ཚ་རུ་མ་ཐབས་མཁས་ཀྱིས། (ཨོ་གླིང་།)
ན་མོ་ཨརྱ་ཏཱ་རེ་ཡེ
(ཨོཾ)
དུས་གསུམ་རྒྱལ་བ་ཀུན་གྱི་སྙིང་རྗེ་གཅིག་ཏུ་བཟླུམས་པའི་རྣམ་འཕྲུལ་བ།།
སྤྱན་རས་གཟིགས་དབང་འཇིག་རྟེན་གསུམ་མགོན་ཐུགས་རྗེ་རླབས་ཀྱིས་ཉེར་བསྐུལ་བའི།།
རྒྱལ་ཀུན་འཕྲིན་ལས་རྣམ་པར་སྤྲུལ་བ་བཅོམ་ལྡན་ཨརྱ་ཏཱ་རེ་མ།།
ཉམ་ཐག་གདུང་བའི་དབྱངས་ཀྱིས་འབོད་པའི་སྨྲེ་ངག་ཚིག་ལ་དགོངས་སུ་གསོལ།།
(ཏཱ)
རྨོངས་མུན་སྲིད་པའི་རླབས་རྩེར་འཕྱོ་བའི་གྲངས་མེད་སེམས་ཅན་ཇི་སྙེད་པ།།
ཆགས་སྡང་མེ་ཡིས་རང་ཉིད་འབར་བས་སྙིགས་མ་ལྔ་བདོའི་རྒྱལ་ཁམས་ཀུན།།
འཁྲུག་རྩོད་ལས་ཀྱིས་ཉིན་བཞིན་རྒུད་པའི་ཉམ་ངའི་གཡང་དུ་ལྷུང་ཉེ་བ།།
འཕགས་མ་ཁྱོད་ཀྱི་ཐུགས་རྗེ་ཕྱག་གིས་མྱུར་བ་མྱུར་བར་སྐྱོབ་པར་མཛོད།།
(རེ)
སྣོད་བཅུད་རྒུད་པས་ས་ཆུ་མེ་རླུང་འབྱུང་བའི་ཁམས་ཀུན་རྣམ་འཁྲུགས་ཏེ།།
ཤར་ནུབ་གླིང་ཀུན་འབར་ཞིང་འཕྱུར་ལ་ས་དང་རླུང་ནི་རབ་གཡོ་ཞིང་།།
རྟེན་དང་བརྟེན་པའི་འཇིག་རྟེན་ཐམས་ཅད་ཉམས་ཉེས་ཀློང་དུ་འཐིམ་ཉེ་བར།།
མྱུར་མ་དཔའ་མོའི་འཕྲིན་ལས་གློག་ཞགས་མྱུར་བ་མྱུར་དུ་འཁྱུག་པར་མཛོད།།
(ཏུཏ)
ཤིན་ཏུ་དྲག་པོའི་རིམས་ནད་མེ་ལྕེ་དྲག་ནས་དྲག་ཏུ་རབ་མཆེད་ཅིང་།།
མ་ལུས་སེམས་ཅན་སྲོག་ལ་རྒོལ་བཞིན་ཉིན་ནས་ཉིན་བཞིན་ཆེར་འབར་ན།།
འཛམ་གླིང་རྒྱལ་ཁམས་ཡོངས་ན་གནས་པའི་སེམས་ཅན་མ་ལུས་འཇིགས་སྐྲག་ངང་།།
བཅོམ་ལྡན་འཕགས་མ་ཁྱོད་ལ་འབོད་ཅིང་གསོལ་བའི་འོ་དོད་གསན་ལགས་སམ།།
(ཏཱ)
སྨན་དང་སྨན་པའི་སྐྱོབ་ཐབས་མེད་པའི་ཉམ་ཐག་ནད་པ་འབུམ་ཕྲག་གིས།།
འདི་དང་ཕྱི་མའི་བར་མཚམས་དེ་ན་འཆི་བའི་མིག་གིས་ཅེ་རེ་ལྟ།།
སྐྱབས་མེད་སྐྱོབ་པའི་རྗེ་བཙུན་སྒྲོལ་མ་ཁྱེད་ལ་སྙིང་ནས་གསོལ་འདེབས་ན།།
གྲུ་འཛིན་མགོན་པོའི་ཞིང་མཆོག་དེ་རུ་ཐུགས་རྗེའི་ཕྱག་གིས་བཞག་ཏུ་གསོལ།།
(རེ)
མ་ཡིས་བུ་ཉིད་སྐྱོབ་པའི་ཆེད་དུ་རང་སྲོག་ཡལ་བར་འདོར་བ་དང་།།
བུ་ཡིས་མ་ཉིད་གསོན་པའི་ཕྱིར་དུ་རང་ཉིད་འཆི་བར་འདེམས་པ་ཡི།།
རིམས་ནད་དྲག་པོས་རྣམ་པར་གཙེས་པའི་གྲོང་དང་གྲོང་ཁྱེར་ཐམས་ཅད་ན།།
འཆི་བདག་ནད་རིམས་འབར་བའི་ཀློང་དུ་བདུད་རྩིའི་ཆར་ཆེན་དབབ་ཏུ་གསོལ།།
(ཏུ)
དུས་གསུམ་རྒྱལ་བ་ཀུན་གྱི་འཕྲིན་ལས་ལྷ་མོའི་གཟུགས་སུ་རྣམ་འཕྲུལ་མ།།
སྨན་མེད་རིམས་ནད་དྲག་པོའི་གཉེན་དུ་སྨན་དང་སྨན་པར་རྣམ་སྤྲུལ་ཏེ།།
སྲིད་པ་ཉམ་ངའི་ཉམ་ཐག་སེམས་ཅན་ནད་ཀྱི་འཇིགས་ཆེན་ལས་སྐྱོབ་པའི།།
འཕགས་མ་སྒྲོལ་མའི་སྐྱབས་སྦྱིན་ཕྱག་རྒྱས་སྡུག་བསྔལ་གནས་ལས་བསྒྲལ་དུ་གསོལ།།
(རེ)
འཕྲིན་ལས་རྣམ་བཞིའི་ལས་ལ་ཐོགས་མེད་ཉེར་གཅིག་སྒྲོལ་མའི་རྣམ་འཕྲུལ་ནས།།
འཇིགས་ཆེན་བརྒྱད་དང་བཅུ་དྲུག་སོགས་ལས་མངོན་སུམ་སྐྱོབ་པའི་རྗེ་བཙུན་མར།།
ཡི་གེ་བཅུ་བའི་སྔགས་ཀྱིས་བསྙེན་ཅིང་རྩ་བའི་སྔགས་ཀྱིས་རབ་བསྟོད་ན།།
སྣ་ཚོགས་ཆོ་འཕྲུལ་སྒྱུ་འཕྲུལ་ཆེན་པོས་རིམས་ནད་འཇིགས་པ་བསལ་དུ་གསོལ།།
(སྭཱ)
ཤིན་ཏུ་དྲག་པོའི་རིམས་ནད་འཇོམས་པའི་སྨན་གྱི་ཆར་བ་དབབ་ཏུ་གསོལ།།
ལས་ཉོན་ནད་ཀྱི་ཟུག་རྔུས་མནར་བའི་འགྲོ་བའི་ནད་ཀུན་ཞི་བར་མཛོད།།
རྒྱལ་ཁམས་ཀུན་ལ་མེ་ལྟར་མཆེད་པའི་ནད་ཡམས་དྲག་པོ་གཞོམ་དུ་གསོལ།།
འཇིག་རྟེན་འཇིག་པའི་འཇིགས་པ་ཀུན་ལས་མྱུར་བ་མྱུར་བར་སྐྱོབ་པར་མཛོད།།
(ཧཱ)
ལུས་དང་སེམས་ཀྱི་སྡུག་བསྔལ་གནས་ན་ཉིན་མཚན་ཀུན་ཏུ་རབ་འཁོར་བའི།།
འཁོར་བའི་འགྲོ་བ་སྒྲོལ་བའི་ལྷ་མོ་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན།།
ཇི་སྲིད་སེམས་ཅན་ནད་ཀྱི་སྡུག་བསྔལ་ཀུན་ལས་རྣམ་པར་མ་གྲོལ་བར།།
དེ་སྲིད་རྗེ་བཙུན་སྒྲོལ་མ་ཁྱོད་ཀྱིས་མ་ཡིས་བུ་བཞིན་གཟིགས་པར་མཁྱེན།།
“ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ”
-ཅེས་པ་འདི་ནི་དེང་སྐབས་རིམས་ནད་དྲག་པོ་ཞིག་ཤར་ནུབ་ཀྱི་རྒྱལ་ཁམས་ཀུན་ལ་ཁྱབ་བཞིན་པའི་གནས་ཚུལ་ཉིན་བཞིན་མཐོང་ཐོས་བྱུང་བ་དང་། ནད་ཀྱིས་ཉམ་ཐག་པ་ཀུན་ལ་གདུང་སེམས་མཉམ་བསྐྱེད་དང་། ༧བླ་མ་སྤྱན་རས་གཟིགས་ཀྱི་གསུངས་པ་བཞིན་རྗེ་བཙུན་འཕགས་མ་སྒྲོལ་མ་ལ་གདུང་བས་གསོལ་བ་འདེབས་ཕྱིར་དུ་ཚ་རུ་མ་ཐབས་མཁས་ཀྱིས་ཕྱི་ལོ་༢༠༢༠ ཟླ་༢ ཚེས་༢༩ ནུབ་མོར་ཨོ་གླིང་མེལ་བྷོན་(Melbourne,Australia)གྲོང་ཁྱེར་གྱི་མཐའི་རང་གནས་ནེའུ་ལེན་བྱ་བར་བྲིས་པའོ།།
༸རྗེ་བཙུན་སྒྲོལ་མར་ཕྱག་འཚལ་ལོ། །
ཉེར་གཅིག་གཙོ་མོ་ལྗང་སྒྲོལ་མ། །
མ་ལུས་རྒྱལ་བའི་འཕྲིན་ལས་མ། །
མ་ལྟར་ནད་བུར་སྐྱོབ་མཛད་མ། །
མ་ཡུམ་སྒྲོལ་མས་བསྐྱབ་ཏུ་གསོལ། །
ནད་ཡམས་ཡ་མེད་བསལ་མཛོད་ཅིག །
ནད་ངན་སྔོན་མེད་འཇོམས་མཛོད་ཅིག །
ནད་པ་ཀུན་རྣམས་ནད་ཐར་མཛོད། །
ནད་སྒྲོལ་སྒྲོལ་མས་ནད་གསོས་མཛོད། །
སྨན་མོ་སྒྲོལ་མས་ད་སྐྱོབས་ཅིག །
སྨན་དང་སྨན་ནུས་ད་སྩོལ་ཅིག །
སྨན་པར་སྨན་གསར་ད་སྩོལ་ཅིག །
སྨན་གསར་ཕན་ནུས་ད་སྩོལ་ཅིག །
རྒྱལ་ཡུལ་སྒྲོལ་མས་ད་སྐྱོབས་ཤིག །
རྒྱལ་ཀུན་འཕྲིན་ལས་ད་སྐྱོབས་ཤིག །
རྒྱལ་བའི་ཡུམ་ཁྱོད་ད་སྐྱོབས་ཤིག །
རྒྱལ་ཡུལ་སྒྲོལ་མས་ད་སྐྱོབས་ཤིག །
མྱུར་སྐྱོབ་སྒྲོལ་མས་ད་སྲུངས་ཤིག །
མྱུར་མ་དཔའ་མོས་ད་སྲུངས་ཤིག །
མྱུར་ནས་མྱུར་བར་ད་སྲུངས་ཤིག །
མྱུར་མགྱོགས་སྒྲོལ་མས་ད་སྲུངས་ཤིག །
སྒྲོལ་མ་ཡུམ་ལ་གསོལ་བཏབས་པས། །
སྒྲོལ་མས་བྱིན་རླབས་འཇུག་པ་དང་། །
སྒྲོལ་མས་ནད་མེད་ནད་ལས་སྲུངས། །
སྒྲོལ་མས་ནད་པ་ནད་སྒྲོལད་ཤོག །
ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ།
དགེ་བ་འདི་ཡིས་ནད་པ་ཀུན་། །
༸རྗེ་བཙུན་སྒྲོལ་མས་བསྐྱབས་མཛད་ནས། །
ནད་པ་གཅིག་ཀྱང་མ་ལུས་པ། །
ནད་དུག་ཉོན་མོངས་ལས་ཐར་མཛོད། །
་
མཆན་རྒན་ཀརྡོས་སྨོན་པའོ། །