མུན་ཁྲོད་ནས་ཁྱེད་ལ་བོས་པ།
࿉ལྗང་སེར་གློ་དམར།
རང་ཤག་འདི་བཙོན་ཁང་སྟོང་བ་ཞིག་དང་འདྲ་བར་ཁུ་སིམ་མེར་འདུག་པས།
སྒེའུ་ཁུང་ལས་མཐོང་བའི་གསེར་ཏོག་ལ་བལྟས་ཏེ་མུན་ཁྲོད་ནས་ཁྱེད་རང་དྲན།
མུན་པ་གཤེགས་པའི་སྐར་མདའ་དེའི་སྐད་ཅིག་ཙམ་གྱི་ཡུན་ལ།
སྲ་མཁྲེགས་ཀྱི་རྩིག་ངོས་སུ་གློག་དམར་འཁྱུག་ཏེ།
སྒྱུ་མའི་གླང་བོས་སྒྱུ་མ་གཞན་ཞིག་བཅོམ་པའི་གློག་བརྙན་བསྟན་དུས།
མི་རྣམས་ཀྱིས་སྨྲ་བ་མ་འཁྲོལ། མིག་ཆུ་མ་ཐོན།
ཏག་ཏག་དུས་ཚོད་དེ་འདྲ་ལ།
བར་ཐག་གི་ནམ་མཁའ་སྐོམ་གདུང་གི་མཁའ་དབུགས་ཀྱིས་བརླན།
ང་ཡི་རྣམ་ཤེས་ཀྱི་ངོགས་སུ་རེ་བ་ནི་ཉི་འོད་ཀྱིས་མདུད་པ་བཏབ་པའི་སྤྲིན་པ་ཞིག
འཁྲུལ་སྣང་གི་སེང་རས་ངོས་སུ་ཟུག་པའི་སྡུག་བསྔལ་གྱི་ཚེར་མ་དག
རུས་པ་རླུང་ལ་བརྡར་བའི་ལག་པ་འཇམ་པོས་བསལ།
མིའི་རིགས་ཀྱི་དུས་ཚོད་ཀྱི་མདའ་སྣེ་དེར་གངས་རི་ཇི་བཞིན་འགྲེངས་དུས།
རས་རྐྱང་གིས་མདའ་གྲི་ཁོག་ཅིང་ཆུ་རྐྱང་ལས་འཇིག་རྟེན་གྱི་སྙིང་བོོ་རྙེད།
འཇིག་རྟེན་འདིར་ཁང་བརྩེགས་འགའ་ཇེ་མཐོར་འགྲོ་བ་དང་།
འཇིགས་དངངས་དག་ཇེ་མང་དུ་སོང་བ་ལས་ཅི་ཡང་མེད་པས།
ཁྱེད་ཀྱིས་འདུས་བྱས་ཐམས་ཅད་མི་རྟག་པར་མཚོན་བྱེད་དུ།
བདག་མེད་ཀྱི་ལུས་སེམས་དང་།
ཐ་སྙད་ཀྱི་སྲོག་རླུང་སོ་སོར་བཀར་བའི་འཆི་བའི་འོད་ཟེར་རྙེད་དུས།
འཇིག་རྟེན་ནི་སྐྱེ་འཆིའི་གྲི་ཁར་ལྷུང་བའི་བྱ་སྤུ་ཞིག
ཁྱེད་ནི་འཁོར་བ་ཁབ་ཀྱི་རྩེ་མོར་གཏན་དུ་འཁྱིལ་བའི་འོད་ཀྱི་གོང་བུ་ཞིག་ཡིན་ཙང་།
མུན་ཁྲོད་ནས་ཁྱེད་རང་དྲན་པ་ནི་འཁོར་བའི་ཞལ་ཁེབས་ཡར་བཀྱགས་པ་དང་འདྲའོ།
བོད་ཀྱི་དགེ་འདུན་པ་ཞིག་དྲན་པ།
࿉ལྷོ་རུས་དམར།
དབྱར་དུས་ཆར་ཆུ་མོད་པའི་ཞིང་ཁ་རུ།།
བྱིས་པའི་ལང་ཚོའི་མཚར་སྡུག་སྨིན་པའི་ཚེ།།
དགུན་གྱི་གྲང་ངར་གདུ་བའི་འབྲོག་ཐང་དུ།།
རྐང་པས་མེ་ཏོག་བྲིས་པའི་ཆུང་ངུའི་སྐབས།།
ཁྱེད་དང་ང་ཡང་ཧ་ཅང་གྲུང་པོ་ཡིན།།
ན་ཚོད་མ་ལོངས་ཧ་ཅང་གཞོན་པའི་ཚེ།།
སློབ་རའི་དབར་དུ་ངུ་དགོད་སྲེ་བ་ལ།།
མི་ཡི་བུས་པ་སྤྱི་ཡི་འགྲོ་སྲོལ་བཞིན།།
ཁྱེད་ཀྱང་ངུས་པ་བདག་ལ་ཡིད་ཆེས་བདོག།
ཁུ་ཚུར་སྔོ་འཛིང་འགའ་རེའང་མ་བྱས་སམ།།
གཙུག་ཕུད་ས་ལ་གཡུག་པའི་ཕྱི་ཉིན་ནས།།
སློབ་དཔོན་ངག་གི་དམ་ཚིག་བསྒྲུབ་པའི་སླད།།
སོམ་ཉིའི་རྒྱ་ལ་མ་ཚུད་དཔེ་ཀློག་ནང་།།
མི་ཚེའི་དབུ་ཁྱུད་བྲིས་པའི་བློ་མིག་གིས།།
ཁྱེད་ལ་བསུབ་ཏུ་མེད་པའི་ཞབས་རྗེས་བབས།།
རྟོགས་པ་ཀློང་ནས་བརྡོལ་བ་མ་ཡིན་པར།།
རིག་པས་བརྩོན་པ་ཡུན་དུ་བགྱིས་པ་ན།།
སློབ་བུའི་སྐར་མ་ནམ་མཁར་ཤར་བའི་གཟིས།།
སྟོབས་དང་དཔུང་པ་མེད་བཞིན་ཁྱེད་ཉིད་བཀུར།།
མཁས་པའི་འདུན་སར་དོ་མེད་སེང་གེར་གྲགས།།
གདན་སའི་རྒྱ་མཚོར་ལོ་མང་བགྲོད་པའི་ཚེ།།
གུས་རྟག་བརྩོན་པའི་གྲུ་ཡི་གདེང་བཅས་ཏེ།།
རྨོངས་པའི་རྦ་རླབས་ཁྲོད་དུ་འཁྱམ་པ་དག།
གསུང་གི་ཁེམ་བུ་ཡང་ཡང་བསྐྱོད་བྱས་ཏེ།།
བསླབ་པ་མཐར་སོན་མཁས་གྲུབ་གྲངས་མེད་བསྐྱངས།།
ལུང་ཀྱོག་ཁྲོད་ཀྱི་འོད་ཐིག་ཁྱེད་ཉིད་ལ།།
མཁས་མང་དབུས་ཀྱི་མིག་འབྲས་ཁྱེད་ཉིད་དེ།།
ཚིག་དང་དོན་གྱི་ཞིབ་ཆ་མ་ཤོར་བར།།
བམ་བཤད་སྤྲོས་པ་བོར་བའི་ངང་ཚུལ་ལ།།
༸དམ་པ་ཁོང་ཡང་འཛུམ་པའི་མདངས་བྱུང་སྐད།།
རང་ཤོང་སྤྱིལ་བུ་ཙམ་གྱི་ནོར་མེད་པར།།
ཁ་ཟས་ངན་ངོན་ཁོ་ནས་ཚིམས་པ་ཡི།།
མི་ལ་ལྟ་བུར་བསྟན་པའི་ཁུར་འདེགས་མཁན།།
ཁྱོད་འདྲ་རེ་རེ་ཙམ་ལས་འབྱུང་དཀའ་ན།།
ཨུ་དུམ་ཝ་ར་སྐད་པའང་ཁྱེད་ལ་འགྲིག།
མཚན་གྱི་སྐར་མ་འདར་བའི་དུས་ཚོད་དང་།།
ཉི་མའི་ལག་པ་སྲིང་བའི་ཉིན་མོ་ལ།།
འདུ་འཛི་ཕྱི་ན་ཡོད་མེད་ཅི་ལྟར་ཡང་།།
ནམ་ཀུན་བཤད་དང་སྒྲུབ་ལ་ལོངས་སྤྱོད་མཁན།།
མིག་གི་མངོན་སུམ་གྱུར་རྣམས་སྐལ་བ་བཟང་།།
ཞེས་དམ་པ་གང་ཞི་བར་གཤེགས་ཏེ་ལོ་འཁོར་དགུ་ཟིན་པའི་ཉིན་མོར་རྗེས་སུ་དྲན་པའི་མཆོད་པ་ཚིག་ཏུ་བསྟར་བ་འདིའི་ལེགས་ཚོགས་བྱང་ཆུབ་ཏུ་བསྔོའོ།། ༢༠༡༧/༥/༢༠ ཉིན་ལ་མདའ་ཚན་བརྩོན་འགྲུས་རྒྱ་མཚོས།
སྐྱེས་མཆོག་ཅིག་རྗེས་སུ་དྲན་པ།
࿉སྲུང་མདུད་དམར་པོ།
ལ་ལས་བདེན་པ་སྨྲ་འདོད་ལུང་ཙམ་སྐྱོར་ཏེ་གཞན་མགོ་བསྐོར།།
འགའ་ཤས་གཞན་དོན་བསྒྲུབ་ཁུལ་ལྷག་བསམ་དབེན་པས་ངོ་སོ་ཆེད།།
ཕལ་ཆེར་སྙན་གྲགས་ཆེད་དུ་མཐོན་པོར་བསྙེགས་ཀྱང་རང་དོན་ཙམ།།
ཁྱེད་ནི་དེ་ལས་ལྡོག་པའི་ཐབས་ཤེས་འདབ་གཤོག་གཉིས་ལྡན་ཞིག།
རྡོ་གཅལ་སྟེང་དུ་རྩོད་པའི་སྐད་གསེང་དུང་གི་སྒྲ་བཞིན་འཁྱིལ།།
དམ་བཅའ་བརྟན་པས་ཕྱི་རྒོལ་རིག་ལམ་རླུང་ནང་མར་མེ་བཞིན།།
རྨད་བྱུང་གོ་རིག་ཟུང་གིས་ཐར་འདོད་སློབ་བུ་སྟོང་ཕྲག་བསྐྱངས།།
གཅིག་ནས་གཅིག་ཏུ་བརྒྱུད་དེ་གྲགས་པ་གོ་ལའི་མཐའ་ལས་བརྒལ།།
དཀའ་བའི་གནད་ནི་མ་ཟིན་ཚིག་ལ་འཇུས་པའི་མཁས་རློམ་མིན།།
བདེན་པ་གནས་ལུགས་མ་གོ་རྫུན་གྱིས་རྫུས་པའི་གྲུབ་ཆེན་མིན།།
ལས་འབྲས་འབྲེལ་བ་མ་ཤེས་ཚུལ་གྱིས་འཆོས་པའི་ཆོས་པ་མིན།།
རིག་པས་རིགས་པ་སྨྲ་བའི་ངེས་དོན་སྐྱེས་བུ་དམ་པ་ཞིག།
དང་པོར་དཀའ་བ་བརྒྱ་ཡིས་བཀའ་བསྟན་གསུང་རབ་མང་དུ་ཐོས།།
བར་དུ་གཞུང་ལུགས་ཐམས་ཅད་ངེས་ལེགས་འཁྲིད་པའི་གདམས་པར་རྙེད།།
ཐ་མར་ཐབས་ཤེས་ཟུང་གིས་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས།།
ཀུན་ཀྱང་འགྲོ་བའི་དོན་དུ་མི་འགྱུར་ཐུགས་ནི་ཡོངས་སུ་སྤངས།།
རིང་ནས་ཐུགས་བསྐྱེད་ཟབ་མོ་མངོན་དུ་བྱ་བའི་དུས་ཀྱི་གྲོགས།།
༧ཡོངས་འཛིན་རྡོ་རྗེ་འཆང་གི་བཀའ་དགོངས་ཟབ་མོ་སྤྱི་བོར་ཐོབ།།
སྡེ་འདིའི་འཆད་ཉན་བསམ་ན་དམ་པ་མང་པོས་ཅི་ལ་གནང།།
འོན་ཀྱང་༧གོང་ས་མཆོག་གི་བཀའ་འཁྲོལ་ཐོབ་པས་སུ་ཡིས་འགོག།
འགྲོ་བ་ཀུན་གྱི་མ་འདྲིས་མཛའ་བའི་བཤེས་གཉེན་དམ་པ་ཁྱེད།།
རིང་ནས་སྙིང་དུ་བརྣག་པའི་འདོད་དོན་བསྒྲུབ་ལ་བརྩོན་པ་ན།།
གང་གི་གསུང་ལས་སྐྱེས་རྣམས་ཐུགས་ཀྱིས་གཏོང་བ་ཅི་ཕོད་དེ།།
ཞབས་ཟུང་རང་ཡུལ་བསྒྱུར་བས་ཤུལ་དུ་འཆད་ཉན་ཉམས་ཞེས་གླེང་།།
སྐྱེས་ཆེན་དམ་པ་ཞིག་གིས་ཚུལ་དེ་གསན་ནས་མ་བཟོད་པར།།
མི་རིང་མྱུར་ཏུ་ཕེབས་ཤོག་སྐད་ནི་ཐེངས་མང་ཁྱོད་ལ་བསྐུར།།
སྙིང་རྗེའི་ཡིད་རབ་བསྐྱོད་པ་བསྟན་པ་ཉམས་པའི་ཡུལ་ཕྱོགས་སུ།།
ཕན་བདེའི་གཏེར་དེ་གསལ་བར་སྔོན་གྱི་ཐུགས་དམ་སྒུལ་མ་ནུས།།
གསང་བ་གསུམ་གྱི་མཛད་པ་བདག་འདྲ་སུ་ཡིས་བསམ་གྱིས་ཁྱབ།།
རིགས་པའི་ཕྱུག་པའི་རྣམ་དཔྱོད་རིག་སྨྲས་བཀུར་བའི་ཚུལ་དེ་ནི།།
མཁས་པར་མཁས་པ་མཛེས་པའི་གཏམ་གྱི་དོན་ནི་ཅི་འདྲའི་བདེན།།
ཁྱོད་མཚན་འཛིན་པ་ཙམ་གྱིས་སྙིང་ལ་སིམ་དང་བྱིན་རླབས་ཤིག།
ས་སྲོད།
____དམ་པ་ཞིག་གི་རྗེས་དྲན་དུ་ཕུལ།
࿉འཇམ་དབྱངས།
ས་སྲོད་དེ། ཅི་འདྲའི་བློས་མི་ཐོངས་པའི་མཛེས་སྡུག་ཅིག
ས་སྲོད་དེ། ཅི་འདྲའི་སངས་རྒྱུ་མེད་པའི་ན་ཟུག་ཅིག
༡
ངུར་སྨྲིག་གི་མདངས་ཀྱིས་འཁྱུད་པའི་སྤྲིན་པ།
ཁྱོད་ཀྱི་མནབས་མྱོང་བའི་ན་བཟའ་དེ་ཡིན་ནམ།
མིག་གིས་མི་ཚུགས་པའི་ཡིད་འོང་གི་ཉི་ཟེར་རེ་རེ།
ཁྱེད་ཀྱི་རྗེས་ཆགས་ཀྱི་སྤྱན་རས་ཡིན་ནམ།
ས་སྲོད་དེར། ཉི་གཞོན་ཁད་ཀྱིས་ནུབ་སོང་།
ཁྱེད་ཀྱི་མཛེས་སྡུག་གི་གཤེགས་བཞུད་དེས།
ཉི་མ་ཐག་གཏོད་ཅིག་གླིང་ན་མེད་པ་རྟོགས་པར་གྱུར།
༢
ས་སྲོད་རེ་རེར།
གྲིབ་ནག་གིས་རི་ལུང་འགོམ་གྱིན་འོང་ན།
སྤྱང་ལྟོགས་ཀྱིས་ལྷིང་འཇགས་དཀྲོག་གིན་འོང་ན།
ངས་ཁྱེད་རང་ལྷག་ཏུ་དྲན།
ས་སྲོད་རེ་རེར།
འོད་འཚེར་འཚེར་གྱི་མཆོད་མེའི་ངོགས་ནས།
སྨོན་འདུན་ཁྲི་ཕྲག་གི་དབྱངས་རྟར་འཇུས་ནས།
མི་མངོན་པའི་དབྱིངས་ན་བཞུགས་པའི་ཁྱེད།
སླར་མཇལ་ཡོང་འདོད་ཅིག་ཅི་འདྲའི་ཆེ་ཨང་།
རེ་བའི་འོད་སྣང་།
____ ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་བློ་བཟང་དགེ་འདུན་ཚང་ལ་བྲིས་པ།
࿉བཏང་སྙོམས།
རྒས་སླ་བའི་དུས་ཚིགས་དང་།
གཡུལ་ཁ་ལྟ་བུའི་སྤྱི་ཚོགས་འདིའི་སོ་བར་ནས།
ད་དུང་མི་སེམས་བཙོག་སླ་བའི་ཁོར་ཡུག་ཏུ།
ཁྱེད་ཀྱིས་ང་ཚོ་ལ་ཆོས་ལུགས་ཀྱི་མན་ངག་རེ་རེ་གནང་ནས་བུད་སོང་།
ཁྱེད་ཀྱིས་ང་ཚོ་ལ་སློབ་གསོའི་འབེལ་གཏམ་རྣལ་མ་བཏང་ནས་བཞུད་སོང་།
ཁྱེད་ཀྱི་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་དང་།
ཉི་ཟླ་སྐར་གསུམ། རྟ་ནོར་ལུག་གསུམ།
ཕ་མ་ཉེ་འབྲེལ་དག
རང་ཉིད་དང་འབྲེལ་ཡོད་ཀྱི་སྡེ་ཐམས་ཅད་ལ།
སྤྱན་གྱིས་འཚོས་ནས།
མིག་གིས་སྒོམ་ནས།
སེམས་ཀྱིས་མྱང་ནས།
ཁྱེད་རང་ཁོ་ནར་དབང་བའི་ཆེས་རྒྱང་རིང་རྒྱང་རིང་གི་གནས་དེར་བགྲོད་སོང་།
རེ་བས་བཏེགས་པའི་མི་ཆེན་ཞིག་བཞུད་སོང་།
སེམས་ཀྱིས་དེད་པའི་སློབ་དཔོན་ཞིག་བུད་སོང་།
ཕ་ཡུལ་གྱི་ཡུལ་མི་ཚོས་ད་དུང་ཁྱེད་རང་གླེང་བཞིན་འདུག
ཁྱེད་ནི་འཆད་རྩོད་རྩོམ་གསུམ་ལ་རིག་པའི་ཀློང་བརྡོལ་ལ།
ཁྱེད་ནི་ཐོས་བསམ་སྒོམ་གསུམ་ལ་བློ་ཡི་སྟོབས་མངའ་བ།
ཡུལ་མི་རྣམས་ཀྱི་སེམས་སུ་ཁྱེད་ནི་འོད་ཆེམ་ཆེམ་བྱས་ཡོད།
ཡུལ་མི་རྣམས་ཀྱི་ཡིད་དུ་ཁྱེད་ནི་འཇའ་ཤར་ཤར་བྱས་ཡོད་ཨང་།
བཞུད་སྔ་བའི་སེམས་དཔའ།
____བགྲང་བྱ་དགུ་འཁོར་བའི་རྗེས་དྲན་ལ།
࿉སྤྱན་ཆེན་པོ།
ཁྱེད་རང་ཕེབས་པའི་གནས་དེ་ནི་གང་ཞིག་གི་དག་ཞིང་ཡིན།
ཁྱེད་ཀྱིས་བརྐྱངས་པའི་གཤོག་པ་དེ་ནི་སུ་ཞིག་གིས་བྲིས་པའི་ཆོས་ཉིད་ཡིན།
ཁྱེད་ཀྱིས་བཙུགས་པའི་ལྗོན་པ་དེ་ནི་ཉི་ཟླའི་གུར་ཁྱིམ་ཞིག་སྟེ།
བདེན་མེད་ཀྱི་ཐིག་ལེ་གསལ་བའི་གཞོན་རབས་པའི་རྩེད་ར་ཆེན་པོ་ཞིག
ཁྱེད་ཀྱིས་བསྩལ་བའི་གདམས་ངག་རེ་རེ་ནི་ཤེས་རབ་ཀྱི་མཚོ་མོ་ཞིག་སྟེ།
སྲིད་པའི་གངས་གཞུང་འདིར་འཁྱིལ་བའི་གཡུ་ཡི་མེ་ལོང་དྭངས་མ་ཞིག
མི་རྟག་པར་སྐུལ་བའི་འཛུམ་ཞལ་གྱི་འོད་ཟེར་དེ།
ཟག་མེད་ཀྱི་ཆོས་སྐུའི་དབྱིངས་ལ་སིམས་སོང་ན་ཡང།
གསུང་གི་རོལ་མོ་རེ་རེ་འཁོར་ཚོགས་ཀྱི་ཞེ་ལ་ད་དུང་གླན་ཡོད་པས།
སྨུག་སྤྲིན་གྱི་ཀློང་ན་གནས་པའི་སྲ་མཁྲེགས་ཀྱི་སེམས་པ་རེ་རེར།
སྤྱན་གྱིས་གཟིགས་དང་། སེམས་དཔའ་ལགས།
༢༠༡༧/༠༥/༢༠ཉིན།
རྒྱ་གར་ལྷོ་ཕྱོགས་སུ་རྗེ་འདིའི་དྲུང་ནས་ས་དོན་གྲུབ་སོགས་ཕར་ཕྱིན་གྱི་དཔེ་ཁྲིད་མང་པོ་ཞུ་མྱོང་། བསམ་གྱིས་མི་ཁྱབ་པའི་མཁས་བཙུན་བཟང་གསུམ་འཛོམས་པའི་སྐྱེས་བུ་ཆེན་པོ་ཞིག་ཏུ་མཇལ། རྡ་སའི་སྨན་རྩིས་ཁང་དུ་མཚན་གཅིག་རྒན་བསྟན་པ་བཀྲ་ཤིས་ཀྱི་ཤག་ཏུ་ངེད་ཅག་ལྷན་དུ་བསྡད། མཚན་ཕྱེད་ཙམ་ལ་གྲང་ངར་ཆེ་རུ་ཕྱིན། རྗེ་འདི་ཡར་བཞེངས་ནས་ཁོང་གི་གཟིམ་ཐུལ་ངའི་ལུས་སྟེང་དུ་གཡོགས་སོང་། ང་ནི་གུས་པ་དང་དད་པ་ཟུང་འབྲེལ་གྱིས་མིག་མཐའ་མཆི་མས་བསྐོར་ནས་འགུལ་ཙམ་ཡང་བྱེད་མ་ཕོད།