སྐྱོ་བྲག་དགའ་དབང་།
སྤྱི་ལོ་ ༢༠༠༢ ཟླ་ ༩ ཚེས་ ༡༤ ཉིན། བོད་བཙན་པོའི་རྒྱལ་རྒྱུད་ལས་ཆད་པ། མཁན་པོ་བསྟན་རྣམ་གྱི་རོགས་སྐྱོར་འོག །བལ་ཡུལ་གྱི་རྒྱལ་ས་ཡམ་བུ་ནས་ཐད་ཀར་གནམ་གྲུ་བརྒྱུད་གཉི་ཤང་གི་གནམ་ཐང་འོམ་རེ་ལ་འཕུར་བ་ཡིན། གཉི་ཤང་གི་ལུང་པ་ནི་རི་བོ་ཧི་མ་ལ་ཡའི་ལྷོ་ངོས་ཀྱི་རི་གསེང་ཡིན་ཕྱིར། ཕྱོགས་མཐའ་གངས་རིས་བསྐོར་ཞིང་། གཡས་གཡོན་གྱི་ཆུ་ཕྲན་རྣམས་གཅིག་ཏུ་འདུས་པའི་གཞུང་ཆུ་ནུབ་བྱང་ནས་ཤར་ལྷོར་བཞུར་བའི་ལུང་པ་གུ་དོག་པོ་ཞིག་རེད།
སྤྱིར་ས་བབས་མཐོ་བ་དང་། ལྷག་ཏུ་ནམ་ཟླ་སྟོན་ཀར་བསླེབས་པས་ཁ་བ་བུ་ཡུག་འཚུབས་ཏེ་གནམ་གཤིས་ཆེས་གྲང་བས་ན། ངས། ཁ་རླུང་དྲག་ཏུ་འཐབ་པའི། །གཉི་ཤང་ལུང་པའི་ནང་དུ། །ཨ་ཕའི་ན་བཟའ་མེད་ན། །དགའ་དབང་འཁྱགས་ནས་ཤི་སོང་། །ཞེས་པའི་ཉིན་ཐོ་ཞིག་བྲིས་འདུག་པ་ལས་ཨ་ཕ་ནི། མཁན་པོ་བསྟན་རྣམ་གྱི་ཡབ། ངའི་ཕ་ཚབ་སྲས་པོ་བཀྲ་ཤིས་ཞུ་བ། གྲོང་པའི་བླ་མཆོད་དཔེ་མེད་ཀྱི་བཟང་པོ་ཞིག་ཡོད་པ་དེ་རེད། སྤྱི་ཚེས་ ༢༦ སྔ་དྲོར་མཁན་པོ་བསྟན་རྣམ་ངེད་གཉིས། གཉི་ཤང་གནམ་ཐང་འོམ་རེའི་ཉེ་ལོགས། ཉིན་ངོས་ཀྱི་རི་སྨད་ན་ཡོད་པའི་གྲོང་ཚོ་སྦོང་པ་ནས་འགུར་རྟའི་སྒྲུབ་གནས་མཇལ་བར་ཆས་པ་ཡིན།
གནས་འདི་ནི་གཉི་ཤང་ལུང་པའི་གཡས་ཕྱོགས་ཀྱི་རི་རྒྱུད་ན་ཡོད་པའི་རི་བོ་མཐོན་པོ་ཞིག་སྟེ། མིང་ལ་ཡུལ་མིས། ཤྭ་མགོན་གནས། ཞེས་ཟེར་བ་ནི། ཤྭ་བ་དང་ཁྱི་མོ་གྲོལ་ཞིང་ཁྱི་ར་བ་མགོན་པོ་རྡོ་རྗེ་རྗེས་སུ་བཟུང་བའི་སྒྲུབ་གནས་ཡིན་པའི་ཆ་ནས་ཡིན་འདུག །
གནས་ཀྱི་བཀོད་པ་མི་ལའི་མགུར་འབུམ་དུ་གསལ་བ་ནི། བལ་བོད་གཉིས་ཀྱི་སོ་མཚམས་ཀྱི་དབེན་གནས་གཉི་ཤང་འགུར་རྟ་ཞེས་བྱ་བའི་རི་མཐོ་ལ་གཉན་པ། སྤྲིན་དང་ན་བུན་འཐིབས་པ་ལས་དུས་རྒྱུན་ཆད་མེད་པར་ཁ་ཆར་འབབ་པ། གཡས་རི་བྲག་མཐོ་ལ་གཟར་བ་ལ་གཅན་གཟན་རྣམས་ངར་སྐད་སྒྲོག་ཅིང་བྱ་རྒྱལ་རྒོད་པོ་ལྡིང་བ། གཡོན་རི་སྤང་རི་སྣུམ་ལ་འཇམ་པ་ལ། རི་དྭགས་ཤྭ་བ་དང་། དགོ་བ། གནའ་བ་རྣམས་རང་བཞིན་གྱིས་བག་ཕེབས་ཏེ་རྩེ་ཞིང་འཕྱོ་བ། མདུན་ན་ནགས་ཚལ་བཟང་པོ་མེ་ཏོག་སྣ་ཚོགས་བཀྲ་བའི་ནང་ན། སྤྲ་དང་སྤྲེའུ་རྣམས་ཀྱང་རྩལ་སྦྱོང་བ། རྨ་བྱ་དང་འཇོལ་མོ་ལ་སོགས་ཏེ་མཛེས་པའི་བྱ་སྣ་ཚོགས་གསུང་སྙན་ཀྱུ་རུ་རུ་གླུ་ལེན་ཅིང་སྒྲ་སྒྲོག་ལ་འདབ་གཤོག་གི་གར་སྟབས་བསྒྱུར་བ། སྒྲུབ་ཕུག་གི་མདུན་ན་མར་གཡའ་ཆུ་གངས་ཆུ་རྫ་ཆུ་རྣམས་དུས་རྒྱུན་ཆད་མེད་པར་ལྷུང་ལྷུང་སྙན་པའི་སྒྲ་སྒྲོག་ཅིང་འབབ་པ། དབེན་ཞིང་ཉམས་སུ་དགའ་བ། བཙན་ལ་མཐུན་རྐྱེན་འཛོམ་པའི་དབེན་གནས་ཀ་ཏ་ཡ་ཞེས་བྱ་བའི་ཕུག་པ་ན། དཀར་ཕྱོགས་ཀྱི་མི་མ་ཡིན་རྣམས་ཀྱིས་ཞབས་ཏོག་སྒྲུབ་ཅིང་ཆུ་བོ་རྒྱུན་གྱི་ཏིང་ངེ་འཛིན་གྱི་ངང་ལ་བཞུགས་པ། ཞེས་པ་འདི་རེད།
སྒྲུབ་གནས་ཀྱི་བཤད་པ་འདི་ནི། རྣལ་འབྱོར་པ་རུས་པའི་རྒྱན་ཅན་གྱིས། གནས་འདིར་ཁ་སང་རང་བྲིས་སམ་སྙམ་པ་ལྟ་བུར་ཡོད།
རི་བོའི་བྱང་ངོས་ཀྱི་སྨད་ཆ་སྒྲོན་མ་ཤིང་དང་། ཤུག་པ་དང་། སྟག་པ་ལ་སོགས་པའི་ནགས་ཚལ་སྟུག་པོས་བཟུང་བའི་རྐང་ལམ་ཕྲ་མོ་བརྒྱུད་དེ་ཐང་ཆད་ཆད་ཀྱིས་འཛེགས་པས། ཕྱི་དྲོར་གངས་བསྟི་ཆགས་ཀྱི་མཚམས་སུ་བསླེབས། ཧ་ཅང་གི་མཐོ་ཆེ་བ་གནམ་འདེགས་ཀྱི་ཀ་བ་འདྲ་བའི་གངས་རི་དེའི་གཡོན་གྱི་རི་གདོང་སྤང་ལྗོངས་ཀྱིས་ཁེབས་པའི་ཤར་ངོས་ན། བྲག་གཡང་གཟར་ལ་མཐོ་བ། བྲག་ལྟེམ་གྱི་སྤང་ཁ་རྣམས་སུ་རྩི་ཤིང་ཐར་ཐོར་སྐྱེས་པ་ཞིག་འདུག་པ་ནི་རྗེ་བཙུན་གྱི་སྒྲུབ་གནས་རེད་འདུག །
ཡུལ་མིའི་བཤད་སྲོལ་དུ་བྲག་ཁྲེབ་ཀྱི་ངོས་དེར་སྒྲུབ་ཕུག་ཡོད་སྐད་འདུག་ཕྱིར། རྒྱུ་འགྲུལ་ཆེས་དཀའ་བའི་བྲག་ངོས་ནས་སྡིག་པ་མི་བཙུམ་གྱིས་འཛེགས་པ་ན། བྲག་ངོས་དེའི་དཀྱིལ་ཙམ་དུ་གཞའ་ཚན་ཁྱོན་ནས་མེད་པའི་སྐམ་ཕུག །མི་ཁ་ཤས་སྐོར་འདུག་རུང་བ། རི་དྭགས་ཀྱི་རིལ་མ་འགའ་རེ་ཡོད་པ་ཞིག་འདུག་པ་དེ་རྗེ་བཙུན་གྱི་སྒྲུབ་ཕུག་ཡིན་ལས་ཆེ་སྙམ་པ་ཙམ་བྱུང་། ཡིན་ནའང་། ཤྭ་བ་ནག་པོ་ཁྱི་མོ་དམར་མོས་བདས་ཡོང་བའི་སྐབས་ཀྱི་རྗེ་བཙུན་བཞུགས་གནས་དེ་ནི་མིན་པར་ངེས་ཏེ། ཤྭ་བ་དང་ཁྱི་མོ་ཐར་ཐུབ་པའི་ས་ཆ་ཞིག་རེད་མི་འདུག །
མགུར་འབུམ་དུ། ཕུག་པ་དེ་ན་ཁྱི་ར་བས་ཕུལ་བའི་མདའ་གཞུ་ཡང་དུས་ད་ལྟའི་བར་དུ་ཡོད་པར་གྲགས་སྐད། ཅེས་པའི་གཞུང་དེ་བྲག་གཡང་དེའི་གཡོན་ཟུར་བྲག་མགོ་སྤང་བཏུམ་གྱི་རྩེ་ལྐོག་བྱ་སྐྱིབས་ཤིག་ན་གདའ། འཁྲིས་ནས་མཇལ་བའི་འདུན་པ་ཆེས་ཆེར་བརྟས་པས་ནུས་པ་ཡོད་ཚད་བཏོན་ནས་འཛེགས་པས་གཞུའི་གཡས་ལོགས་ཀྱི་བྲག་ངོས་གཞུ་འདོམ་བརྒྱད་དགུ་ཙམ་ཡོད་པའི་སར་བསླེབས། ཤུག་པའི་ཤིང་ཕྲན་ཡིན་པ་གང་ཞིག་ལ། སྨད་ཀྱི་ནང་ངོས་ནས་ལེབ་གཞོག་ཅུང་བྱས་པ། རྒྱབ་ངོས་ནས་སེར་ཀ་ཁ་ཤས་གས་པ། ཤིང་གི་རྩ་བ་མར་དང་རྩེ་མོ་ཡར་ལ་བྱས་ཏེ་ཁེན་པས་གུག་པ་ཞིག་འདུག །
ང་རང་གི་གཞོན་པའི་གནས་སྐབས་ལྟར་ན། འགྲོ་ཐུབ་པ་སྲིད་སྙམ་པ་ལྟ་བུར་ཡོད་ནའང་། ལོ་ན་མཐོར་སོང་ཞིང་། ཐང་ཆད་པ་དང་། ལྟོ་ལྟོགས་པ། ལྷམ་ཞབས་གྱོང་པོ་ཅན་ཞིག་གྱོན་ཡོད་པའི་ཁར། འོག་ནས་མཁན་པོ་བསྟན་རྣམ་གྱིས། སྐད་ཤུགས་ཆེན་པོས། ཡར་མི་འཛེགས་པའི་རེ་བསྐུལ་དྲག་པོ་བྱེད་ཀྱི་འདུག་པས་མར་མ་ཡོང་རང་ཡོང་བྱུང་། མར་བསླེབས་པ་ན། ཁོང་གིས་ང་ནི་ཞེད་ཐག་ཆོད་དེ། ཐ་ན་མིག་གིས་ཀྱང་ཡག་པོ་མི་མཐོང་བ་ཆགས་སོང་ཟེར་གྱི་གདའ། རྒྱུ་མཚན་ནི། མཁན་པོས་ང་ལ་བརྩེ་འདེང་ཡོད་ཐོག །གལ་སྲིད་ང་གཡང་དུ་ཟག་ན་ཁོང་ལ་ཡང་དཀའ་ངལ་རྒྱ་ཆེན་འཕྲད་ངེས་པའི་འཇིགས་དངངས་ཀྱིས་ཡིན་འདུག །
གཞན་དུ་ན་ང་ནི་ལོ་གྲངས་དུ་སོང་གིས་གཟུགས་པོའི་རྩལ་ཇེ་ཞན་དུ་འགྲོ་བ་ལས་ཡར་དྲག་ཡོང་མི་སྲིད་པའི་ཕྱིར་ན། སྐབས་འདིར་ངས། ལས་ཅན་གྱི་སློབ་མ་ཁྱི་ར་བ་མགོན་པོ་རྡོ་རྗེས་རྗེ་བཙུན་མི་ལ་རས་པ་ལ། གྲོལ་ལམ་ཕྱག་རྒྱ་ཆེན་པོ་དང་། ཐབས་ལམ་ནཱ་རོ་ཆོས་དྲུག་གི་གདམས་པ་ཞུ་རྟེན་དུ་ཕུལ་བ། ཤེས་རབ་ཀྱི་མདའ་གཞུ་ཉེ་འཁྲིས་ནས་མཇལ་ཐུབ་པ་ཞིག་མ་བྱུང་ན། ཚེ་ལུས་འདིར་ནི་རིང་མཇལ་ཙམ་ལས་ཉེ་མཇལ་གྱི་སྐལ་བ་གཏན་ཆད་དུ་འགྱུར་བའི་ཕྱིར་ན། བོད་པའི་ཁ་དཔེ། གནའ་པ་ཡུ་ཤི་ས་རྡོ་རྗེའི་བྲག །ས་དེ་ན་ཤི་ན་བསམ་དོན་གྲུབ། ཅེས་པའི་དོན་བཞིན་ཡིན་པ་རེད།
གངས་རི་དེའི་གཡས་ཀྱི་རི་གདོང་ནི། རྫ་བྲག་འདྲེས་པར་ཁ་བ་མཐུག་པོ་གཏན་ཆགས་ཀྱི་རི་ངོས་ཆེས་གཟར་བ་ཞིག་རེད། རི་བོའི་དཀྱིལ་སྙིང་ནས་ཆུ་ཤུལ་ཆེན་པོ་ཞིག་དོད་འདུག་པ་ནི། གནའ་མི་རྒན་པོ་དག་གིས་དྲན་ཙམ་ན། གངས་མཚམས་སུ་ཡོད་པའི་མཚོ་ཆུང་བརྡོལ་ནས་བྱུང་བ་རེད་ཟེར་གྱི་གདའ།
ཁྱི་ར་བ་མགོན་པོ་རྡོ་རྗེའི་ཁང་ཤུལ་ཀྱང་། སྒྲུབ་གནས་འགུར་རྟའི་འདབས་རོལ། གཉི་ཤང་ལུང་པའི་གཞུང་ཆུའི་གཡས་ཟུར་གྱི་སྤང་ཐང་། ཤུག་རྒན་ཆེན་པོ་ཞིག་གི་མདུན་ངོས་ན་གདའ། གནའ་སྔ་མོ་གཞི་ཁྱོན་ཆེ་ཙམ་ཡོད་ནའང་བདག་སྐྱོང་མེད་པས་རིམ་པར་འཐོར་ཞིག་གིས་ས་ཞབས་སུ་སོང་བ་ཕྱིས་ཡུལ་མི་དག་གི་དད་ཞེན་གྱིས་ས་རྡོ་བསལ་ཞིང་མཆོད་རྟེན་བཞེངས་ཏེ་མཇལ་བསྐོར་བྱ་རུ་ཡོད་པ་ཞིག་བཟོས་ཤག །
མཁན་པོ་བསྟན་རྣམ་ངེད་གཉིས་དགོང་མོའི་གནམ་ངན་ནང་ནས་འགྲིལ་གྱིན་མར་བབས་ཡོང་བ་ན། མཚན་མོ་འཕྱི་བོར་བྲག་དཀར་གྲོང་ཚོའི་ལམ་ཟུར་དུ་ཡོད་པ། བསོད་ནམས་སྟོབས་རྒྱལ་ཚང་གི་ཟ་ཁང་དུ་བསླེབས་ཏེ་བསྡད་པ་ཡིན། ང་ལ་མཁན་པོའི་མིང་ཞིག་ཡོད་ཐོག མཁན་པོ་བསྟན་རྣམ་ནི་སྲས་པོ་བཀྲ་ཤིས་ཀྱི་གདུང་སྲས་ཡིན་པ་གང་ཞིག་ལ། ཁོ་ཚོ་གཉེན་ཚན་དུ་ཡང་འགྲོ་བར་ཤེས་པས། ཆ་རྐྱེན་བཟང་བའི་ཁང་མིག་དམིགས་བསལ་ཞིག་ཏུ་བཞག་སྟེ། བཟའ་བཏུང་གྱ་ནོམ་པ་རིན་མེད་དུ་གནང་བྱུང་།
མ་གཞི་གཉི་ཤང་ལུང་པར་ཡུལ་སྲོལ་མིག་དཔེ་བལྟ་རིན་འོས་པ་ཞིག་ཡོད་པ་ནི། ཕྱི་རྒྱལ་གྱི་སྐུ་མགྲོན་ཡུལ་སྐོར་སྤྲོ་འཆམ་དུ་ཡོང་བ་རྣམས་ལ། མགྲོན་ཁང་དང་བཟའ་བཏུང་སོགས་ཀྱི་རིན་པ་ཧ་ལས་པའི་ཆེན་པོ་ཡིན་ནའང་། ཡུལ་མི་དང་གནས་བསྐོར་དུ་ཡོང་བ་རྣམས་ལ་ནི་རིན་གོང་ཆུང་ཞིང་། ལྷག་ཏུ་བླ་མ་གྲྭ་པ་རྣམས་ལ་ནི་ཕལ་མོ་ཆེས་རིན་མེད་དུ་འབུལ་ཞིང་། གཅིག་བླངས་ནའང་ཧ་ལས་པའི་གོང་ཆུང་རེད།
གལ་ཏེ་མགྲོན་ཁང་བདག་པོ་ཞིག་གིས། བླ་མ་གྲྭ་པ་ལ་རིན་གོང་ཆེ་ཙམ་ཞིག་བླང་བའི་དབང་དུ་བཏང་ན། ཡུལ་སྡེས་ཁང་བདག་དེ་ནི་ཆོས་སེམས་མེད་པའི་མ་རབས་ཤིག་ཡིན་པའི་གླེང་རྙོག་གིས་ལས་སླ་བོར་འདུག་བཅུག་གི་མེད། གཉི་ཤང་པ་རྣམས་ས་གནས་ག་བར་ཡོད་ནའང་ཕྱུག་པོའི་གྲས་ལ་བསླེབ་འགྲོ་བའང་རྣམ་དཀར་གྱི་དགེ་བའི་རླབས་འདི་དག་གིས་ཡིན་པར་ངེས་སྙམ་མོ། །
དེས་ན་གངས་ཅན་གྲུབ་པའི་གཙུག་རྒྱན་རྗེ་བཙུན་མི་ལ་རས་པས་ཤྭ་གྲོལ་ཁྱི་གྲོལ་གྱི་མཛད་པ་ཡ་མཚན་ཅན་བསྟན་པའི་སྒྲུབ་གནས། གཉི་ཤང་འགུར་རྟ། ཞེས་བྱ་བའི་ངོ་མཚར་གྱི་བཀོད་པ་བལྟ་བས་ཆོག་མི་ཤེས་པ་ཡོད་པ་རྣམས་ལ། སྙིང་ནས་ཕྱག་བསྐོར་མཆོད་མཇལ་བྱ་བར་འདོད་པའི་དད་མོས་ཅན་ཞིག་ཡིན་ན། རྒྱུ་འགྲུལ་ལ་ནི་དཀའ་ངལ་ཅང་མི་འདུག །ཅེས་ཞུ་འདོད་བྱུང་ངོ་། །
“ཡིན་ནའང་། ཤྭ་བ་ནག་པོ་ཁྱི་མོ་དམར་མོས་བདས་ཡོང་བའི་སྐབས་ཀྱི་རྗེ་བཙུན་བཞུགས་གནས་དེ་ནི་མིན་པར་ངེས་ཏེ། ཤྭ་བ་དང་ཁྱི་མོ་ཐར་ཐུབ་པའི་ས་ཆ་ཞིག་རེད་མི་འདུག” ཅེས་གསུངས་གདའ་བས། མཁན་རིན་པོ་ཆེ་ཁྱེད་ཐར་ན་ཤ་བ་དང་ཁྱི་མོ་མི་ཐར་བ་དེ་འདྲ་ཨེ་ཡིན་ན། མི་ལས་ཀྱང་ཤ་བ་དང་ཤ་ཁྱི་རྩལ་ཆེ་བ་འཇིག་རྟེན་ན་ཡོངས་གྲགས་རེད།
རི་དེར་བྲག་ཕུག་ཞིག་ཡོད་རེད་ལ། བྲག་ཕུག་དེའི་ནང་ལ་རི་མོར་དཀྱིལ་དུ་རྗེ་བཙུན་མི་རས་པ་དང་། མི་ལའི་གཡས་གཡོན་དུ་ཁྱི་དང་རི་དྭགས་ཡོད་པ་དང་། མི་ལའི་སྐུ་མདུན་དུ་ཁྱི་ར་པ་མགོན་པོ་རྡོ་རྗེས་འགྱོད་བཤགས་ཕུལ་བཞིན་རི་མོ་ཡོད་པ་ཞིག་ཡོད་རེད།
ངས་དེ་དག་མཇལ་དུས་ང་ལོ་ངོ་བརྒྱད་ནས་བཅུ་གཉིས་བར་དུ་མཐོང་བའི་དྲན་ཡུལ་དུ་དུས་ད་ལྟ་ཡང་ཡོད། དེར་གཉི་ཤང་པ་རྣམས་གནས་སྐོར་དང་སྨྱུང་གནས་འཚོགས་པའི་དུས་དང་འཁེལ་ན་དེ་དག་ཡོངས་གྲགས་སུ་ཀུན་ལ་མཇལ་ཁ་གཏོང་སྲོལ་ཡོད་རེད།
འབྲོང་བུ་ལགས། ཤ་ཁྱི་སོགས་རི་དྭགས་རྣམས་རྒྱུགས་ན་མི་ལས་མགྱོགས་པོ་ཡིན་ཀྱང་རི་ངོས་སུ་འཛེགས་ན་མི་ལས་རྩལ་ཆེ་བ་ཨེ་ཡིན་ནམ། མི་རྣམས་སྡོང་བོའི་མགོར་འཛེགས་ཐུབ་ཀྱང་ཤ་ཁྱི་མི་ཐུབ་པས་སོ། མི་རྣམས་བྲག་ངོས་གཟར་མོར་འཛེགས་ཐུབ་ཀྱང་ཤ་ཁྱི་མི་ཐུབ་པས་སོ། རྒྱུ་མཚན་ནི་ཤ་ཁྱི་སོགས་ཀྱིས་རྐང་ལག་བཞི་ཀ་ས་ལ་བརྟེན་དགོས་པས་རེད། སྤྲེའུ་ཡིན་ན་མི་ལས་རྩལ་ཆེ་བ་བདེན་པ་རེད། རྐང་པ་གཉིས་ཀས་ལངས་ནས་འགྲོ་ཐུབ་པས་རེད། །
བྲག་རྩ་ལ་བསླེབས་ནས་བྲག་ཕུག་མཇལ་མི་འདུག ཡ་ཡ། ལྷ་སའི་གནས་མོ་ཇོ་བོར་མི་མཇལ་ཟེར་གི
གསར་འགོད་པ་སྐལ་ལྡན་བློ་གྲོས་ཀྱིས་གནས་མཆོག་རྡོ་རྗེ་གདན་ནས་བརྒྱུད་སྨད་མཁན་པོ་བྱ་དོ་རིན་པོ་ཆེར་དུས་འཁོར་དབང་ཆེན་གྱི་སྐོར་དྲི་བ་བཀོད་པའི་ལན་ཞིག་གི་ནང་དུ། གནས་མཆོག་ལྔ་གསུང་གི་འདུག དབུས་སུ་རྡོ་རྗེ་གདན། ཤར་རྒྱ་ནག་རི་བོ་རྩེ་ལྔ། བྱང་ཕྱོགས་ཤམ་བྷ་ལ། ནུབ་ཕྱོགས་ཨོ་རྒྱན་མཁའ་འགྲོ་གླིང་། ལྷོ་ཕྱོགས་གྲུ་འཛིན་ཡུལ་རྣམས་གསུངས་ཀྱིའདུག །རྡོ་རྗེ་གདན་དང་རི་བོ་རྩེ་ལྔ་གཉིས་ནི་ཡོངས་གྲགས་སུ་གནས་སྐོར་རུ་འགྲོ་ཡི་ཡོད་པ་རེད། གནས་མཆོག་གཞན་པ་དག་ས་གནས་ངོས་འཛིན་ཡོད་པ་རེད་དམ། དྲ་གྲོགས་ཚོས་མཁྱེན་མཁན་ཡོད་ན་གསུང་རོགས་ཞུ། །
ཤམྦྷ་ལ་་་་་གླིང་སྣེ་བྱང་མ།
ཨོ་རྒྱན་་་་་པ་ཀི་སི་ཐན།
གྲུ་འཛིན། ཤར་ན་ནན་ཧེ་པོ་ཏ་ལ། ལྷོ་ན་རྒྱ་གར་ལྷོ་ཕྱོགས་ནས་ཤྲྰི་ལིངྐར་གྲུ་བཏང་ནས་འགྲོ་སའི་འབབ་ཚུགས་དང་ཐག་ཧ་ཅང་ཉེ། གཏམ་རྒྱུད་གསེར་ཐང་ན་ཡོད།
ཀླུ་སྨྱོན་ལགས། ཐུགས་རྗེ་ཆེ། འོན་ཀྱང་ད་ལྟ་གནས་དེ་དག་ལ་གནས་སྐོར་དུ་འགྲོ་བའི་སྲོལ་ཡོད་དམ་མེད། ། ཤམ་བྷ་ལ་ནི་ས་སྤྱོད་ཀྱི་ཞིང་ཁམས་ཕལ་བས་སྤྱོད་ཡུལ་མིན་པ་ཞིག་མ་ཡིན་ནམ། །
གླིང་སྣེ་བྱང་མ་ནས་ཙག་གིས་ཕྱིད་ལ།
པ་ཀི་སི་ཐན་ནས་མགོ་བོ་གཅོད་ལ།
རྒྱ་གར་ལྷོ་ཕྱོགས་ནས་ཚ་བས་གསོད་ལ།
རྒྱ་ནག་ཤར་ཕྱོགས་ནས་ཇག་པས་བཅོམ་མ།
རྩེ་ལྔ་ནས་ཇག་པས་བཅོམས་ཀྱི་ཡོད་མེད་ཤེས་མ་སོང་། རྡོར་གདན་ནས་ཉིན་ཁ་ཤས་རིང་འདིར་ཇག་པས་འཕྲོག་རབས་བཤད་ཀྱི་འདུག ལག་ཐོག་ཁ་པར་གསུང་ཆོས་ར་བར་འཁྱེར་ཆོག་གི་མེད་ཚོད་འདུག མི་དེ་ཙམ་མང་བོ་ཞིག་གིས་ལག་ཐོགས་ཁ་པར་འཇོག་ས་རྙེད་དཀའ་བར་སྙམ། རྐུ་མས་རྐུ་ཆོག་ཆོག་རེད་ད།།
རྗེ་བཙུན་མི་ལས། ཁྱི་ར་བ་མགོན་པོ་རྡོ་རྗེ་ལ་བོད་སྐད་རྒྱབ་འདུག ཁྱི་ར་བ་མགོན་པོ་རྡོ་རྗེ་ནི་གཉི་ཤད་པ་རེད། སྐད་དེ་ག་འདྲ་སེ་གོ་བརྡ་འཕྲོད་པ་ཡིན་ནམ། རྗེ་བཙུན་མི་ལའི་ཕ་ཡུལ་ནི་རྫོང་ཁ་རེད། རྫོང་ཁ་དང་ཙུམ་ཐག་ཉེ་པོ་ཡོད། ཙུམ་དང་། དོལ་པོ། ནུབ་རི། གློ་བོ་སོགས་ནི་བོད་སྐད་རང་རེད།
རྩེ་ལྔ་ཞུས་མེད། ཤར་ཕྱོགས་ཧྲང་ཧེ་ནས་མཚོའི་ནང་གྲུ་གཟིངས་ལ་བསྡད་དེ་ཕྱིན་ན་རྒྱ་སྐད་དུ་ནན་ཧེའི་པོ་ཏ་ལ་ཞེས་པ་ལྷོ་མཚོའི་རི་བོ་གྲུ་འཛིན་མཇལ་རྒྱུ་ཡོད།
དབུས་རྡོ་རྗེ་གདན།
བྱང་ཤམྦྷ་ལ་་་་་གླིང་སྣེ་བྱང་མ།
ནུབ་ཨོ་རྒྱན་་་་་པ་ཀི་སི་ཐན།
ལྷོ་གྲུ་འཛིན། བོད།
ཤར་རི་བོ་རྩེ་ལྔ། རྒྱ་ནག
བྱང་ཤམྦྷ་ལ་་་་་གླིང་སྣེ་བྱང་མ། ཟེར་ན་དིང་སང་གང་ཆ་འཇོག་བྱས་སམ། ལགས།
ཤྭ་བའི་ཚེ་སྲོག་སྐྱོབ་ཐུབ་པ་ཙམ་ལས། རི་དྭགས་དང་ཁྱི་ཡི་ལུས་ལ་གྲོལ་བ་ཐོབ་པ་སྲིད་དམ། མི་སྲིད། ཕལ་ཆེར་མི་སྲིད་དོ།།
In Tibetan Buddhist and Hindu traditions, Shambhala (Sanskrit: शम्भलः Śambhalaḥ, also spelled Shambala or Shamballa or “Shambhallah”; Tibetan: བདེ་འབྱུང, Wylie: bde ‘byung; Chinese: 香巴拉; pinyin: xiāngbālā) is a mythical kingdom.
mythical kingdom. ཞིག་ཡིན་མིན་ང་ལ་ནི། ཐེ་ཚོམས་ཟ་བགྱིད་འདུག
དད་པས་མཇལ་དགོས་རེད་མ་གཏོགས་་དོགས་པས་མཇལ་རྒྱུ་ཅང་ཨ་ཡོད
ཤམ་བྷ་ལ་དེ་མི་ཡུལ་ཡིན་དགོས་ཏེ། །
ལྷ་ཡུལ་ལས་ལྷག་ལོངས་སྤྱོད་ཡོད་ཅེས་གསུངས། །
གྲུ་འཛིན་ཨོ་རྒྱན་རྩེ་ལྔ་རྡོར་གདན་རྣམས། །
མི་ཡུལ་ཡིན་ན་དེ་ཡང་དེ་བཞིན་དགོས། །