཡི་སྤྲུལ་པ་བགྲེས་ཡོལ་བཞེས་པའི་ཚེ།།
སྙིང་གི་དཀྱིལ་ལ་ཚེར་མ་ཟུག་པ་ལྟའི།།
ན་ཟུག་ཆེ་ཞིང་བགྲེས་པའི་ཞལ་དཀྱིལ་དག།།
མཇལ་བའི་སྐལ་བཟང་ལྟ་ཅི་གསུང་དབྱངས་ཀྱང་།།
དེང་དུས་འཕྲུལ་ལས་ཐོས་པའི་སྐལ་བ་ཕྲ།།
བོད་འབངས་གར་འཛོམས་ས་ལ་མྱུལ་མ་རེ།།
མི་རེའི་རྒྱབ་ལ་མཚོན་ཆ་རྣོ་དབལ་ཅན།།
གྲོས་ཙམ་ཉེས་ན་ཁ་ཆག་སྣ་རལ་གྱི།
དྲག་པོའི་བཙན་དབང་ཁྱུ་ཡིས་སྒུག་ནས་ཡོད།།
དེ་ལྟར་བོད་འབངས་བློ་སོས་བདེ་ཐབས་བྲལ།།
རྒྱལ་ཁབ་བདག་དབང་ཤོར་བའི་ན་ཟུག་དང་།།
བོད་འབངས་བྲན་དུ་བཀོལ་བའི་ན་ཟུག་ཐོག།
ཡུལ་ལུང་ཇག་པས་བསྐོར་བའི་དངོས་མཐོང་མང་།།
སྐྱབས་འོས་དགེ་འདུན་སུན་གཙེར་དུ་མས་མནར།།
མནར་ཞིང་བཟོད་དཀའི་ན་ཟུག་མང་དྲགས་ནས།།
ལས་དབང་ཐབས་རྡུག་དེ་དག་གྲོལ་སླད་དུ།།
བདག་གིས་སྐྱོབ་པར་བྱ་བའི་སྙིང་སྟོབས་ཀྱིས།།
རང་ལུས་ཞུགས་མེར་བསྒྲོན་པའི་རྣམ་ཐར་བསྐྱངས།།
རྣམ་ཐར་དེ་དག་མཐོང་དང་ཐོས་པའི་ཚེ།།
ལུས་ཀྱི་སྤུ་གཡོས་མིག་ནི་མཆི་མས་སྒྲིབ།།
མགྲིན་པ་བརྣངས་ཏེ་བྱ་ཐབས་མ་རྙེད་ན།།
སྐྱབས་འོས་འཕགས་མའི་རྣམ་ཐར་དྲན་པའི་ངོར།།
དབྱར་རྔའི་སྒྲ་དབྱངས་རྨ་བྱས་ཐོས་པ་བཞིན།།
དེང་འདིར་ཁྱེད་ལ་གསོལ་བ་འདེབས་པར་བརྩོན།།
རང་ཉིད་ཉལ་ཏེ་མཐུ་དང་རྫུ་འཕྲུལ་དག།།
བདག་ལ་གནང་ཞེས་ཞུ་བར་མ་སྤོབས་ཀྱང་།།
སྐལ་ལྡན་སྐྱེ་བོ་དུ་མའི་སྙིང་སྟོབས་དཔལ།།
ས་སྟེང་འདི་ན་གྲགས་པ་དོན་ལྡན་ན།།
འཕགས་མ་ཁྱེད་ཀྱིས་བོད་དོན་འགལ་རྐྱེན་ཀུན།།
མྱུར་དུ་ཞི་ཞིང་ཇི་ལྟར་དཔའ་བོའི་ཐུགས།།
ཡིད་ལ་བརྣག་པ་འདི་ཀུན་འགྲུབ་པར་ཤོག །
རྗེ་བཙུན་སྒྲོལ་མ་ཁྱེད་ཀྱི་ཞིང་ཁམས་སུ།།
དཔའ་བོ་དཔའ་མོ་དེ་ཀུན་འཁྲུངས་ནས་ཀྱང་།།
ཁྱེད་ཀྱི་ཕྱག་མཛུབ་བསྟན་པའི་བོད་ཡུལ་ལ།།
བདག་ཅག་གཞིས་བྱེས་མཉམ་འཛོམས་འབྱུང་བ་དང་།།
སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་མཆོག།
གྲུ་འཛིན་གཉིས་པའི་གཞལ་མེད་ཕོ་བྲང་དུ།།
ཞབས་སོར་འཁོད་ནས་ཆོས་ཀྱི་སྒོ་མོ་བརྒྱ།
དད་ལྡན་བོད་འབངས་ཡོངས་ལ་གནང་བ་དག།
མངོན་སུམ་བསྟན་ནས་དགའ་བ་འབུམ་སྩོལད་ཤོག།།
ན་ནིང་དགུན་ཁ་རྡི་ལི་གུར་དུ་ཝར་ལ་བསྐྱོད་སྐབས། དད་ལྡན་པ་ཚོས་གསོལ་འདེབས་གླུ་དབྱངས་ཡིད་ལ་སིམ་པ་ཞིག་གནང་བ་མཐོང་ནས་བྲིས།
ཀ་ནས་ཨ་བར་བློ་ལ་མ་ཟིན་ན། །ཁ་ཤས་ཞིག་གིས་a b c dལས། །ག་ལ་ཕྱིན་ཀྱང་སྒྲོལ་མ་འདོན་ཤེས་ཞིག །
ང་ཡིས་མ་མཐོང་ད་ནི་ཅི་ཞིག་བྱ། །
ཅི་ཡང་མི་ཤེས་པའི་བླུན་པོ་དེ་ཚོ་ཁ་བཙུམ་ན་དགའ་ཡོང་ག།
ཧ ཧ མོ་མིང་ཕོ་ལག་འདི་ཚོ་སྙིང་རྗེ། །
ཁྱོ་གའི་ཆུང་མས་རྩོམ་རྫུན་འདི་ཚོ་བཙན་བྱོལ་པ་ཚོས་གཡོ་སྒྱུ་རེད་པས། ཧཧཧཧཧཧཧཧཧཧཧཧ
ཨོཾ་རྗེ་བཙུན་མ། འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ།
ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ།།
མྱུར་བ་མྱུར་དུ་བོད་ལ་ཕེབས་ནས།།
ན་གཞོན་མེ་ཏོག་ལྡུམ་རའི་མེ་ཏོག།
མེ་འབར་བསྲེག་པ་ད་ལྟ་སྒྲོལ་ཞིག།
སྤྱན་ནི་སྐད་ཅིག་གློག་དང་འདྲ་མ།།
ལྐོག་ཟ་རྐུ་མ་དག་ལ་གཟིགས་ནས།།
གཅིག་རེ་གཅིག་རེ་ཕྱི་ལ་བཏོན་ནས།།
རྒྱ་རྒན་ཚང་དེ་གཙང་མ་བཟོས་ཤིག།
འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱིས།།
མཛེས་སྡུག་ཡོད་ཚད་རང་གིས་མ་ཉར།།
ཁྱེད་ཀྱི་ཆུ་སྐྱེས་ཞལ་རས་མཛེས་སྡུག།
བོད་ཀྱི་བུ་མོ་ཚོ་ལ་གནང་རོགས།།
གེ་སར་བྱེ་བ་ལས་ནི་བྱུང་མ།།
སྦྲང་རྩིའི་བཏུང་པའི་བྱིན་རླབས་ཡོད་ཚད།།
བདག་གི་སྤྱི་བོར་མྱུར་དུ་ཕོབས་དང་།།
དགའ་བའི་རྐང་བྲོ་ད་ནས་རྡུང་རྒྱུ།།
ཀ་ཡེ་ཆང་གི་བཟི་ན་ལབ་རྡོལ་མང་། ཁྱི་རྒན་ཐོག་ལ་བཞག་ན་སྐར་མར་ཟུག
དམ་ལ་མ་བཏགས་བཙན་འདྲེ་གནོད་པ་མང་། འགོང་པོ་འདི་ནི་སྤྱི་ཚོགས་གཤེད་མ་ཡིན།
ཡ་རབས་བཟང་པོའི་གཤིས་ཀ་ཀ་ཡེར་མེད། ཕ་མའི་བསླབ་བྱ་བཟང་པོ་འདི་ལ་མེད།
ལྷ་ཆོས་མི་ཆོས་གང་གི་མ་དུལ་ཡང་། དམར་པོའི་ལྟ་སྤྱོད་ཡི་དམ་ལྷ་བཞིན་བསྟེན།
ཇུས་མེད་ཇུས་གཏོགས་དཀྲུགས་ཤིང་རྒྱག་རྒྱུར་དགའ།
ཆོས་ལུགས་ནང་ཁུལ་མི་མཐུན་བཟོ་རྒྱུར་དགའ།
བླ་མ་སྤྲུལ་སྐུ་ཐུག་པ་དཀྲུགས་རྒྱུར་དགའ།
འདི་ནི་ཀརྨ་ཡེ་ཤེས་ལས་བསྡོམས་ཡིན།
དང་པོའི་པཎ་ཆེན། རྒྱལ་བ་དགེ་འདུན་གྲུབ། གང་གི་ཁྲི་ལ་བཞུགས་པ་རྣམས་ཀྱང་པཎ་ཆེན་ཆགས་པས། པཎ་ཆེན་ཆོས་ཀྱི་རྒྱལ་མཚན་ནས་བཟུང་། མཆོག་སྤྲུལ་ངོས་འཛིན། དེ་ནས་པཎ་ཆེན་རིན་པོ་ཆེ་སྟེ། རྒྱལ་བ་རིན་པོ་སྐུ་འཕྲེང་རིམ་བྱོན་དང་ལྷན་དུ་བླ་སློབ་ཀྱི་ཚུལ་དུ་བྱོན་དང་འབྱོན་བཞིན་པ་ལ་དབུས་གཙང་དུ་འདི་ལྟར་བཤད་པ་ཐོས་ཏེ།
གནམ་ལ་ཉི་ཟླ་རྣམ་གཉིས།
ས་ལ་རྒྱལ་མཆོག་རྣམ་གཉིས།
གཙང་བཀྲ་ཤིས་ལྷུན་པོའི་དགེ་འདུན་གྱིས་ཚོགས་ཆེན་དུ།
པཎ་ཆེན་དགེ་འདུན་གྲུབ་ཀྱིས་མཛད་པའི་སྒྲོལ་དཀར་བསྟོད་གསོལ་འདི་ལྟར་གདངས་སྙན་པོས་སྐྱོར།
མཁྱེན་བརྩེ་དྲི་མེད་རྒྱས་པའི་རང་བཞིན་གྱི།
པད་དཀར་བསིལ་ཟེར་ཅན་གྱི་གདན་སྟེང་ན།
ལྷག་པའི་ལྷ་མོ་གངས་རིའི་མདངས་འཕྲོག་མ།
རབ་མཛེས་ལང་ཚོའི་དཔལ་ཡོན་ཅན་དེར་འདུད།། ༡ །།
ཅེས་དང་མཇུག་ཏུ་འདོད་གསོལ།
ཚེ་དང་བསོད་ནམས་དམིགས་མེད་སྙིང་རྗེ་དང་།
ཐོས་བསམ་སྒོམ་པའི་ཤེས་རབ་དྲི་མེད་དང་།
བསླབ་པ་གསུམ་སོགས་ལེགས་པའི་ཡོན་ཏན་རྣམས།
རྒྱས་པའི་འཕྲིན་ལས་མྱུར་དུ་འགྲུབ་པར་མཛོད།།
ཅེས་མཁྱེན་བརྩེ་དྲི་མེད་མ་ཞེས་པའི་བསྟོད་གསོལ་འདི་ལ་ཚིགས་བཅད་༢༤མཆིས་ཤིང་། བསམ་གླིང་ལྷ་མོའི་སྒྲོལ་དཀར་བསྟོད་གསོལ་འདི་ཡང་། རྗེ་དགེ་འདུན་གྲུབ་ཀྱི་བསྟོད་གསོལ་གྱི་རྗེས་འབྲངས་ལྟར་མཐོང་བས། གང་གི་སྨོན་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག ཅེས་སྨོན་ནོ།།
རྗེ་བཙུན་འཕགས་མ་སྒྲོལ་མ་མཁྱེན་ནོ།།
འཇིགས་པ་བརྒྱད་ལས་སྒྲོལ་བ་མཛོད་ཅིག།
རྒྱ་གར་ལྷོ་ཕྱོགས་བོད་པ་དག་ལ།།
རྒྱ་གར་ཁ་ཆེའི་མི་རིགས་རྣམས་ཀྱིས།།
གྲི་དང་ཤེལ་ཕུང་རྡོ་དང་དབྱུག་པས།།
དོན་མེད་བརྡུང་རྡེག་ལས་འགུལ་བརྩམས་ནས།།
ཛ་དྲག་ཆེ་བའི་འཇིགས་སྐུལ་སློང་བ།།
རྒྱུ་རྐྱེན་གང་ཡིན་གསལ་བོར་མི་ཤེས།།
སྦིསྦི་སི་དང་ཚགས་པར་ནང་ལ།།
འབར་མའི་ནང་ལ་ནང་པ་ཁ་ཆེ།།
ཕན་ཚུན་བར་ལ་འཁྲུག་འཛིངས་ཤོར་ནས།།
མེར་བསྲེགས་མི་གསོད་དོན་རྐྱེན་བྱུང་ཟེར།།
གང་ལ་གང་འདོད་སྟེར་བའི་རྗེ་བཙུན་སྒྲོལ་མས། སྙན་མངགས་དབྱངས་སུ་འགུགས་པའི་ཚེ་རིང་ལྷ་མོར།
ད་ལྟ་ཁྱོ་ག་མེད་ན་ཁེར་རྐྱང་བདག་ལ། མྱུར་བ་མྱུར་བར་སྒྲོལ་མས་སྩོལ་ཅིག
མྱུར་བ་མྱུར་བར་ཚེ་རོགས་སྩོལ་ཅིག
རྗེ་བཙུན་འཕགས་མ་སྒྲོལ་མ་མཁྱེན་ནོ།།
འཇིགས་པ་བརྒྱད་ལས་སྒྲོལ་བ་མཛོད་ཅིག།
ཉེ་བའི་ཉིན་གྲངས་ཁ་ཤས་སྔོན་ནས།།
རྒྱ་གར་ལྷོ་ཕྱོགས་བོད་མི་དག་ལ།།
རྒྱ་གར་ཁ་ཆེའི་མི་རིགས་རྣམས་ཀྱིས།།
གྲི་དང་ཤེལ་ཕུང་རྡོ་དང་དབྱུག་པས།།
དོན་མེད་བརྡུང་རྡེག་ལས་འགུལ་བརྩམས་ནས།།
དོན་མེད་ཛ་དྲག་འཇིགས་སྐུལ་བསླེབས་སོང་།།
རྒྱུ་རྐྱེན་གང་ཡིན་གསལ་བོར་མི་ཤེས།།
སྦི་སྦི་སི་དང་ཚགས་པར་ནང་ལ།།
འབར་མའི་ནང་གི་ནང་པ་ཁ་ཆེ།།
ཕན་ཚུན་བར་ལ་འཁྲུག་འཛིངས་ཤོར་ནས།།
མེར་བསྲེགས་མི་གསོད་དོན་རྐྱེན་བྱུང་ཟེར།།
དེ་ཡི་ཤུགས་རྐྱེན་འདི་གར་བསླེབས་ནས།།
ཉམ་ཆུང་བོད་པར་གློ་བུར་བརྡུང་རྡེག།
སྙིང་ནས་མ་བཟོད་ཚིག་འགའ་ཐལ་འདི།།
སྐྱབས་དང་རེ་ས་གཞན་ན་མེད་པས།།
རྗེ་བཙུན་འཕགས་མ་སྒྲོལ་མ་ཁྱེད་ཀྱིས།།
འཇིགས་པ་དག་ལས་སྒྲོལ་བར་མཛོད་ཅིག།
ཕ་མ་ཁྱིད་ལ་གསོ་བ་བཏབ་་པ་ཡི་།
སྤྱེ་དོན་བདེན་མཐའ་གསལ་བར་མཛད་དུ་གསོལ།
སྒེར་དོན་ཨར་སེལ་རག་པར་བྱིན་གྱི་རློབས།
སྒྲོལ་ལྗང་སྒྲོལ་མས་ཁོར་ཡུག་སྲུངས་ཅིག །
སྒྲོལ་དཀར་སྒྲོལ་མས་འཁྱག་རོམ་སྐྱོབས་ཤིག །
དཀར་ལྗང་གཉིས་ཀས་གཞིས་བྱེས་བོད་མིའི། །
བསམ་དོན་ཐམས་ཅད་མྱུར་དུ་སྒྲུབས་ཤིག །
སྒྲོལ་དཀར་གངས་མོས་མེར་སྲེག་སྐྱོབས་ཤིག །
སྒྲོལ་ལྗང་སྨན་མོས་རྨ་རྣམས་གསོས་ཤིག །
གངས་དཀར་དཀར་མོས་བོད་སྣོད་གནོད་སྐྱོབས། །
སྒྲོལ་ལྗང་ལྗང་མོས་བོད་བཅུད་བཅུད་ཕོབ། །
རྗེ་མི་ལའི་འཛུམ་གྱིས་མ་ཁུག་ཅིང་། །
རྗེ་བློ་བཟང་གྲགས་པའི་ཚིག་གཅིག་གིས། །
གཅིན་པད་མའི་སྟེང་ནས་ཤོར་བ་ཡི། །
མ་རྗེ་བཙུན་སྒྲོལ་མར་ཕྱག་འཚལ་ལོ། །
དྲ་གྲོགས་བསམ་གླིང་ཚེ་རིང་ལྷ་མོས་བརྗོད་བྱ་རྗོད་བྱེད་གང་ཐད་ནས་སྙན་ལ་འཇེབས་པའི་རྩོམ་ཡིག་འདི་འདྲ་སྤེལ་བར་སྙིང་ནས་རྗེས་སུ་ཡི་རང་ཞུ་ལ། སླད་མར་ཡང་གངས་ལྗོངས་རྩོམ་རིག་གི་སྐྱེད་ཚལ་སྒྱུ་རྩལ་མེ་ཏོག་གིས་ཡོངས་སུ་སྒེག་པའི་སྨོན་འདུན་ཡོད།
http://ask.bodyig.org/
གོང་གི་དྲ་བ་འདི་ལ་ཉིན་ལྟར་གཟིགས་རྒྱུ་མ་བརྗེད་དེ་ལས་འོ་སྐོལ་གྱི་ཤེས་བྱ་སྣ་མང་ཞིག་འཚོལ་བསྡུ་བྱེད་ཐུབ་ངེས་ཡིན།
རྗེ་བཙུན་སྒྲོལ་མས་དུས་སུ་སྐྱོབས། །
རྗེ་བཙུན་སྒྲོལ་མས་བྱིན་གྱིས་རློབས། །
རྗེ་བཙུན་སྒྲོལ་མས་བར་ཆད་སོལ། །
རྗེ་བཙུན་སྒྲོལ་མས་དངོས་གྲུབ་སྩོལད། །
རྗེ་བཙུན་སྒྲོལ་མར་གསོལ་བ་ཐོབ། །
རྗེ་བཙུན་སྒྲོལ་མར་བསྟོད་བསྔགས་ཕུལ། །
རྗེ་བཙུན་སྒྲོལ་མར་སྐྱབས་འཇུག་ཞུས། །
རྗེ་བཙུན་སྒྲོལ་མར་མཆོད་པ་ཕུལ། །
རྗེ་བཙུན་སྒྲོལ་མའི་སྨོན་ལམ་མང་། །
རྗེ་བཙུན་སྒྲོལ་མའི་དམ་བཅའ་མང་། །
རྗེ་བཙུན་སྒྲོལ་མའི་འཕྲིན་ལས་མང་། །
རྗེ་བཙུན་སྒྲོལ་མའི་གདུལ་བྱ་མང་། །
རྗེ་བཙུན་སྒྲོལ་མས་འཇིགས་ལས་སྐྱོབས། །
རྗེ་བཙུན་སྒྲོལ་མས་དབུལ་ལས་སྐྱོབས། །
རྗེ་བཙུན་སྒྲོལ་མས་ནད་ལས་སྐྱོབས། །
རྗེ་བཙུན་སྒྲོལ་མས་ངན་ལས་སྐྱོབས། །
རྗེ་བཙུན་སྒྲོལ་མའི་མཚན་དཔེ་བཟང་། །
རྗེ་བཙུན་སྒྲོལ་མའི་མཁྱེན་བརྩེ་ཟབ། །
རྗེ་བཙུན་སྒྲོལ་མའི་རྣམ་སྤྲུལ་མང་། །
རྗེ་བཙུན་སྒྲོལ་མའི་མཐུ་ནུས་སྐྱོབས། །
མཐོང་ན་ལྷ་དབང་བརྒྱ་བྱིན་ཡིན་ཡང་དྲི་ཆུ་ཟག།
ཐོས་ན་ཚངས་པ་དབང་པོ་ཡིན་ཡང་ལིང་ག་སྒྲེང་།
དྲན་ན་བསམས་ཏན་མཐམ་མ་ཡིན་ཡང་བྱིང་རྒོད་སྐྱེ།
རྒྱལ་བ་རྣམས་ཀྱི་བདེ་ཆེན་ལྷ་མོ་རྒྱལ་ཡུམ་ཁྱོད་ལ་མི་གུས་སུ།
རྣམ་རྟོག་སྤྲོས་པའི་ཞགས་པས་མ་ཟིན་པའི། །
མི་མངོན་འཇིག་རྟེན་གསང་བའི་ཀློང་རུམ་ན། །
བསམ་གྱིས་མི་ཁྱབ་འགལ་འདུའི་ཕུང་ལས་གྲོལ། །
ཅི་ཡང་ཡིན་ཆོག་ལྷ་མོ་དེ་ཡིས་སྐྱོངས། །
སྒོ་ལྔའི་ཤེས་པས་སྤྱོད་པའི་ཡུལ་ལས་འགོངས། །
རྗེས་དཔག་ཚད་མས་བཙལ་ཀྱང་མ་རྙེད་མོད་། །
དངོས་པོ་ཀུན་ཀྱི་ཀློང་ན་རྟག་ཁྱབ་ཏུ། །
བཞུགས་པར་གྲགས་པའི་ལྷ་མོ་ཁྱོད་ལ་འདུད། །
འདི་སྣང་ཆོས་ཀུན་སེམས་ཀྱི་རོལ་བ་སྟེ། །
སེམས་ཀྱང་བརྟགས་ན་གང་དུ་རྙེད་དུ་མེད། །
རྙེད་དུ་མེད་པས་ལྷ་མོ་རྙེད་པ་སོགས། །
ཀུན་རྟོག་རྒྱ་ལས་གྲོལ་བའི་ལྷ་མོར་འདུད། །
བཀུར་འོས་དྲ་གྲོགས་རྣམས་པས་རྒྱབ་སྐྱོར་དང་། གདེང་འཇོག ལེགས་ཉེས་ཀྱི་འཆར་སྣང་གང་མོས་གནང་བར་ཐུགས་རྗེ་ཆེ་ཞུ།
མིག་དང་ལག་པས་ཟིན་དུ་མེད་མོད་ཀྱང་། །
མེད་པའི་མེད་ཐག་མ་ཆོད་རྣམ་རྟོག་གིས། །
གནའ་ནས་ད་ལྟའི་བར་དུ་མཆོད་པའི་ཡུལ། །
གྱུར་བའི་འཕགས་མ་སྒྲོལ་མར་ཕྱག་འཚལ་ལོ། །
ཡོད་ན་ཡོད་པའི་རྟགས་ཙམ་མ་རྙེད་ཅིང་། །
མེད་ན་མེད་པའི་སེམས་ཐག་མི་ཆོད་ལ། །
ཡོད་དང་མེད་སྙམ་དོགས་པའི་ཁུག་སོ་ནས། །
རྟག་ཏུ་ཁེ་སང་ལེན་པའི་རྗེ་བཙུན་མ། །
ལྷོ་ཡི་ཕྱོགས་ནས་ཁ་ཆེས་སྡུང་གི། རྡོ་རྗེ་གདན་ན་ཅག་རྐུན་སྒོད་གི། རྒྱ་གར་ཡུལ་ན་འཚེ་བ་མང་གི། ག་ས་ག་ནས་འཁྲུགས་ལོང་སློང་གི། རང་ཡུལ་བོད་ནས་རྒྱ་མིས་བསད་གི། ཨ་རི་ཡོ་རོབ་འབར་མ་ལ་སོགས། གང་ན་གནས་ཀྱང་དེ་དང་དེ་འདྲ། དེ་བཞིན་རིགས་དྲུག་གང་དུ་སྐྱེས་ཀྱང། སྲོག་ལ་རྒོལ་བའི་གཤེད་མ་མང་གི། རང་དབང་ལུང་བ་ཞི་བདེ་ཡིན་ཟེར། རང་དབང་ཡོད་ན་བདེ་སྐྱིད་འབྱུང་ཟེར། རང་དབང་ཡུལ་ནས་རང་སྲོག་ཤོར་ན། ད་ནི་རང་དབང་གང་ན་ཡོད་འགྲོ།
དིང་སང་བདག་གིས་་མང་ཆེ་བ་ཆེ་བ་ཤྲཱི་ལང་ཀཱ་སོགས་ཡུལ་སྣ་ཚོགས་ཀྱི་དགེ་སློང་དང་བཙུན་མ་ཨོ་རུ་སུ་སོགས་ནས་འོངས་པའི་སློབ་གྲྭ་པ་ཀུན་ལ་དྭགས་པོ་ལྷ་རྗེ་བསོད་ནམས་རིན་ཆེན་གྱིས་མཛད་པའི་དམ་ཆོས་ཡིད་བཞིན་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན། དེའི་ཨིན་འགྱུར་ཀློག་ཏུ་འཇུག་པ་ན། སློབ་དཔོན་ཀླུ་སྒྲུབ་ཀྱི་གསུང་ལུང་དུ་དྲངས་ཏེ།
འཁོར་བ་དེ་འདྲ་ལགས་པས་ལྷ་མི་དང་།
དམྱལ་བ་ཡི་དྭགས་དུད་འགྲོ་རྣམས་དག་ཏུ།
སྐྱེ་བ་བཟང་པོ་མ་ལགས་སྐྱེ་བ་ནི།
གནོད་པ་དུ་མའི་སྣོད་གྱུར་ལགས་མཁྱེན་མཛོད།། བཤེས་པའི་སྤྲིངས་ཡིག་ ༡༠༣ ན་གསུངས་སོ།།
འཁོར་འདས་ཀུན་ལ་ཁྱབ་པའི་རྒྱ་ཆེའི་སྐུ། །
རྡུལ་ཕྲན་ཆུང་ངུའི་ནང་དུ་ཤོང་ནུས་ལ། །
རྡུལ་རགས་མི་འགྱུར་ཁྱོད་སྐུ་ཆུང་མིན་ཕྱིར། །
རྣམ་རྟོག་བཀག་རྒྱ་གཏོར་མཛད་བཅོམ་ལྡན་མ། །
བསྐལ་པའི་ཡུན་ཚད་སྐད་ཅིག་ནང་དུ་ཆུབ། །
སྐད་ཅིག་ཡུན་ཡང་བསྐལ་པའི་ཚད་དང་མཉམ། །
རྣམ་རྟོག་ཚད་ཀྱིས་འཇལ་མིན་བརྟན་གཡོའི་དངོས། །
ཀུན་ཁྱབ་དུས་ཀྱི་ལྷ་མོར་བདག་ཅག་གུས། །
ཀུན་ཀྱི་མདུན་ན་གཞུགས་ཀྱང་མཐོང་མིན་ལ། །
དད་པའི་སྐྱེས་བུར་ཉེ་རྒྱང་རྣམ་དབྱེ་མེད། །
རྣམ་རྟོག་དབུས་ན་མི་རྟོག་ཡེ་ཤེས་ཅན། །
མཐོང་མིན་ལྷ་མོ་ཁྱོད་ཞལ་མཐོང་བར་ཤོག །
ཧ་ཧ་ཧ་འདི་ལྟ་བུ་ཆེས་ཟབ་གནད་ཅན་གྱི་བསྟོད་པ་ནི་ཤིན་ཏུ་དཀོན་པའི་ཚོད་དུ་ཡོད་པས། ཁྱེད་མཁས་པ་
རྣམ་པས་རྟོག་དཔྱོད་ཅིག་གནོངས་དང་།
རྗེ་བཙུན་སྒྲོལ་དཀར་དཀར་མོ་ཡིས། །
གངས་དཀར་དཀར་བའི་འཁྱགས་རོམ་སྐྱོབས། །
རྗེ་བཙུན་སྒྲོལ་ལྗང་ལྗང་མདོག་མས། །
མཚོ་སྔོ་སྤང་ལྗང་ལྗང་ཐིང་སྲུངས། །
དཀར་མོ་ཚེ་ཡི་ལྷ་མོ་ཡིས། །
བོད་ཀྱི་མི་ཕྱུགས་ཚེ་སྲོག་སྐྱོབས། །
སྒྲོལ་ལྗང་འཕྲིན་ལས་ལྷ་མོ་ཡིས། །
བོད་ཀྱི་ཡར་རྒྱས་འཕྲིན་ལས་མཛོད། །
སྒྲོལ་དཀར་ལྷ་མོས་འཛམ་གླིང་སྐྱོབས། །
སྒྲོལ་ལྗང་ལྷ་མོས་ཞི་བདེ་སྲུངས། །
སྒྲོལ་མ་དཀར་མོས་ཁོར་ཡུག་སྐྱོབས། །
སྒྲོལ་མ་ལྗང་མོས་བདེ་སྐྱིད་སྤེལ། །