(ངའི་སེམས་ཁོང་གི་ཉི་མ་རྗེ་མི་ལ་ཐོས་པ་དགའ་བ་ཁྱེད་མཁྱེན་ནོ།།)
འབྲོང་ངུར་ཆོས་རྗེ།
རྗེ་མི་ལའི་ཞབས་ལ་གསོལ་བ་འདེབས།།
གནས་ཆེན་པོ་རྡོར་གདན་ཉེ་འཁོར་ནས།།
དོན་རིག་རིག་མང་པོ་རིག་ཙ་ན།།
དེང་ཁྱེད་ཀྱི་རྣམ་ཐར་ལྷག་ཏུ་དྲན།།
གཞུང་ཆེན་པོ་སློབ་སྦྱོང་མང་དུ་བྱས།།
གཞུང་ཆུང་ཆུང་ཀྱང་ནི་མང་དུ་སྦྱངས།།
གཞུང་སྦྱོང་བཞིན་སྦྱོང་བཞིན་བདག་གི་སེམས།།
གཞུང་དོན་དང་མ་འདྲེས་སྔར་ལས་གྱོང་།།
རྒྱ་དཀར་པོའི་གཞུང་ལུགས་རབ་འབྱམས་དང་།།
བོད་ནག་པོའི་གཞུང་ལུགས་རབ་འབྱམས་སོགས།།
ལོ་བཅུ་ཕྲག་ཐོས་ཐོས་བསམ་བསམ་ཡང་།།
ངའི་སེམས་ལ་འགྱུར་བ་མེད་འདི་ཅི།།
སྔོན་མཁས་པ་འདི་དང་དེ་དག་གིས།།
དོན་འགྲེལ་ཚུལ་འདི་དང་དེ་འདྲ་ཞེས།།
ཉིན་གང་པོར་བཤད་ཀྱང་མི་ངལ་བའི།།
ངག་བདེ་པོ་ཙམ་ཞིག་ཐོབ་ན་ཡང་།།
སྟོན་ཤཱཀྱ་ཐུབ་པའི་བསྟན་པ་ལ།།
སྐྱབས་དད་པས་འཇུག་ཅིང་གཞུང་ལུགས་ལ།།
ལོ་མང་པོར་ཐོས་བསམ་བྱས་པ་ཡི།།
དགོས་འབྲས་བུ་དེ་ཙམ་ག་ལ་ཡིན།།
ད་ང་ཡི་སེམས་འདི་ཐོས་བསམ་དང་།།
གནས་འདུ་འཛི་འདི་ལས་རིང་བརྒལ་ནས།།
དགོན་དབེན་པའི་རི་བྲག་ནགས་དག་ཏུ།།
རྗེ་མི་ལ་ཁྱེད་བཞིན་ཡིབ་པར་འདོད།།
རྗེ་མི་ལའི་ཞབས་ལ་གསོལ་བ་འདེབས།།
བུ་ང་ཡང་ཕ་རྒན་ཁྱེད་རྗེས་སུ།།
མྱུར་འཇུག་ལ་བར་ཆད་མེད་པ་དང་།།
དོན་སྙིང་པོ་ལག་ཏུ་ལོན་པར་ཤོག།།
སྟོན་ཤཱཀྱ་ཐུབ་པའི་བསྟན་པ་དང་།།
བསྟན་འཛིན་པའི་གནས་སྟངས་ཡ་རེ་ང་།།
ད་བུ་ངའི་སེམས་ཀྱིས་བཟོད་མ་ལགས།།
ཕ་ཁྱེད་ཀྱི་རྐང་རྗེས་བསྙེག་པར་སྤྲོ།།
གནས་མཆོག་རྡོར་གདན་དུ་བྲིས། ༢༠༡༢།༠༡།༢༩
ཕ་དྲིན་ཆེན་མར་པ་ལོ་ཙྰའི་༸ཞབས་ལ་འདུད། །
བུ་གྲུབ་ཐོབ་རྗེ་བཙུན་ཐོས་དགའ་མི་ལར་འདུད། །
ཕའི་རིགས་སྲས་དར་མ་རྡོ་རྗེའི་ཞབས་ལ་འདུད། །
བྱ་ཕུག་རོན་གྲོང་འཇུག་ཏི་ཕུར་ལ་བཏུད་པས། །
བུ་ཀརྡོ་ང་ཡང་གྲུབ་བརྒྱུད་རྗེས་བསྙེག་སྤྲོ། །
བུ་ང་ཡི་སོར་སྡོམ་མཐར་དུ་ཕྱིན་པ་དང་། །
བུ་ང་ཡི་བྱང་སྡོམ་བསྡུ་དངོས་བཞི་སྦྲགས་ཀྱིས། །
བུ་ང་ཡི་སྔགས་སྡོམ་དམ་ཚིག་གཅེས་བསྲུང་གིས། །
མགོན་ཁྱེད་ཀྱིས་ལམ་སྟོན་བཀའ་དང་མི་འགལ་ཞིང་། །
མགོན་ཁྱེད་ལྟར་ཐབས་ཤེས་ཟུང་ལ་འཇུག་པ་ལྟར། །
བུ་ངས་ཀྱང་ལུང་རྟོགས་བསྟན་པ་འཛིན་ནུས་ཤིང་། །
བུ་ངས་ཀྱང་བརྒྱུད་འཛིན་འགྲོ་དོན་མཕར་ཕྱིན་ཤོག །
ཁ་བ་ཅན་གྱི་ཞིང་ཁམས་སུ།།
མི་ལ་ལྟ་བུས་གྲུབ་ཆེན་རྣམས།།
བདེ་བ་ཅན་གྱི་ཞིང་དུ་ཕེབས།།
རྟག་བརྟན་ཆོས་ཀྱི་རྒྱལ་ས་བཟུང་།།
ཁ་བ་ཅན་གྱི་ཞིང་ཁམས་སུ།།
ཤར་ཕྱོགས་ཙི་ནི་དམག་དཔུང་དྲངས།།
གདོང་དམར་བོད་མི་བྲན་དུ་བཅུག།
དམྱལ་ཁམས་མི་ཡི་ཡུལ་དུ་བསྐྲུན།།
སྡོམ་པ་སྡོམ་པ་ངས་མི་ཤེས། །
རང་སེམས་སྡོམ་ན་སྡོམ་པ་ཡིན། །
ནང་ཆོས་ནང་ཆོས་ངས་མི་ཤེས། །
རང་སེམས་བསྒྱུར་ན་ནང་ཆོས་ཡིན། །
གླང་ཆེན་སྨྱོན་པ་ཞིན་དུ་རང་གི་སེམས། །
ཕྱོགས་བཞི་རྒྱུགས་ན་རང་སེངས་སྡོམ་ཐབས་མེད། །
སྒྲ་ཐག་འཁོར་ལོ་བཞིན་དུ་སྔོན་གྱི་གཞུང་། །
ངག་ཟློས་ཙམ་གྱིས་ཆོས་ཉིད་རྟོགས་པ་མེད། །
དུས་དེང་སང་ཕྱོགས་བཞི་མཚམས་བརྒྱད་ན། །
མགོན་རྒྱལ་བའི་བསྟན་འཛིན་མང་ན་ཡང་། །
ཆོས་ཟབ་མོ་ཚུལ་བཞིན་རྟོགས་པ་དང་། །
དོན་ཟབ་མོ་ཡིད་ལ་སྒོམ་པ་ཉུང་། །
འཇིག་རྟེན་སྤྱི་ཡི་ཚུལ་ལུགས་བཞིན། །
དུས་ཀྱི་འཁོར་ལོ་དང་འགྲོགས་ནས། །
ཀུན་དང་མཐུན་པའི་ལྟ་གྲུབ་ལ། །
གོམས་ན་འདི་ཕྱིའི་སྐྱབས་གཅིག་ཡིན། །
ཆོས་ཉམས་ལེན་བྱེད་དུ་དབེན་པར་འགྲོ་བ་དེ་འུ་ཐུག་པའི་ཐབས་ཤིག་རེད། ཆེས་ཟང་ཟིང་དང་རྙོག་དྲ་ཆེ་ས། དགྲ་ཉོན་མོངས་ཀྱི་འཚེ་བ་དུག་ཆར་བཞིན་བབ་ཡོང་ས། དུག་གསུམ་གྱི་ཁ་རླངས་ཚ་ལམ་ལམ་འཐིབས་ཡོང་ས་ཞིག་ཏུ་སྡོད་ལ་ཉམས་ལེན་གྱིས། ཆེས་དཀའ་ངལ་ཆེ་ཞིང་གླ་ཆ་ཉུང་བ། བྲན་གཡོག་ལྟ་བུའི་ལས་ཀ་ཞིག་གྱིས་ལ་གཞན་གྱི་མཐོང་ཆུང་དང་ཁྱད་གསོད། ཟུར་ཟ། བརྙས་བཅོས། འཕྱ་དམོད་སོགས་མྱོང་བཞིན་ཆོས་ཉམས་ལེན་གནང་འཚལ། རིགས་ཀྱི་བུ།
མ་རིགས་དྲུག་འགྲོ་བའི་རྒྱལ་ཁམས་སུ།།
ལས་དགེ་སྡིག་གོམ་སྟབས་འཁྱོར་བ་ན།།
ཆོས་ཟབ་མོ་བློ་ཡིས་མ་ཐེག་པས།།
འཁོར་བ་སྡུག་བསྔལ་གྱི་ཨ་ཐང་ཆད།།
སེམས་ཕྲ་མོ་རྣམ་ཤེས་རྒྱུན་ཐག་འདི།།
ལས་ཉོན་མོངས་སྐྱེ་བ་གསུམ་གྱི་ལམ།།
མཐོ་སྲིད་པའི་རྩེ་མོ་མན་ཆད་ནས།།
གནས་འཁོར་བའི་ཟོ་ཆུན་ཡང་ཡང་འཁོར།།
ཡར་མཐོ་རིས་ཐར་བའི་གོ་འཕང་དང་།།
མར་ངན་སོང་གསུམ་པོ་གང་དུ་འགྲོ།
དུས་ད་ལྟ་འདམ་ཁ་རང་གི་ལག།
དུས་འདི་ལས་འདས་ན་ཐར་བར་དཀའ།།
སེམས་བདེ་བ་དམ་པའི་ཆོས་ཀྱི་དྲིན།།
ལུས་བདེ་བ་ཕ་མས་བསྙོར་བའི་དྲིན།།
ལུས་སེམས་ཀྱི་བདེ་བའི་རྟེན་འབྲེལ་ལ།།
གདམས་ངག་གི་སྙིང་པོར་བླངས་ན་མཛེས།།
རྒྱ་གུང་བྲན་ཨ་ཁུ་ཨ་ནེ་འདྲ། །
བུ་ཐོས་པ་དགའ་ཁྱོད་མཐུ་སྒྲུབ་རན། །
ལས་ཕ་མ་དྲིན་ཆེན་དལ་འབྱོར་ཐོབ། །
ང་སྐྱེས་ས་བོད་ཡུལ་རྡོ་རྗེ་གདན། །
ཕ་༸མར་པ་འདྲ་བའི་༸གོང་ས་མཆོག །
བུ་མཐུ་ཅན་ང་ལ་གདམས་ངག་ཐོབ། །
ས་ཁམས་གསུམ་འཁོར་བར་འཁྱམས་ཞོར་དུ། །
དྲ་ཁ་བརྡ་དུས་བབ་འདུ་འརྫིས་གཡེངས། །
བུ་མི་ལས་གྲུབ་པའི་རྒྱལ་མཚན་འཛིན། །
བུ་ང་ཡང་དབེན་པར་འདུག་འདོད་འདུག །
དྲ་ཁ་བརྡ་དུས་བབ་འདུ་འརྫིས་གཡེངས། །
འདི།
དྲྭ་དུས་བབ་ཁ་བརྡར་འདུ་འརྫིས་གཡེངས། །
མི་ལའི་རྣམ་ཐར་མཛོད་ནག་མའི་ནང་དུ་ཁོང་ལྷ་སར་ཕེབས་པའི་སྐོར་ཡོད་པས། དེའི་སྐོར་བགྲོ་གླེང་རེ་གནང་རོགས།
རྗེ་མི་ལ་ནི་ཆོས་ལུགས་པ་ཀུན་གྱིས་ཁས་ལེན་པའི་རྩོད་མེད་ཡོངས་གྲགས་ཀྱི་སྐུ་ཚེ་འདི་ཉིད་ལ་ཟུང་འཇུག་གི་གོ་འཕང་བརྙེས་མཁན་ཞིག་ཡིན། ཁོང་གི་ས་འཁྱག་རྡོ་འཁྱག་ལ་བརྟེན་ནས་དཀའ་བ་སྤྱད་པ་ལ་བརྟགས་ན་བློ་ཡུལ་ལས་འདས་པ་ཞིག་རེད། འོན་ཀྱང་། དེང་སང་གྲུབ་ཐོབ་པ་ཡིན་ཟེར་མཁན་དང་རྟོགས་པ་བརྙེས་ཟེར་མཁན་མང་ཆེ་བ་ནི་སྟན་གྲུ་གདན་དང་གནས་སྐར་མ་ལྔ་རྟགས་ཅན་དང་འགྲན་བཟོད་པའི་ནང་དུ་བསྡད་ནས་ཉམས་ལེན་གནང་བ་ཞིག་རེད། ངོ་མ། དེང་སང་དུས་ལོག་ནས་འདོད་ཆུང་ཆོག་ཤེས་དགོས་པ་དང་དཀའ་བ་སྤྱད་དགོས་རབས་ཟེར་སྐབས་སྤྱི་ཚོགས་རྙིང་པའི་ལྟ་བ་རེད་ཟེར་ནས་མི་འདོད་པའི་རྣམ་འགྱུར་སྟོན་མཁན་ཤ་སྟག་རེད་འདུག ཨ་ཧ་ཧ། ངོ་མ་བཤད་དགོས་ན་བཤད་མི་ཤེས་པའི་མཚམས་ལ་སླེབས་འདུག
རྗེ་མི་ལ་ནི་སྟོད་མངའ་རིས་རྫོང་དཀར་རྫོང་གི་ཉེ་མཁྲིས་ཀྱི་ས་ཁུལ་ཞིག་ཏུ་འཁྲུངས་ནས་བོད་ཀྱི་ས་ཁུལ་ཡོངས་ལ་མཚན་སྙན་གྱིས་ཁྱབ་པ་བྱུང་བ་རེད། འོན་ཀྱང་། ཁོང་ལྷ་ས་ཕེབས་པའི་སྐད་ཆ་འདི་དེ་རིང་མ་གཏོགས་ཁོ་བོས་གོ་མྱོང་མེད། ཁོང་ནི་སྐུ་ཚེ་གང་པོར་སྟོད་མངའ་རིས་ཀྱི་རི་བྲག་ས་ཁུལ་ལ་དཀའ་སྤྱད་མཛད་པ་ཞིག་ཡིན་པ་ནི་ཡོངས་གྲགས་རེད། ཁོང་གི་གསུང་མགུར་ནང་དུ་ལྷ་ས་ལ་ཕེབས་པའི་སྐོར་ཚིག་གཅིག་ཀྱང་མིན་འདུག་སྙམ།
རྣམ་ཐར་མཛོད་ནག་མ་ཞེས་པ་དེ་ཡོངས་གྲགས་ཀྱི་རྣམ་ཐར་དེ་མ་རེད།
འོ་ན། དེ་གང་དུ་མཇལ་རྒྱུ་ཡོད་དམ།
དེང་སང་དཔེ་རྒྱུན་ཕལ་ཆེར་ཆད་སོང་བ་འདྲ། ལོ་རབས་ལྔ་བཅུ་བའི་དཀྱིལ་དུ་ས་སྐྱའི་སྡེ་གཞུང་སྤྲུལ་སྐུས་གཙང་གི་ས་ཆ་ཞིག་ནས་རྣམ་ཐར་དེ་མཇལ་ལུགས་ཁོང་གི་རྣམ་ཐར་དུ་འདུག ངས་མཇལ་བའི་རྣམ་ཐར་བསྡུས་པ་ཞིག་གི་ནང་དུ་ཡང་ཡོངས་གྲགས་རུས་པའི་རྒྱན་ཅན་གྱིས་བརྩམས་པ་དེའི་ནང་དུ་མེད་པ་འགའ་རེ་འདུག་ལ། རུས་པའི་རྒྱན་ཅན་གྱིས་ཀྱང་རྣམ་ཐར་འགའི་ལེགས་ཆ་བསྡུས་ཏེ་རྣམ་ཐར་དེ་བརྩམས་པ་ཡིན་ལུགས་གསུངས་ཡོད་ཅིང་། མཆོད་བརྗོད་ཀྱི་རྩོམ་གཤིས་ལ་མཇལ་ན་རྣམ་ཐར་མཚོ་སྔོན་དཔར་མ་དེ་ཤིང་པར་དུ་བརྐོ་མཁན་དགེ་ལུགས་པའི་བླ་མ་གཡེར་གཤོང་དགེ་འདུན་ཟླ་གྲགས་ཀྱིས་མཆོད་བརྗོད་བརྩམས་པ་ལོས་ཡིན་སྙམ་པ་ཞིག་ཀྱང་འདུག
འཛམ་གླིང་ཀུན་ལ་མཚན་སྙན་གྱིས་ཁྱབ་པའི་རྗེ་བཙུན་མི་ལ་རས་པ་ཉིད། རབ་བྱུང་དང་པོའི་ལྕགས་འབྲུག་ལོར་ལ་སྟོད་གུང་ཐང་སྐྱ་རྔ་རྩ་རུ་འཁྲུངས། དང་པོར་ནུས་མཐུ་བསླབས་ནས་དགྲ་བོ་མང་པོ་བསད། སླད་ནས་སྡིག་པར་འགྱོད་དེ་ལྷོ་བྲག་མར་པ་ལོ་ཙཱའི་སྐུ་མདུན་དུ་སྲས་མཁར་དགུ་ཐོག་བརྩིགས་པ་སོགས་ཆོས་ཕྱིར་དཀའ་ཆེན་ལོ་དྲུག་ཟླ་བརྒྱད་ཙམ་སྤྱོད་དུ་བཅུག་མཐར་དབང་དང་གདམས་ངག་ཡོངས་རྫོགས་ཁོང་ལ་གནང༌། དགུང་ལོ་ཞེ་ལྔར་སྟོད་ཕྱོགས་སྐྱིད་གྲོང་དང་གཉའ་ནང་ཁུལ་དུ་ཕེབས་ཏེ་ལོ་དགུའི་རིང་ལ་ན་བཟའ་རས་རྐྱང་དང་ཟས་ཟྭ་ཚོད་ཙམ་ལ་བརྟེན་པ་སོགས་དཀའ་སྤྱད་དང་སྙིང་རུས་དྲག་པོས་བསྒོམས་པས་སྐུ་ཚེ་དེ་ཉིད་ལ་མཆོག་གི་དངོས་གྲུབ་བརྙེས་པའི་སངས་རྒྱས་ཤིག་ཡིན།
རས་ཆུང་པ་དང༌དྭགས་པོ་ལྷ་རྗེ་སོགས་སློབ་མ་མང་དུ་བསྐྲུན་ཏེ་སྒྲུབ་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེའི་སྲོལ་བཙུགས། འཁྲུངས་འདས། ༼༡༠༤༠-༡༡༢༣༽
རྗེ་བཙུན་མི་ལ་རས་པ་མཆོག་གི་ཉམས་མགུར་སོགས་མང་དུ་ཡོད་པ་ལས། རབ་བྱུང་བརྒྱད་པའི་ས་སྤྲེལ་ལོར་གཙང་སྨྱོན་ཧེ་རུ་ཀ་རུས་པའི་རྒྱན་ཅན་ནམ་མཚན་དངོས་སངས་རྒྱས་རྒྱལ་མཚན་དུ་འབོད་པས་མི་ལ་རས་པ་དང་རས་ཆུང་པ་གཉིས་ཀྱིས་དྲི་བ་དང་དྲིས་ལན་གྱི་ཚུལ་དུ་གསུངས་པའི་རྣམ་ཐར་རྟོགས་བརྗོད་དུ་བརྩམས་པར་མཛད་པའི་༼རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་དང་ཐམས་ཅད་མཁྱེན་པའི་ལམ་སྟོན་མགུར་འབུམ་༽དང་བཅས་པ་འདི་ཡིན་ལ། ༡ དེའང་ཐོག་མར་ཡབ་མེས་བརྒྱུད་པའི་འབྱུང་ཁུངས་དང་བཅས་ཏེ་སྐུ་བལྟམས་པའི་མཛད་པ་དང༌། ༢ གཉིས་པ་ཉེ་བ་དགྲ་རུ་གྱུར་ཏེ་སྡུག་བསྔལ་བདེན་པ་ཐུགས་ཉམས་སུ་བཞེས་པའི་མཛད་པ་དང༌། ༣ གསུམ་པར་མཐུ་བསྒྲུབས་ནས་དགྲ་བོ་རྣམས་ཚར་བཅད་པའི་མཛད་པ་སྟེ་ཐུན་མོང་འཇིག་རྟེན་པའི་མཛད་པ་གསུམ་དང༌། ༤ མཚན་ལྡན་གྱི་བླ་མ་བཙལ་བའི་མཛད་པ་དང༌། ༥ དཀའ་སྤྱད་ཀྱིས་སྒྲིབ་པ་སྦྱངས་པའི་མཛད་པ་དང༌། ༦ སྨིན་གྲོལ་གྱི་གདམས་པ་ཐོབ་པའི་མཛད་པ་དང༌། ༧ ཉམས་རྟོགས་ཀྱི་མྱུ་གུ་འཁྲུངས་པའི་མཛད་པ་དང༌། ༨ ཆིག་བརྒྱུད་ཀྱི་གདམས་ངག་ཐོབ་སྟེ་བླ་མའི་དྲུང་ནས་བྱོན་པའི་མཛད་པ་དང༌། ༩ སླར་ཡང་སྒྲུབ་ལ་ཡིད་དམ་བཅས་པའི་མཛད་པ་དང༌། ༡༠ རྩེ་གཅིག་རི་ལ་བསྒོམས་པའི་མཛད་པ་དང༌། ༡༡ སྒྲུབ་འབྲས་མངོན་དུ་གྱུར་ཏེ་འགྲོ་དོན་སྤེལ་བའི་མཛད་པ་དང༌། ༡༢ གཟུགས་སྐུ་ཆོས་དབྱིངས་སུ་བསྡུས་པའི་མཛད་པ་སྟེ། ཞི་བ་མྱང་འདས་ཀྱི་མཛད་པ་དགུ་བཅས་མཛད་ཆེན་བཅུ་གཉིས་ཀྱི་རྣམ་པར་ཐར་པའི་ཚུལ་ནང་དོན་ཟབ་རྒྱས་ཕུན་སུམ་ཚོགས་པ་འཁོད་པ་དེ་ནི་ཡོངས་སུ་གྲགས་ཤིང་གཙིགས་སུ་ཆེ་བར་འཛིན།
ཕ་རས་ཆེན་དེ་ཡི་ཞབས་ལ་འདུད། བུ་ང་ཡང་ཁྱེད་ཀྱི་རྗེས་སུ་ཡོང་། གཞན་རིགས་མཐུན་རྣམས་ཀྱང་དེ་རྗེས་ཤོག ལམ་མ་ནོར་ཕྱག་ཆེན་གསེང་ལམ་ཡིན།
གངས་དཀར་མདོག་ལྟར་རས་གོས་ཅན། །རི་རྒྱལ་བཞིན་དུ་སྒོམ་ཆེན་པ། །ཤེལ་དཀར་བཞིན་དུ་ཐུབ་སངས་རྒྱས། །ཆུ་བོ་བཞིན་དུ་དད་གཙང་ཡོད། །
རྗེ་མི་ལའི་ཞབས་ལ་གསོལ་བ་འདེབས།།
ཆེས་ཟང་ཟིང་འདུ་འཛི་ཆེ་བའི་ནང་།།
ལས་དང་པོ་བ་ཡི་ཉམས་ལེན་དེ།།
རླུང་འཚུབ་མའི་ཁྲོད་ཀྱི་མར་མེ་འདྲ།།
དགྲ་གཉེན་གྱི་ཡོ་ལང་མང་བའི་ཁྲོད།།
ལས་དང་པོ་བ་ཡི་ཉམས་ལེན་དེ།།
ཆུ་སྲིན་གྱིས་གང་བའི་མཚོ་མོའི་ནང་།།
ཆུ་རྐྱལ་ལ་སྦྱང་བ་བྱེད་དང་འདྲ།།
འཇིག་རྟེན་གྱི་བྱ་གཞག་མང་བའི་ཁྲོད།།
ལས་དང་པོ་བ་ཡི་ཉམས་ལེན་དེ།།
གཅན་གཟན་གྱི་དབུས་སུ་གནས་བཅས་ནས།།
བྱམས་སྙིང་རྗེའི་སྒོམ་སྒྲུབ་བྱེད་དང་འདྲ།།
དུག་གསུམ་གྱི་ཁ་རླངས་འཐིབས་པའི་ཁྲོད།།
ལས་དང་པོ་བ་ཡི་ཉམས་ལེན་དེ།།
གངས་བུ་ཡུག་འཚུབས་པའི་འཁྱག་རོམ་དུ།།
ཆུང་བྱིས་པ་དམར་རྗེན་བཞག་དང་འདྲ།།
བདག་འདྲ་བའི་དང་པོའི་ལས་ཅན་རྣམས།།
རྗེ་ཁྱེད་ཀྱི་རྣམ་ཐར་སྐྱོང་ནུས་ཤོག།
རྗེ་ཁྱེད་ལ་རྒྱུན་དུ་གསོལ་བ་འདེབས།།
སྤྲང་ཐོས་བསམ་ལམ་དུ་འགྲོ་བར་ཤོག།
རྗེ་མི་ལའི་ཞབས་ལ་གསོལ་བ་འདེབས།།
སྙིང་ཆོས་ཀྱི་འཁོར་ལོར་བརྟན་པར་བཞུགས།།
རང་སེམས་ཀྱི་ཆོས་ཉིད་འོད་གསལ་མདངས།།
དུས་མི་རིང་མཇལ་བར་བྱིན་གྱིས་རློབས།།
སྔ་འགྱུར་བའི་བསྟན་པའི་སྲོག་ཤིང་གཅིག།
ཀུན་མཁྱེན་བཞིའི་གཙོ་བོ་ཀློང་ཆེན་པས།།
ཆོས་ཉམས་ལེན་བྱེད་དུ་རི་ཁྲོད་བསྟེན།།
འུ་ཐུག་དང་ཐབས་ཟད་ག་ལ་ཡིན།།
སྔ་འགྱུར་བར་ཁོང་ལས་ལྷག་པ་ཞིག།
ཡོད་སྙམ་པ་བློ་ཡི་ཟུར་ལའང་དཀའ།།
ཁོང་གིས་ཀྱང་དེ་ལྟར་གནང་གྱུར་ན།།
ཐ་མལ་པ་ང་ཚོས་ལྟ་ཅི་སྨོས།།
དེའི་ཕྱིར་ན་ཆེན་པོའི་མིང་ཅན་གྱི།།
སྤྲུལ་ཡང་སྲིད་དང་ནི་མཁན་པོ་སོགས།།
སྔ་འགྱུར་བའི་རྗེས་འཇུག་གཞོན་དར་ཚོ།།
ཡིན་མདོག་མདོག་བྱེད་པ་འོས་མ་ཡིན།།
བཀའ་བརྒྱུད་པའི་བསྟན་པའི་སྲོག་ཤིང་གཅིག།
རྗེ་མི་ལ་ཐོས་པ་དགའ་བ་དེས།།
ཆོས་ཉམས་ལེན་བྱེད་དུ་རི་ཁྲོད་བསྟེན།།
འུ་ཐུག་དང་ཐབས་ཟད་ག་ལ་ཡིན།།
བཀའ་བརྒྱུད་པར་ཁོང་ལས་ལྷག་པ་ཞིག།
ཡོད་སྙམ་པ་བློ་ཡི་ཟུར་ལའང་དཀའ།།
ཁོང་གིས་ཀྱང་དེ་ལྟར་གནང་གྱུར་ན།།
ཐ་མལ་པ་ང་ཚོས་ལྟ་ཅི་སྨོས།།
དེའི་ཕྱིར་ན་ཆེན་པོའི་མིང་ཅན་གྱི།།
སྤྲུལ་ཡང་སྲིད་དང་ནི་མཁན་པོ་སོགས།།
བཀའ་བརྒྱུད་པའི་རྗེས་འཇུག་གཞོན་དར་ཚོ།།
ཡིན་མདོག་མདོག་བྱེད་པ་འོས་མ་ཡིན།།
དགེ་ལྡན་པའི་བསྟན་པའི་སྲོག་ཤིང་གཅིག།
རྗེ་བདག་ཉིད་ཆེན་པོ་ཙོང་ཁ་པས།།
ཆོས་ཉམས་ལེན་བྱེད་དུ་རི་ཁྲོད་བསྟེན།།
འུ་ཐུག་དང་ཐབས་ཟད་ག་ལ་ཡིན།།
དགེ་ལྡན་པར་ཁོང་ལས་ལྷག་པ་ཞིག།
ཡོད་སྙམ་པ་བློ་ཡི་ཟུར་ལའང་དཀའ།།
ཁོང་གིས་ཀྱང་དེ་ལྟར་གནང་གྱུར་ན།།
ཐ་མལ་པ་ང་ཚོས་ལྟ་ཅི་སྨོས།།
དེའི་ཕྱིར་ན་ཆེན་པོའི་མིང་ཅན་གྱི།།
སྤྲུལ་ཡང་སྲིད་དང་ནི་མཁན་པོ་སོགས།།
དགེ་ལྡན་པའི་རྗེས་འཇུག་གཞོན་དར་ཚོ།།
ཡིན་མདོག་མདོག་བྱེད་པ་འོས་མ་ཡིན།།
བསྟན་འདི་ལ་སྟོན་པ་གཉིས་པ་ཡི།།
མཛད་རྗེས་ཅན་ཁོང་ཅག་རྣམས་ཀྱིས་ཀྱང་།།
གནས་དབེན་པའི་རི་ནས་ཆོས་ཉིད་མཐོང་།།
གནས་དབེན་པའི་རི་ནས་རང་རྒྱུད་བཏུལ།།
ཐོག་དང་པོར་རང་རྒྱུད་བཏུལ་བྱས་ནས།།
ཆོས་རང་སེམས་དབྱེར་མེད་འདྲེས་རྗེས་སུ།།
གདོད་འགྲོ་དོན་རྒྱ་ཆེར་བསྐྱངས་པ་ཡིས།།
དོན་ངོ་མར་བསྟན་པའི་སྲོག་ཤིང་གྱུར།།
རང་རྒྱུད་འདི་མ་བཏུལ་ཇི་སྲིད་དུ།།
གཞན་རྒྱུད་དེ་འདུལ་བ་མི་འབྱུང་བས།།
ཐོག་དང་པོར་རང་རྒྱུད་འདུལ་དགོས་ཞེས།།
རྗེ་ཟླ་འོད་གཞོན་ནུའི་རྡོ་རྗེའི་གསུང་།།
གནས་ཟང་ཟིང་འུར་འུར་རྙོག་གྲའི་ཁྲོད།།
རང་རྒྱུད་འདི་འདུལ་བ་འབྱུང་མི་འབྱུང་།།
ངེད་ཀུན་གྱིས་མངོན་སུམ་ཤེས་པའི་ཕྱིར།།
རང་མགོ་སྐོར་རང་གིས་མ་གཏོང་ཨ།།
རྗེ་མི་ལའི་ཞབས་ལ་གསོལ་བ་འདེབས།།
རྗེ་ཁྱེད་འདྲ་སྔོན་ཆད་ཤིན་ཏུ་དཀོན།།
ད་ལྟ་ཡང་ཉིན་མོའི་སྐར་མ་ཙམ།།
ཕྱིན་ཆད་ཀྱང་འབྱུང་བའི་རེ་བ་ཕྲ།།
བསྟན་འདི་ལ་ཁྱེད་འདྲ་ཤིན་ཏུ་མཁོ།།
བསྟན་འདི་ལ་ཁྱེད་འདྲ་ཤིན་ཏུ་མཁོ།།
རང་རྒྱུད་འདི་མ་བཏུལ་ཇི་སྲིད་དུ།།
གཞན་རྒྱུད་དེ་འདུལ་བ་མི་འབྱུང་བས།།
ཐོག་དང་པོར་རང་རྒྱུད་འདུལ་དགོས་ཞེས།།
རྗེ་ཟླ་འོད་གཞོན་ནུའི་རྡོ་རྗེའི་གསུང་།། ཞེས་པ།
རང་རྒྱུད་འདི་མ་ཐུལ་ཇི་སྲིད་དུ།།
གཞན་རྒྱུད་དེ་ཐུལ་བ་མི་འབྱུང་བས།།
ཐོག་དང་པོར་རང་རྒྱུད་འདུལ་དགོས་ཞེས།།
རྗེ་ཟླ་འོད་གཞོན་ནུའི་རྡོ་རྗེའི་གསུང་།། ཞེས་སུ་ཡིད་འཇོག་གནང་རོགས།
སྟོན་པ་ཤཀྱྰ་ཐུབ་པ་ཡིས། །
རང་རྒྱུད་འདུལ་ཕྱིར་གདུལ་བ་གསུངས། །
རང་རྒྱུད་ཞི་ཕྱིར་མདོ་སྡེ་དང་། །
རང་རྒྱུད་གྲོལ་ཕྱིར་མངོན་པ་གསུངས། །
འདུལ་བས་ས་གཞི་གདུལ་དང་འདྲ། །
མདོ་སྡེས་དེ་ལས་མྱུ་གུ་འཁྲུངས། །
མངོན་པས་འབྲས་བུ་ལག་པར་འོངས། །
འདལ་བ་འདུལ་བ་ངས་མི་ཤེས། རང་སེམས་འདུལ་ན་འདུལ་བ་ཡིན།
ཕར་ཕྱིན་སར་ཕྱིན་ངས་མི་ཤེས། འཁོར་བའི་ཕ་རོལ་དུ་ཕྱིན་ན་ཕར་ཕྱིན་ཡིན།
འགལ་མི་འགལ་ངས་མི་ཤེས། དགེ་བའི་བཤེས་གཉེན་དང་འགལ་ན་འགལ་བ་ཡིན།
འདི་གསུངས་མཁན་མི་ལ་རས་པ་རེད་ཟེར་བ་གོ་མྱོང་།
འབྲོང་ངུར་ཆོས་རྗེ་ལགས་ཀྱིས་སེམས་ལ་ཕན་པོ་ཞིག་བྲིས་པ་གནང་འདུག།
བླ་ནི་གོང་ན་མེད་པའི་དོན། །
གཞན་སེམས་བཅོས་ན་བླ་མ་རེད། །
མ་རིག་པ་ལས་སངས་པ་དང་། །
བློ་གྲོས་རྒྱས་པས་སངས་རྒྱས་ཉིད། །
ཆོས་ནི་བཅོས་པའི་མིང་ཚིག་རེད། །
རང་སེམས་བཅོས་ན་ཆོས་པ་རེད། །
དགེ་བ་ཐ་དག་ལ་འདུན་ནས། །
གཞན་ལའང་གྲོགས་མཛད་དགེ་འདུན་ནོ། །
ཐོས་པས་སེམས་རྒྱད་འདུལ་བ་དེ། །
འདུལ་བ་ཐོས་པའི་ཐོས་གོ་ཆོད། །
བསམས་པས་འདུ་འཛི་རྣམ་གཡེང་སྤངས། །
མདོ་སྡེ་ལམ་དུ་འགྲོ་བའི་རྟགས། །
བསྒོམས་པས་ཉོན་མོངས་ཆུང་བ་འདི། །
མངོན་པས་མངོན་རྟོགས་གྲུབ་པའི་རྟགས། །
ཐོས་དང་བསམ་པའི་ཤེས་རབ་དང་། བླ་མའི་གདམས་ངག་ཟབ་མོའི་དབེན་པ་ལ།
བྱ་དང་བྱིའུས་དབེན་པའི་རིར་སོང་ཡང་། སྒྲུབ་པའི་འབྲས་རྟགས་ཐོན་པ་རེ་བོང་རྭ།།
ཚེ་འདི་རིག་འཛིན་རྒྱལ་བའི་སར་འདོད་ན། དམ་ཆོས་རྫོགས་པ་ཆེན་པོའི་སེང་ལམ་ནས།
གནས་ཡུལ་ངེས་མེད་སྒྲུབ་ལ་བརྩོན་ནུས་ན། ཚེ་འདི་ཉིད་ལ་མངོན་པར་བྱང་ཆུབ་ནུས།
ཐོས་དང་བསམ་པའི་ཤེས་རབ་དང་། །བླ་མའི་གདམས་ངག་ཟབ་མོའི་དབེན་པ་ལ། །
བྱ་དང་བྱིའུས་དབེན་པའི་རིར་སོང་ཡང་། སྒྲུབ་པའི་འབྲས་རྟགས་ཐོན་པ་རེ་བོང་རྭ། །
ཚེ་འདི་རིག་འཛིན་རྒྱལ་བའི་སར་འདོད་ན། །དམ་ཆོས་རྫོགས་པ་ཆེན་པོའི་སེང་ལམ་ནས། །
གནས་ཡུལ་ངེས་མེད་སྒྲུབ་ལ་བརྩོན་ནུས་ན། །ཚེ་འདི་ཉིད་ལjབྱང་ཆུབ་ནུས་པའང་རི་བོང་རྭ། །
རྐ་རྡོ་ལགས་དམ་ཆོས་རྫོགས་པ་ཆེན་པོའི་ལམ་དེ་ཁྱེད་རང་གོ་མྱོང་ཐོས་མྱོང་མེད་ཙང་ཐུགས་ཁག་མེད།
གཞི་ཐོགས་ཉིད་རུ་ཐག་བཅད་རྫོགས་ཆེན་གྱི་ཁྱད་ཆོས།
དུག་ལྔ་ལམ་ལམ་དུ་བྱེད་པ་རྫོགས་ཆེན་གྱི་རང་ལུགས།
འབྲས་བུ་གཞན་ནས་མ་འཚོལ་རྫོགས་ཆེན་བསྟན་པ།
ཐུབ་ན་རང་ལ་ཡོད་དོ་བསྐལ་ལྡན་གྱི་བུ།
གཞི་ཐོགས་ཉིད་རུ་ཐག་བཅད་བླ་མེད་ཀྱི་ཁྱད་ཆོས།
དུག་ལྔ་ལམ་ལམ་དུ་བྱེད་པ་གསང་སྔགས་ཀྱི་རང་ལུགས།
འབྲས་བུ་གཞན་ནས་མ་འཚོལ་ཐེག་སྤྱི་ཡི་བསྟན་པ།
ཐུབ་ན་ཀུན་་ལ་ཡོད་དོ་བསྐལ་ལྡན་གྱི་བུ།
་ཐེག་སྤྱི་ཡི་བསྟན་པ། ་ཐེག་ཆེན་་སྤྱི་ཡི་བསྟན་པ་ལ་བཅོས་ནས་ཀློག་རོགས། ཆོས་གྲོགས་མཁའ་མཉམ་རྒྱལ་པོ་ལགས།