ཚ་རུ་མ་ཐབས་མཁས་ཀྱིས།༼ཨོ་གླིང་།༽
བདག་སྙིང་པད་དཀར་ཟླ་བའི་སྟེང་།།
དམར་སེར་དྷཱིཿཡིག་འོད་དུ་འཁྱུགས།།
རྒྱལ་ཀུན་ཡེ་ཤེས་སྒྱུ་མའི་གར།།
འཇམ་དཔལ་དབྱངས་དང་དབྱེར་མེད་པའི།།
འཇམ་དབྱངས་བླ་མར་ཕྱག་འཚལ་ལོ།།
རབ་འབྱམས་ཞིང་ཁམས་རྒྱ་མཚོ་ན།།
མཐའ་ཡས་འགྲོ་བའི་དོན་མཛད་པའི།།
རྒྱལ་སྲས་སེམས་དཔའ་སེམས་དཔའ་མཆོག།
འཇམ་དཔལ་གཞོན་ནུའི་གཟུགས་སྐུ་ཉིད།།
འཇམ་དབྱངས་བླ་མར་ཕྱག་འཚལ་ལོ།།
ངུར་སྨྲིག་རྒྱལ་མཚན་དཔལ་གྱིས་མཛེས།།
ཟབ་རྒྱས་ལེགས་བཤད་བདུད་རྩིའི་གཏེར།།
རྣལ་འབྱོར་གྲུབ་པའི་དབང་ཕྱུག་མཆོག།
དགེ་ལྡན་བསྟན་པའི་བདག་པོ་རྗེ།།
འཇམ་དབྱངས་བླ་མར་ཕྱག་འཚལ་ལོ།།
རྨི་ལམ་སྒྱུ་མའི་སྒྱུ་འཕྲུལ་དུ།།
སྣ་ཚོགས་རོལ་པའི་བརྡ་ཐབས་ཀྱིས།།
ཤེས་རབ་འོད་ཀྱི་ཐིགས་པ་ཞིག།
ཙོང་ཁའི་ལྗོངས་སུ་ལྷུང་བར་གྱུར།།
འཇམ་དབྱངས་བླ་མར་ཕྱག་འཚལ་ལོ།།
མ་ཧེའི་གདོང་ཅན་ཡི་དམ་ལྷ།།
རྩེ་གཅིག་སྒྲུབ་པའི་རྣལ་འབྱོར་པས།།
རྡོ་རྗེའི་ར་བ་གུར་ཕིབས་ནས།།
ཕྱག་མཐིལ་ལྷུང་བཟེད་ནང་དུ་ཉར།།
འཇམ་དབྱངས་བླ་མར་ཕྱག་འཚལ་ལོ།།
སྙན་བརྒྱུད་གདམས་པའི་བདུད་རྩི་ཡིས།།
བློ་གྲོས་སྣང་བ་འབར་བར་མཛད།།
ཞལ་ཏའི་བཀའ་སློབ་ནན་ཏན་ངང་།།
ཕྱག་མཛུབ་རྩེ་མོས་རྒྱང་རིང་བསྟན།།
འཇམ་དབྱངས་བླ་མར་ཕྱག་འཚལ་ལོ།།
གླེགས་བམ་ཆེན་པོ་རྒྱབ་ཏུ་ཁུར།།
གོམ་པས་ལོ་ཟླ་འཇལ་བཞིན་དུ།།
ཉི་མ་ལྷ་སའི་ཕྱོགས་བཞུད་པའི།།
“ཕྱིར་མི་ལྡོག་པ་ཕྱིར་མི་འོང་།།”
འཇམ་དབྱངས་བླ་མར་ཕྱག་འཚལ་ལོ།།
དབུ་ཚད་རིག་པའི་སློབ་དཔོན་དུ།།
རྗེ་བཙུན་བླ་མ་གཙུག་ཏུ་བཀུར།།
གདན་ས་དྲུག་ལ་གྲྭ་སྐོར་གྱིས།།
མཁས་པ་མཁས་པའི་དབུས་ནས་འབར།།
འཇམ་དབྱངས་བླ་མར་ཕྱག་འཚལ་ལོ།།
འཆད་རྩོད་རྩོམ་པའི་སྤོབས་པ་མཆོག།
ཀློང་དུ་བརྡོལ་པའི་གཞོན་ནུ་ཞིག།
གངས་ཅན་མཁས་པའི་གཙུག་རྒྱན་དུ།།
ཐོལ་གྱིས་འཛེགས་པ་ཨེ་མ་ཧོ།།
འཇམ་དབྱངས་བླ་མར་ཕྱག་འཚལ་ལོ།།
ཐོས་བསམ་སྒོམ་པས་ཉིན་མཚན་སྦྲེལ།།
སློབ་ཚོགས་ནམ་མཁའི་སྐར་ཚོགས་དབུས།།
བཅོ་ལྔའི་ཟླ་བ་ལྟར་མཛེས་པའི།།
བླ་མའི་བླ་མ་བློ་བཟང་གྲགས།།
འཇམ་དབྱངས་བླ་མར་ཕྱག་འཚལ་ལོ།།
ལེགས་བཤད་གསེར་གྱི་ཕྲེང་བ་བགྲངས།།
དག་པ་རྣམ་བརྒྱད་འཁོར་གྱིས་བསྐོར།།
བླ་མ་ཡི་དམ་དབྱེར་མེད་ངང་།།
ཚོགས་གཉིས་རྒྱ་མཚོའི་མཎྜལ་ཕུལ།།
འཇམ་དབྱངས་བླ་མར་ཕྱག་འཚལ་ལོ།།
འདྲེན་མཆོག་ཤཱཀྱ་སེངྒེ་ཡི།།
མདོ་རྒྱུད་ཀྱི་ཆོས་ཀྱི་འཁོར་ལ།།
དྲང་ངེས་རྣམ་འབྱེད་བསྟན་བཅོས་ཀྱིས།།
ཐུབ་བསྟན་ཆེས་ཆེར་གསལ་བར་མཛད།།
འཇམ་དབྱངས་བླ་མར་ཕྱག་འཚལ་ལོ།།
འཕགས་ཡུལ་པཎ་གྲུབ་གཞུང་ཀུན་ལ།།
རིགས་པ་རྣམ་བཞིས་དཔྱད་ཞིབ་ཀྱིས།།
ལྟ་བའི་ལེགས་བཤད་རྣམ་ལྔ་བརྩམས།།
གངས་ཅན་ཤིང་རྟའི་སྲོལ་འབྱེད་གྱུར།།
འཇམ་དབྱངས་བླ་མར་ཕྱག་འཚལ་ལོ།།
འཕགས་པ་ཡབ་སྲས་རྣམ་ལྔའི་གཞུང་།།
དོན་བཞིན་སྟོན་ལ་ཟླ་མེད་པའི།།
འཆད་དང་རྩོད་དང་རྩོམ་པ་ཡི།།
མཐའ་བྲལ་དབུ་མའི་གད་རྒྱངས་བསྒྲགས།།
འཇམ་དབྱངས་བླ་མར་ཕྱག་འཚལ་ལོ།།
རྒྱལ་བའི་མདོ་སྔགས་གསུང་རབ་གནད།།
འཕགས་ཡུལ་པཎ་གྲུབ་ཀྱིས་བཀྲལ་པའི།།
བསྟན་བཅོས་ཚད་མའི་དགོངས་དོན་བཞིན།།
ཉམས་མྱོང་ཚད་མའི་རྟོགས་པ་བརྗོད།།
འཇམ་དབྱངས་བླ་མར་ཕྱག་འཚལ་ལོ།།
དབེན་གནས་རྭ་སྒྲེང་ལ་སོགས་པར།།
འཕགས་པའི་རིགས་བཞིས་འཚོ་བའི་ངང་།།
ཐོས་བསམ་སྒོམ་པའི་སྒྲུབ་པ་ལ།།
གཅིག་ཏུ་བརྩོན་པའི་སྤོང་བ་པ།།
འཇམ་དབྱངས་བླ་མར་ཕྱག་འཚལ་ལོ།།
འཇམ་དཔལ་དབྱངས་ཀྱི་བཀའ་བཞིན་དུ།།
མདོ་སྔགས་བྱང་ཆུབ་ལམ་རིམ་ཟུང་།།
ཐར་འདོད་སྐྱེ་བོའི་སྙིང་ནོར་དེ།།
སྐལ་ལྡན་གདུལ་བྱའི་ཚོགས་ལ་ཕུལ།།
འཇམ་དབྱངས་བླ་མར་ཕྱག་འཚལ་ལོ།།
རྒྱུད་རྒྱལ་འདུས་པའི་ལམ་གྱི་མཆོག།
འཕགས་པའི་ལུགས་བཞིན་ལེགས་བཀྲལ་པ།།
རིམ་ལྔ་གསལ་པའི་སྒྲོན་མེ་ཡིས།།
སྐྱེ་རྒུའི་སྙིང་གི་མུན་པ་བསལ།།
འཇམ་དབྱངས་བླ་མར་ཕྱག་འཚལ་ལོ།།
མང་ཐོས་སྒྲུབ་པའི་རྒྱལ་མཚན་བཙུགས།།
ཏིང་འཛིན་བྱེ་བར་དབང་འབྱོར་པས།།
ཐུགས་ནི་མཉམ་པར་མ་བཞག་ཀྱང་།།
མཉམ་བཞག་ངང་ལས་གཡོ་མེད་གྱུར།།
འཇམ་དབྱངས་བླ་མར་ཕྱག་འཚལ་ལོ།།
སྦས་དོན་ལྟ་བའི་མིག་འབྱེད་པའི།།
གླེགས་བམ་ཆེན་པོ་བཅོ་བརྒྱད་མཛད།།
རྗེས་འཇུག་གདུལ་བྱ་རྒྱ་མཚོ་ལ།།
དགེ་ལྡན་བསྟན་པའི་རིང་ལུགས་གདམས།།
འཇམ་དབྱངས་བླ་མར་ཕྱག་འཚལ་ལོ།།
མཛད་ཆེན་རྣམ་བཞིའི་མཛད་པ་ཡིས།།
དགེ་ཚོགས་རྒྱ་མཚོ་འཕྱུར་བར་གྱུར།།
དགའ་ལྡན་རྣམ་པར་རྒྱལ་བའི་གླིང་།།
ཞྭ་སེར་བསྟན་པའི་གདན་སར་བསྐྲུན།།
འཇམ་དབྱངས་བླ་མར་ཕྱག་འཚལ་ལོ།།
འཇིག་རྟེན་ཆོས་བརྒྱད་རླུང་ལ་སྤུར།།
གོང་མས་གདན་འདྲེན་མ་ཐུབ་པའི།།
དབེན་པར་ཡིབས་པའི་རྣལ་འབྱོར་པ།།
དགེ་སློང་བློ་བཟང་གྲགས་པའི་དཔལ།།
འཇམ་དབྱངས་བླ་མར་ཕྱག་འཚལ་ལོ།།
ཁ་བའི་ལྗོངས་ཀྱི་མུན་གླིང་དུ།།
ཐུབ་བསྟན་ཉི་མ་གསལ་བར་མཛད།།
བསྟན་འཛིན་བྱེ་བ་འབྱུང་བའི་གནས།
དགེ་འདུན་འདུས་པ་རྒྱ་མཚོ་འཕྱུར།།
འཇམ་དབྱངས་བླ་མར་ཕྱག་འཚལ་ལོ།།
བསླབ་གསུམ་ངུར་སྨྲིག་དཔལ་གྱིས་མཛེས།།
བསྟན་ལ་སྟོན་པའི་རྣམ་ཐར་གྱིས།།
ལུང་རྟོགས་ཆོས་ཀྱི་འཁོར་ལོ་དོན།།
བཤད་སྒྲུབ་བསྟན་པའི་རྒྱལ་མཚན་བཙུགས།།
འཇམ་དབྱངས་བླ་མར་ཕྱག་འཚལ་ལོ།།
ཕ་རྗེས་བུ་ཡིས་འཛིན་པ་ལ།།
ལུང་རྟོགས་ཡོན་ཏན་གྱིས་བརྗིད་པའི།།
མཁས་གྲུབ་ཁོ་ནས་འཛིན་པ་ལས།།
ཡང་སྲིད་འཚོལ་བའི་ལུགས་སྲོལ་མེད།།
འཇམ་དབྱངས་བླ་མར་ཕྱག་འཚལ་ལོ།།
མར་མེ་གཅིག་ལས་གཉིས་ཆད་ཚུལ།།
བུ་སློབ་ཡང་སློབ་མཐའ་ཡས་པས།།
གདན་ས་གསུམ་དང་རྒྱུད་གྲྭ་གཉིས།།
དགེ་ལྡན་བསྟན་པ་ཕྱོགས་བཅུར་སྤེལ།།
འཇམ་དབྱངས་བླ་མར་ཕྱག་འཚལ་ལོ།།
ཞིང་འདིའི་མཛད་པ་ཉེར་བསྡུས་ནས།།
དགའ་ལྡན་ཡིད་དགའ་ཆོས་འཛིན་གྱི།།
མི་ཕམ་མགོན་པོའི་ཞབས་དྲུང་དུ།།
རྒྱལ་སྲས་འཇམ་དཔལ་སྙིང་པོར་གྲགས།།
འཇམ་དབྱངས་བླ་མར་ཕྱག་འཚལ་ལོ།།
རྗེ་བཙུན་བླ་མ་འཇམ་དཔལ་དབྱངས།།
བདག་ཡིད་དྭངས་པའི་ནམ་མཁའ་ན།།
དུས་ཀུན་འཆར་བའི་ཉིན་བྱེད་བཞིན།།
འདུ་འབྲལ་མེད་པ་ཨེ་མ་ཧོ།།
འཇམ་དབྱངས་བླ་མར་ཕྱག་འཚལ་ལོ།།
ཡོན་ཏན་རྒྱ་མཚོའི་དཔལ་མངའ་བ།།
ལྷག་པའི་ལྷ་མཆོག་མཁྱེན་པའི་གཏེར།།
དཔལ་ལྡན་བླ་མའི་རྣམ་རོལ་གྱིས།།
བདག་རྗེས་བཟུང་བ་སྐལ་པ་བཟང་།།
འཇམ་དབྱངས་བླ་མར་ཕྱག་འཚལ་ལོ།།
དུས་གསུམ་རྒྱལ་བ་ཀུན་གྱི་ཡབ།།
རྟག་ཏུ་བརྩེ་བའི་བུ་བཞིན་དགོངས།།
འཇམ་དབྱངས་བླ་མ་བདག་གི་མགོན།།
མགོན་པོ་བླ་མ་འཇམ་དཔལ་དབྱངས།།
འཇམ་དབྱངས་བླ་མར་ཕྱག་འཚལ་ལོ།།
དེ་རིང་བརྩོན་པའི་རྣལ་འབྱོར་མཛེས།།
ཆོས་སྤྱོད་རྣམ་བཅུའི་ཆུ་ཀླུང་ལས།།
རིགས་གཟུགས་འབྱོར་དང་གྲགས་པའི་དཔལ།།
འཕགས་ནོར་བདུན་གྱི་རླབས་ཕྲེང་འཕྱོ།།
འཇམ་དབྱངས་བླ་མར་ཕྱག་འཚལ་ལོ།།
དེང་ནས་སྐྱེ་བར་གོམས་པ་ཡི།།
བདག་བློའི་དད་པའི་མེ་ཏོག་ཚོམ།།
བླ་མ་འཇམ་དཔལ་དབྱངས་ལ་མཆོད།།
བློ་གྲོས་སྣང་བ་འབར་གྱུར་ཅིག།
འཇམ་དབྱངས་བླ་མར་ཕྱག་འཚལ་ལོ།།
ལུང་ཆོས་སྡེ་སྣོད་གསུམ་ལ་གཞོལ།།
བསླབ་གསུམ་རྟོགས་པའི་གདེང་ཐོབ་ཅིང་།།
ཐོས་བསམ་སྒོམ་པའི་ཤེས་རབ་འཕེལ།།
བདག་བློའི་རྩེ་མོ་ཁྱེད་ལ་གཏོད།།
འཇམ་དབྱངས་བླ་མར་ཕྱག་འཚལ་ལོ།།
བདག་གཞན་གདུལ་བྱ་མ་ལུས་པ།།
ཤེས་རབ་ཆེ་ཞིང་ཟབ་གསལ་མྱུར།།
གཟུངས་སྤོབས་ཏིང་འཛིན་དཔལ་ལ་རོལ།།
སྨིན་ཅིང་གྲོལ་པའི་མཆོག་ཐོབ་ཤོག།
འཇམ་དབྱངས་བླ་མར་ཕྱག་འཚལ་ལོ།།
མཁས་བཙུན་བཟང་པོའི་དཔལ་གྱིས་བརྗིད།།
འཆད་རྩོད་རྩོམ་པས་གཞན་དོན་བརྩོན།།
མཚུངས་མེད་དཔལ་ལྡན་བླ་མ་ཡི།།
རྣམ་ཐར་སློབ་པ་ཉིད་གྱུར་ཅིག།
འཇམ་དབྱངས་བླ་མར་ཕྱག་འཚལ་ལོ།།
གང་ལ་དད་ཅིང་མོས་པའི་བློས།།
རྩེ་གཅིག་སྙིང་ནས་གསོལ་འདེབས་ན།།
རྨི་ལམ་ཉམས་ཀྱི་སྣང་ངོ་ལ།།
ཐུགས་རྗེས་བྱིན་རླབས་གནང་བར་མཁྱེན།།
འཇམ་དབྱངས་བླ་མར་ཕྱག་འཚལ་ལོ།།
བཤད་སྒྲུབ་བསྟན་པའི་རྒྱལ་མཚན་ཆེ།།
འཛིན་ཅིང་སྤེལ་ལ་དབང་ཐོབ་པའི།།
དམ་པའི་མགོན་དང་མི་འབྲལ་བར།།
རྟག་ཏུ་བདག་རྗེས་འཛིན་པར་ཤོག།
འཇམ་དབྱངས་བླ་མར་ཕྱག་འཚལ་ལོ།།
མར་མེའི་རྩེ་ལྟར་རབ་གཡོ་བའི།།
ཚེ་འདིའི་ངང་ཚུལ་མཐོངས་གྱུར་ནས།།
དལ་རྟེན་སྙིང་པོ་ལེན་པའི་ཕྱིར།།
དམ་ཆོས་དོན་བཞིན་འགྲུབ་གྱུར་ཅིག།
འཇམ་དབྱངས་བླ་མར་ཕྱག་འཚལ་ལོ།།
དེང་ནས་སྐྱེ་བ་ཐམས་ཅད་དུ།།
བྱང་ཆུབ་སེམས་ལ་གཞོལ་པ་དང་།།
སྟོང་ཉིད་ལྟ་བས་རྒྱས་བཏབ་པའི།།
ཚོགས་གཉིས་རྒྱ་མཚོར་འཇུག་པར་ཤོག།
འཇམ་དབྱངས་བླ་མར་ཕྱག་འཚལ་ལོ།།
ཟབ་རྒྱས་ཆོས་ཚུལ་བདུད་རྩིའི་གཏེར།།
གཅིག་ཏུ་བསྡུས་པའི་གདམས་པ་མཆོག།
མདོ་སྔགས་བྱང་ཆུབ་ལམ་རིམ་དུ།།
རྟག་ཏུ་བརྩོན་པས་བགྲོད་པར་ཤོག།
འཇམ་དབྱངས་བླ་མར་ཕྱག་འཚལ་ལོ།།
མགོན་ཁྱོད་མྱ་ངན་ཡོངས་འདས་ནས།།
ལོ་འཁོར་དྲུག་བརྒྱའི་རྗེས་དྲན་ཕྱིར།།
རྣམ་ཐར་ཆུ་ཐིགས་ཙམ་ཞིག་བརྗོད།།
བདུན་བརྒྱའི་རྗེས་དྲན་མཐོང་བར་སྨོན།།
འཇམ་དབྱངས་བླ་མར་ཕྱག་འཚལ་ལོ།།
ཞེས་གངས་ཅན་ཤིང་རྟའི་སྲོལ་འབྱེད་འཇམ་མགོན་བླ་མ་ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོ་མཆོག་དགོངས་པ་མྱ་ངན་ལས་འདས་ནས་ལོ་ངོ་དྲུག་བརྒྱ་འཁོར་བའི་བཀའ་དྲིན་རྗེས་དྲན་གྱི་ཕྱིར་དུ་རྣམ་ཐར་ཆུ་ཡི་ཐིགས་པ་གཅིག་ཅེས་པ་འདི་ནི་རང་གིས་ཞིང་མཆོག་དམ་པར་ཚོགས་ཆེན་གསོག་ཆེད་དུ་ཕྱི་ལོ་༢༠༡༩ ཟླ་༡༠ཚེས་༢༥ ཉིན་རྗེ་བཙུན་གཡག་རྭའམ་ཚ་རུ་མ་ཐབས་མཁས་སུ་འབོད་པས་ཨོ་གླིང་མེལ་བྷིན་(Melbourne,Australia)གྲོང་ཁྱེར་གྱི་མཐའི་དབེན་ལྗོངས་ནེའུ་ལེན་བྱ་བའི་རང་གནས་སུ་བྲིས་པ་དགེ་ལེགས་འཕེལ། །
ཚ་རུ་མའི་ཐབས་མཁས་ཀྱི་རྩོམ་ཡིག་མ་མཐོང་བར་ཡུན་རིང་ཕྱིན་སོང་། ད་ལན་མཐོང་བ་དགའ་པོ་བྱུང་། མུ་འཐུད་འགོད་རོགས།